འབྲི་ཕྲུག་རོག་ཆུང་།
གདམས་ངག་འདིའི་འབྱུང་ཁུངས་ཀྱི་སྐོར།
བདག་ཅག་གི་སྟོན་པ་རྣམ་འདྲེན་བཞི་པ་ཤཱཀྱ་སེངྒེ་དེ་ཉིད་ཀྱིས། ཐོག་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། ཐ་མར་རྡོ་རྗེ་གདན་དུ་མངོན་པར་རྫོགས་པ་སངས་རྒྱས་ཏེ། གཙོ་ཆེར་ཚེ་ལོ་བརྒྱ་པའི་གདུལ་བྱ་རྣམས་སྐྱོང་བའི་ཆེད་དུ། སྡེ་སྣོད་གསུམ་གྱིས་བསྡུས་པའི་ཟབ་གསང་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་བཀའ་བསྩལ་པའི་ཁྲོད་ནས། རབ་དང་ཕུལ་དུ་གྱུར་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་རིན་པོ་ཆེ་རྣམས་ཡིན་ཅིང༌། དེ་རྣམས་ཀྱི་བརྗོད་བྱ་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཙོ་ཆེར་སྤེལ་བ་པོ། ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་ཟབ་མོ་ལྟ་བའི་བརྒྱུད་པ་དང༌། སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཆེ་ཆེར་སྐྱོང་བ་པོ། ཐོགས་མེད་སྐུ་མཆེད་སོགས་རྒྱ་ཆེན་སྤྱོད་པའི་བཀའ་སྲོལ་གཉིས་ཀྱི་གདམས་ངག་ཐམས་ཅད་ཇོ་བོ་རྗེ་དཱི་པཾ་ཀ་ར་ཤྲཱི་ཉྫཱ་ན་(སྤྱི་ལོ་ ༩༨༢–༡༠༥༤)ལ་བབ་སྟེ། ནམ་མཁའ་ལྟར་དུ་རྒྱ་ཆེ་ཞིང༌། རྒྱ་མཚོ་ལྟར་དུ་གཏིང་ཟབ་པའི་གཞུང་དོན་མན་ངག་མཐའ་དག་གང་ཟག་གཅིག་འཚང་རྒྱ་བའི་ཉམས་ལེན་གྱི་རིམ་པར་བསྒྲིལ་ནས། སྐྱེས་བུ་གསུམ་གྱི་ལམ་གྱི་རྣམ་གཞག་མ་ཚང་བ་མེད་པ་བསྡུས་ཏེ། གདུལ་བྱ་སྐལ་བ་དང་ལྡན་པ་མཆོག་དམན་ཐམས་ཅད་རྟེན་འབྱུང་གི་དེ་ཁོ་ན་ཉིད་ལ་གོམས་པར་མཛད་པའི་མཐུ་ལས་བྱུང་བ་བདེན་གཉིས་ཅིག་ཆར་དུ་གཟིགས་ཤིང༌། མཉམ་རྗེས་རོ་གཅིག་ཏུ་འདྲེས་པའི་ཆོས་སྐུ་དེ་བཞིན་ཉིད་ཀྱི་སྐུ་དང༌། འཕྲིན་ལས་ཀྱི་སྣང་བ་ལྷུན་གྲུབ་ཏུ་འཆར་བ་གཞན་དོན་གཟུགས་སྐུ་གཉིས་ཀྱི་ས་ལ་བདེ་བླག་ཏུ་བགྲོད་པའི་མན་ངག་ཀུན་གྱི་གསང་གནད་འཁྲོལ་བའི་ལྡེ་མིག་ལྟ་བུ། (སྤྱི་ལོ་ ༡༠༤༢)ཙམ་ལ་བརྩམས་པར་མཛད་པ། བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་པའི་བསྟན་བཅོས་དེ་ནི། རྒྱ་བོད་ཀུན་ཏུ་འཕྲིན་ལས་ཤིན་ཏུ་ཆེ་བ་བཀའ་གདམས་གོང་མ་རྣམས་ཀྱི་བློ་སྦྱོང་སོགས་གཞུང་བཤད་སྒོམ་སྒྲུབ་མྱོང་ཐོག་གི་མན་ངག་རྣམས་དང༌། ཏིལླི་(སྤྱི་ལོ་ ༩༢༨–༡༠༠༩)ནཱ་རོ་(སྤྱི་ལོ་ ༩༥༦–༡༠༤༠)སོགས་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པའི་སྙིང་བཅུད་ཐམས་ཅད་ལ་གཞིར་བཅོལ་ཏེ། དམ་ཆོས་ཡིད་བཞིན་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ཅེས་བྱ་བ་འདིར་ནི། གཙོ་ཆེར་ཐེག་པ་ཆེན་པོའི་གཞི་ལམ་འབྲས་གསུམ་སྟོན་པའི་གཞུང་ལུགས་རབ་འབྱམས་མཆིས་སོ་ཅོག་གི་གནད་རྣམས་མ་འདུས་པ་མེད་པའི་གླེགས་བམ་ཞིག་ཡིན།
གདམས་ངག་འདིའི་བརྗོད་བྱའི་སྐོར།
ཆུ་བརྒྱ་ཟམ་པ་གཅིག་འདུས་པའི་བསྟན་བཅོས་ཆེན་པོ་འདི་ལ། སྤྱི་སྡོམ་རྣམ་པ་དྲུག་ཡོད་པ་ལ་བརྟེན་ནས་རྩ་བའི་ལེའུ་དྲུག་དང༌། སྤྱི་སྡོམ་ལེའུ་བཞི་པ་དབྱེ་གཞིར་གྱིས་ཏེ། ནང་གསེས་དབྱེ་བའི་ཡ་གྱལ་ཐམས་ཅད་ཐར་ཆགས་སུ་བགྲང་ན། ལེའུ་ཉི་ཤུ་རྩ་གཅིག་གི་བདག་ཉིད་ཅན་དུ་བཞུགས་པ་ལས།
༡༽ སྤྱི་སྡོམ་ལེའུ་དང་པོ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་རྒྱུ་བདེ་བར་གཤེགས་པའི་སྙིང་པོ་ཇི་ལྟར་དུ་ཁྱབ་པའི་ཚུལ་བསྟན་པ་དང༌།
༢༽ སྤྱི་སྡོམ་ལེའུ་གཉིས་པ། སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་རྟེན་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་རྙེད་དཀའ་ལ་དོན་ཆེ་བའི་ཚུལ་བསྟན་པ་དང༌།
༣༽ སྤྱི་སྡོམ་ལེའུ་གསུམ་པ། སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ལ་བསྐུལ་བའི་རྐྱེན་དགེ་བའི་བཤེས་གཉེན་ཇི་ལྟ་བུར་བསྟེན་པའི་ཚུལ་དང༌།
༤༽ སྤྱི་སྡོམ་ལེའུ་བཞི་པ། ཐབས་དེའི་གདམས་ངག་སྟོན་པའི་ནང་གསེས་ཀྱི་ལེའུ་ལ་བཅུ་བཞི་དང༌། སེམས་བསྐྱེད་ལས་འཕྲོས་པའི་ཕན་ཡོན་ལ་ལེའུ་གཉིས་ཡོད་དོ།།
1) འདུས་བྱས་མི་རྟག་པ་བསྟན་པས་ནི། ཚེ་འདིའི་སྤྱོད་ཡུལ་ལ་ཆཊ་པའི་གཉེན་པོར་གྱུར་པ་ཡིན་ནོ།།
2) འཁོར་བའི་ཉེས་དམིཊ་བསྟན་པས་ནི། སྲིད་པ་ཁམས་གསུམ་འཁོར་བའི་བདེ་བ་ལ་ཆགས་པའི་གཉེན་པོར་གྱུར་པ་ཡིན་ནོ།།
3) ལས་འབྲས་བསྟན་པས་ནི། སྲིད་པ་འདིར་འཁོར་བྱེད་ཀྱི་རྒྱུ་ཟག་བཅས་ཀྱི་ལས་ལས་བྱུང་བར་བསྟན་པ་ཡིན་ནོ།།
4) བྱམས་པ་དང༌། སྙིང་རྗེ་སྒོམ་པས་ནི། ཞི་བའི་བདེ་བ་ལ་ཆགས་པའི་གཉེན་པོར་གྱུར་པ་ཡིན་ནོ།།
5) སྐྱབས་སུ་འགྲོ་ཞིང་སྡོམ་པ་གཟུང་བས་ནི། གནས་སྐབས་ཞི་བདེ་དོན་གཉེར་གྱི་བློ་དེ་སྤངས་ནས། ཐར་པ་རིགས་ཅན་གསུམ་གྱི་འཇུག་སྒོ་ལ་སློབ་པར་བསྟན་པ་ཡིན་ནོ།།
6) བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བས་ནི། མཐར་ཐུག་མི་གནས་པའི་མྱ་ངན་ལས་འདས་པའི་ལམ་ལ་སློབ་པར་འདོད་པ་རྣམས་ལ། སྨོན་འཇུག་གི་སྡོམ་པ་ལེན་ཚུལ་སོགས་བསྟན་པ་ཡིན་ནོ།།
7) སྨོན་སེམས་ཀྱི་བསླབ་བྱས་ནི། བྱང་ཆུབ་ཀྱི་སེམས་དེ་མི་ཉམས་པའི་ཐབས་ལ་སོགས་པ་བསྟན་པ་ཡིན་ནོ།།
8) འཇུག་སེམས་ཀྱི་བསླབ་བྱ་ཕྱིན་དྲུག་སྤྱིར་བསྟན་པས་ནི། ལྷག་པའི་བསླབ་པ་གསུམ་མམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པའི་རྣམ་གཞག་རྣམས་བསྟན་པ་ཡིན་ནོ།།
9) སྦྱིན་པའི་ཕར་ཕྱིན་བསྟན་པས་ནི། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དེས། གཙོ་ཆེར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉམས་སུ་ལེན་པའི་ཚུལ་རྣམས་བསྟན་པ་ཡིན་ནོ།།
10) ཚུལ་ཁྲིམས་ཀྱི་ཕར་ཕྱིན་བསྟན་པས་ནི། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དེས། གཙོ་ཆེར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉམས་སུ་ལེན་པའི་ཚུལ་རྣམས་བསྟན་པ་ཡིན་ནོ།།
11) བཟོད་པའི་ཕར་ཕྱིན་བསྟན་པས་ནི། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དེས། གཙོ་ཆེར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉམས་སུ་ལེན་པའི་ཚུལ་རྣམས་བསྟན་པ་ཡིན་ནོ།།
12) བརྩོན་འགྲུས་ཀྱི་ཕར་ཕྱིན་བསྟན་པས་ནི། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དེས། གཙོ་ཆེར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉམས་སུ་ལེན་པའི་ཚུལ་རྣམས་བསྟན་པ་ཡིན་ནོ།།
13) བསམ་གཏན་གྱི་ཕར་ཕྱིན་བསྟན་པས་ནི། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དེས། གཙོ་ཆེར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉམས་སུ་ལེན་པའི་ཚུལ་རྣམས་བསྟན་པ་ཡིན་ནོ།།
14) ཤེས་རབ་ཀྱི་ཕར་ཕྱིན་བསྟན་པས་ནི། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དེས། གཙོ་ཆེར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉམས་སུ་ལེན་པའི་ཚུལ་རྣམས་བསྟན་པ་ཡིན་ནོ།།
1. ལམ་གྱི་རྣམ་གཞག་བསྟན་པས་ནི། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དེ་ལ། ལམ་ལྔའི་ཉམས་ལེན་གྱི་སྤངས་རྟོགས་སྐྱེ་ཚུལ་དང་འབྲེལ་བའི་རྣམ་གཞག་རྣམས་བསྟན་པ་ཡིན་ནོ།།
2. སའི་རྣམ་གཞག་བསྟན་པས་ནི། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དེ་ལ། ས་བཅུའི་ཉམས་ལེན་དང་འབྲེལ་བའི་སྤངས་རྟོགས་ཀྱི་རྣམ་གཞག་རྣམས་བསྟན་པ་ཡིན་ནོ།།
༥༽ སྤྱི་སྡོམ་ལེའུ་ལྔ་པ། འབྲས་བུ་སངས་རྒྱས་ཀྱི་སྐུ་བསྟན་པས་ནི། གདམས་ངག་དེ་དག་ཚུལ་བཞིན་ཉམས་སུ་བླངས་པའི་འབྲས་བུ་སངས་རྒྱས་ཀྱི་སའི་སྐུ་གསུམ་གྱི་རྣམ་གཞག་རྣམས་བསྟན་པ་ཡིན་ནོ།།
༦༽ སྤྱི་སྡོམ་ལེའུ་དྲུག་པ། སངས་རྒྱས་ཀྱི་འཕྲིན་ལས་བསྟན་པས་ནི། རྣམ་རྟོག་དང་འབད་རྩོལ་མེད་པར་ལྷུན་གྲུབ་རྒྱུན་མི་ཆད་པའི་འཕྲིན་ལས་ཀྱི་སྒོ་ནས། ནམ་མཁའ་མ་ཟད་ཀྱི་བར་དུ་འགྲོ་བའི་དོན་མཛད་ཚུལ་རྣམས་བསྟན་པ་ཡིན་ནོ།།
གདམས་ངག་འདིའི་འགྲེལ་བྱེད་ཀྱི་སྐོར།
བསྟན་བཅོས་འདིའི་བཤད་བྱ་རྩ་བའི་གཞུང་ནི། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན་གྱི་མཚན་ཉིད་ཐེག་པའི་དོན་གཏན་ལ་འབེབས་བྱེད་ཀྱི་ཤོ་ལོ་ཀ་ལྔ་བཅུ་ང་བརྒྱད་ཀྱི་དོན་འགྲེལ་རྒྱས་ཤོས་དེ་ཉིད་ཡིན་ཅིང༌། རྗེ་ཙོང་ཁ་བའི་ལམ་རིམ་ཆེན་མོ་དང༌། ཀུན་བཟང་བླ་མའི་ཞལ་ལུང་སོགས་དུས་ཕྱིས་སུ་བྱུང་བའི་ལམ་རིམ་དང༌། བློ་སྦྱོང་ཕལ་མོ་ཆེ་ནི། ཐར་པ་རིན་པོ་ཆེའི་རྒྱན་འདི་ལ་བརྟེན་ནས་མཛད་པ་ཤ་སྟག་ཡིན་པ་ནི་མངོན་གསལ་དུ་གྲུབ་ལ།
རི་བོ་དགེ་ལྡན་པའི་ཕྱོགས་སུ་ནི། བྱང་ཆུབ་ལམ་རིམ་ཆེན་མོ་དང་འགྲེལ་བའི་མཆན་འགྲེལ་དང༌། ཡང་འགྲེལ། ཟིན་བྲིས། བསྡུས་དོན། ས་བཅད་སོགས་རྗེ་བླ་མའི་མན་ངག་ལམ་རིམ་བློ་སྦྱོང་གི་ཆོས་སྐོར་རྐྱང་པ་ད་ལྟ་བརྒྱ་ཕྲག་གཉིས་ལས་རྒལ་བ་ཡོད་ཚུལ་ལམ་རིམ་ཆེན་མོ་མཆན་བཞི་སྦྲགས་ཀྱི་པར་བསྐྲུན་གསལ་བཤད་ནང་བྲིས་ཡོད་ནའང༌།
རང་རེ་དྭགས་པོ་བཀའ་བརྒྱུད་པའི་ཕྱོགས་ལ། ཐེག་པ་ཆེན་པོའི་ལམ་རིམ་འདི་ལ་དཔྱད་བརྗོད་དོགས་སློང་མཛད་པ་ཐོག་མ་ནི།
1} ཀུན་མཁྱེན་པདྨ་དཀར་པོས་གཞུང་འདིའི་ལོ་རྒྱུས་ཤིག་ཡོད་ཚུལ་གསལ་བ་དང༌།
2} སྤྱི་ལོ་ ༡༩༩༩ ལོར། ཝཱར་ཎ་མཐོ་སློབ་ཀྱི་བཀའ་བརྒྱུད་རང་གཞུང་སློབ་དཔོན་མཁན་པོ་བསོད་ནམས་རྒྱ་མཚོ་ཡིས་གཞུང་འདིར། སྔོན་བརྗོད་དང༌། དཀར་ཆག བསྟན་བཅོས་ཀྱི་བསྡུས་དོན་བཅས་བརྩམས་པར་མཛད་པ་དང༌།
3} སྤྱི་ལོ་ ༢༠༠༩ ལོར། རྫི་སྒར་མཁན་པོ་འཕྲིན་ལས་རྡོ་རྗེ་ནས། ཐར་རྒྱན་གཞུང་གི་ཡིག་སྐྱོན་སོགས་ཀྱི་དོགས་སེལ་ཚིག་དོན་གསལ་བའི་མེ་ལོང་དང༌། དམ་ཆོས་ཡིད་བཞིན་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལེའུ་དང་པོའི་དོགས་གཅོད་ལུང་རིགས་བང་མཛོད།
4} འབྲི་གུང་ར་སེ་དཀོན་མཆོག་རྒྱ་མཚོས། དྭགས་པོའི་ལམ་རིམ་ཐར་རྒྱན་གྱི་དཔར་གཞི་ཁག་གཉིས་དཔྱད་བསྡུར་བྱས་པ། ཞེས་པ་ཙམ་ལས་ཁོ་བོས་ནི་མཐོང་ཐོས་སུ་མ་གྱུར་ཏོ།།
གདམས་ངག་འདིའི་དཔར་གཞི་མི་འདྲ་བའི་སྐོར།
1. དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ཞེས་བྱ་བ་འདི་ནི། མི་ལོ་དགུ་བརྒྱ་ལྷག་ནས་ལག་བྲིས་དང་ཤིང་དཔར་སོགས་བྲིས་རྒྱུན་སྣ་ཚོགས་པ་ཞིག་བྱུང་ཡོད་པར་བརྟེན། སྔོན་གྱི་དུས་ནས་མ་ཕྱི་ཁུངས་ཐུབ་ཏུ་འཚོལ་སྒྲུབ་མཛད་པ་ནི། ཀརྨ་ཞྭ་དམར་བཞི་པ་ཆོས་ཀྱི་གྲགས་པ་(སྤྱི་ལོ་ ༡༤༥༣–༡༥༢༤)ནས། གཉལ་དུ་བྱ་རིགས་ཁྲི་དཔོན་པདྨ་བལྟམས་མཆོག་རྒྱལ་པོས་གཞུང་འདིའི་དཔར་རྩ་རྐོ་བའི་མཇུག་བྱང་དུ། དེ་འདྲའི་མགོན་པོ་གང་གིས་ལེགས་སྦྱར་བ།།སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་འདི།།རྗོད་བྱེད་སྡེབས་ལེགས་བརྗོད་བྱ་རྒྱ་ཆེ་ཞིང༌། །ཚིག་དོན་འདྲིལ་ཞིང་མཆོག་ཏུ་གོ་སླ་བས། །སྔོན་བྱོན་ད་ལྟར་བྱུང་བའི་ལམ་རིམ་གྱི། །བསྟན་བཅོས་ཀུན་གྱི་རབ་དང་ཕུལ་དུ་གྱུར། །འོན་ཀྱང་ཆེས་ཆེར་དར་རྒྱས་མ་གྱུར་ཅིང༌།།བྱིས་པ་དག་གིས་བསྲེ་བསླད་ཅི་ཡང་བྱས།།གནས་སྐབས་དེ་ཚེ་སྒྲུབ་བརྒྱུད་ལ་གུས་ཤིང༌།།ལུགས་གཉིས་གཙུག་ལག་རྗེས་འཇུག་བློ་གྲོས་ཅན།།ས་སྐྱོང་པདྨ་བལྟམས་མཆོག་རྒྱལ་པོ་ཞེས།།འཛིན་པའི་གཞི་ལ་གྲགས་པ་རྒྱས་གྱུར་པས། །གདན་ས་ཆེན་པོ་དཔལ་ལྡན་ཕག་མོ་གྲུར། །ཡིད་རྟོན་རུང་བའི་ཕྱི་མོ་རྙེད་གྱུར་ཚེ།།གཞུང་འདིས་གུས་ལྡན་རེ་བ་བསྐང་བའི་ཕྱིར།།ངོ་མཚར་དཔར་གྱི་དགའ་སྟོན་བྱའོ་ཞེས།།ཞེས་པ་དང༌། ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་མཐའ་དག་གི་རྩེ་མོར་གྱུར་པ་འདིའི། གླེགས་བམ་གྲངས་མེད་པར་སྤེལ་བའི་ཆེད་དུ། པར་གྱི་མིག་འཕྲུལ་འདི་ནི། དམར་སེར་ཅན་ཞེས་བྱ་བ། མེ་མོ་སྦྲུལ་(༡༤༩༧)གྱི་ལོ། དབྱུག་པ་ཅན་གྱི་ཟླ་བ་ཡོངས་སུ་གང་བའི་ཚེས། རྒྱལ་བ་ལྷ་ལས་བབས་པའི་ཆོ་འཕྲུལ་བསྟན་པའི་དུས་དགེ་བ་ལ། ཡངས་པ་ཅན་གྱི་གྲོང་གི་གཙོ་བོ། དཔལ་ཆོས་རྒྱལ་ལྷུན་པོ་ལུགས་གཉིས་ཀྱི་མདུན་ས་ཆེན་པོའི་ལྷོ་ཕྱོགས། རིན་ཆེན་གཏེར་གྱི་སྒོ་ཞེས་བྱ་བ་ལེགས་པར་བསྒྲུབས་ཏེ། ཀརྨ་པའི་འཕྲིན་ལས་ཀྱི་སྡེ་ཆེན་པོ། བཀྲ་ཤིས་ཆོས་འཁོར་ལྷུན་པོའི་གླིང་ཞེས་བྱ་བའི་གཙུག་ལག་ཁང་ཆེན་པོར་བཞུགས་སུ་གསོལ་བ། ཞེས་པ་དང༌།
དྭགས་པོ་སྤྱན་སྔ་བཀྲ་ཤིས་རྣམ་རྒྱལ་(སྤྱི་ལོ་ ༡༥༡༣–༡༥༨༧)བཞུགས་པ་ཡིན་ཅིང༌། ཁོང་ནས་ཞྭ་དམར་བཞི་བའི་སྐབས་སུ་བྱུང་བའི་བདེ་ཆེན་ཡངས་པ་ཅན་གྱི་དཔར་མ་དེ་ཉིད། སྔོན་དུས་ཁུ་བོ་སྤྱན་སྔ་བསོད་ནམས་ལྷུན་གྲུབ་(སྤྱི་ལོ་ ༡༤༨༨–༡༥༥༢)ཀྱི་རིང་ལ་དཔར་དུ་བཞེངས་པ་དྭགས་པོ་ལྷ་རྗེའི་གསུང་འབུམ་ཁྲོད་དུ་བཞུགས་པའི་ལམ་རིམ་དེ་ཉིད་ལ་མཆན་བུ་དཀྱུས་ཤོར་སོགས་མ་དག་པའི་ཆ་ཡོད་པར་མཁྱེན་ནས། ཤིང་དཔར་གསར་བསྐྲུན་གནང་བའི་མཇུག་བྱང་དུ། མཉམ་མེད་དྭགས་པོའི་བསྟན་བཅོས་ཐར་རྒྱན་དུ་གྲགས་པ་འདིའི་ཡིག་ཆ་ལ་མཛད་པ་པོའི་ཆེ་བ་དང་ཚིག་དོན་ཡང་ཤིན་ཏུ་ཟབ་པར་འདུག་པ་ལ་བརྟེན་ནས། ཡིག་སྣ་ཤིན་ཏུ་མང་བར་བཙན་ཐབས་སུ་འཕེལ་རྒྱས་བྱུང་འདུག་པ་ལས། དེ་ཀའི་དུས་སྔ་རབས་ཤིག་ནས་མི་མཁས་པ་དག་གིས་རང་འདོད་དང་བསྟུན་པའི་ཚིག་ཟུར་འགའ་རེ་བཅོས་སླད་བྱས་འདུག་པ་དང༌། ཡང་འགའ་ཞིག་ལ་མཆན་བུ་ཅི་རིགས་སྦྱར་འདུག་པ་རྣམས། ཕྱིས་སུ་སླར་ཡང་རྣམ་དཔྱོད་ཀྱིས་ཆོད་པ་མ་བྱུང་བར་ཞུས་དག་ལེགས་པར་མ་ཐུབ་ཅིང༌། མཆན་བུ་དཀྱུས་སུ་འདྲེས་པ་འགའ་ཟུང་བྱུང་འདུག་པའི་ཡིག་སྣ་ཡང་སླར་མང་དུ་འཕེལ་འདུག་པས། ཡིག་ཆ་ཚིག་སྣ་མི་འདྲ་བ་མང་དུ་བྱུང་ནས་ཡིད་དན་ཐུབ་པའི་ཕྱི་མོ་དཀོན་པར་བྱུང་འདུག་པའི་སྐབས་སུ། སྒམ་པོའི་ཕྱག་དཔེ་རྙིང་པ་དག་པ་དང་བསྟུན། སྤྲུལ་པའི་སྐུ་ཐམས་ཅད་མཁྱེན་པ་ཞྭ་དམར་བཞི་པ་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས་དང༌། ཐམས་ཅད་མཁྱེན་པ་ཀརྨ་འཕྲིན་ལས་པ་ལ་སོགས་པའི་མཁྱེན་ལྡན་དང་དཔྱོད་ལྡན་མང་པོས་ཞུས་དག་མཛད་ནས་པར་དུ་བསྒྲུབས་པ་དེང་སང་སྟོད་ལུང་ཡངས་པ་ཅན་དུ་བཞུགས་པ་དེ་དང༌། ཕྱིས་རྗེ་རིན་པོ་ཆེ་སྤྱན་སྔ་བསོད་ནམས་ལྷུན་གྲུབ་པས་བཀའ་འབུམ་ཡོངས་རྫོགས་སྒམ་པོར་པར་དུ་བཞེངས་པའི་ཐར་རྒྱན་གྱི་ཡིག་ཆ་གཉིས་ལ་ཚིག་འདྲ་མིན་མང་དུ་བྱུང་འདུག དེ་ལ་བརྟེན་ནས་ཡང་ཕྱིས་རྗེ་སྒམ་པོ་པ་མང་ག་ལའི་མཚན་ཅན་ཉིད་ཀྱིས་ཐུགས་རྟོགས་ཞིབ་ཏུ་འཛུད་པ་སྣང་བས། པར་མ་སྔ་མ་དེ་ཀ་ཞུས་དག་ལེགས་པར་དགོངས་ནས། དེ་ལ་ཕྱི་མོ་བཅོལ་བའི་པར་བཞེངས་ཤིག་སླར་ཡང་བྱས་ན་འགྲོ་ཕན་ཆེ་བར་ཡོང་བར་འདུག་པས། དེ་ལྟར་གྱིས་ཤིག་ཅེས་བཀའ་སྩལ་བྱུང་བ་ལྟར་པར་འདི་ཉིད་བསྒྲུབས་པ་ལགས་པས། རྒྱུ་མཚན་དེ་ལྟ་བུ་ཐམས་ཅད་ཀྱི་ཐུགས་ལ་དགོངས་པར་ཞུའོ།།ཞེས་པ་དང༌།
(སྤྱི་ལོ་ ༡༥༢༧–༡༥༩༦)ཀུན་མཁྱེན་པདྨ་དཀར་པོས་གཞུང་འདིའི་ལོ་རྒྱུས་འཆད་པའི་སྐབས་ཤིག་ཏུ་འདི་ལྟར་གསུངས་ཏེ། སྐྱ་བོའི་དུས་རྒྱ་བལ་བོད་ཀྱི་སྨན་པ་མཁས་པ་སུམ་ཅུ་ལ་གཏུགས་པའི་ལྷ་རྗེ་ཆེན་པོ། ཞང་དར་མ་གྲགས་དེ་དགེ་བའི་བཤེས་གཉེན་ཆེན་པོ་ཤ་ར་བ་ལ་གསན་ནས་ཟིན་བྲིས་སུ་མཛད་པ་བསྟན་བཅོས་རིན་པོ་ཆེ་ཐར་པའི་རྒྱན། ཕྱིས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་པ་བསོད་ནམས་རིན་ཆེན། རྒྱ་ཡོན་བདག་ལས་སྤྱན་སྔ་བའི་གདམས་པ་ཐུགས་རྒྱུད་སྦྱངས། རྗེ་བཙུན་མི་ལའི་སྤྱན་སྔར་བྱོན། སྙན་བརྒྱུད་ཀྱི་གདམས་ངག་གསན། རྒྱལ་ཚབ་ཏུ་མངའ་གསོལ། མཚན་དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོ་འཛམ་གླིང་གྲགས་པ་ཞེས་ཕྲིན་ལས་ཀྱི་གདུགས་དཀར་པོས་ས་གསུམ་པོ་བཀབ་པ་དེས། སྔར་མཛད་ཀྱི་ཟིན་བྲིས་ལ་མཆོད་བརྗོད། སྔར་བླ་མ་རྗེའི་ཟེར་བ། མི་ལ་རྗེའི་དྲིན་ལ་བསྒྱུར། ཞེས་པ་ལ་སོགས་པ་གསུངས་པས། སྔར་ཡོད་ཡངས་པ་ཅན་གྱི་དཔར་རྩ་ཕྱི་མོ་བྱས་པའི་དཔལ་སྤུངས་དཔར་མ་འདི་ཉིད་རྩ་འཛིན་གྱིས་ཏེ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས། སྤྱི་ལོ་ ༢༠༠༧ ཟླ་བ་ ༧ པར་པར་གཞི་དང་པོ་བསྒྲིགས། སྤྱི་ལོ་ ༢༠༡༢ ལོའི་ཟླ་བ་ ༣ པར་པར་ཐེངས་ལྔ་དཔར། ཞེས་པའི་དཔར་གཞི་འདི་ནི། ད་ལྟའི་བར་དུ་བསྟན་བཅོས་འདིར་དཔྱད་བརྗོད་བྱེད་པ་པོ་རྣམས་ནས་ཁུངས་ལྡན་དུ་ངོས་འཛིན་གནང་བར་བརྟེན། དེབ་གཟུགས་འདིར་ཡི་གེ་དཀྱུས་མ་རྣམས་ཡིན་པ་ཤེས་དགོས་སོ།།
2. ཆོས་རྗེ་སྒམ་པོ་པ་བསོད་ནམས་རིན་ཆེན་གྱིས་མཛད་པའི་དམ་ཆོས་ཡིད་བཞིན་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན། མགོ་ཤོག་ཏུ་འདི་ལྟར་དུ་བྲིས་ཀྱང༌། གཞུང་དངོས་ཀྱི་མཚན་བྱང་དུ། དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན། ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང༌། ཞེས་རྒྱས་བསྡུས་ཀྱི་ཚུལ་དུ་བཀོད་པ་ཡིན་ནམ་སྙམ།
ད་དུང་ལྷ་ས་བསྟན་རྒྱས་གླིང་གི་པར་མ་དང༌། རྩིབ་རིའི་དཔར་མ། རུམ་སྟེགས་དཔར་མ། གཙང་བཀྲ་ཤིས་ལྷུན་པོའི་དཔར་མ། འབྲུག་སྤུངས་ཐང་གི་དཔར་མ་རྣམས་སུའང་ཡི་གེའི་དག་ཆ་དང༌། ལུང་འདྲེན་རེ་ཟུང་གི་གོང་འོག་མི་མཐུན་པའི་ཁྱད་པར་ཕྲན་བུ་ཞིག་ཀྱང་ཡོད་པར་སྣང་ངོ༌།།
3. དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ཞེས་བྱ་བ་བཀའ་ཕྱག་ཆུ་བོ་གཉིས་ཀྱི་ཐེག་པ་ཆེན་པོའི་ལམ་རིམ་གྱི་བཤད་པ། འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་མཛོད་ཁྲོད་དུ་བཞུགས་པའི་མཆན་བུ་དཀྱུས་འདྲེས་སུ་ཤོར་བར་གྲགས་པ་མངོན་གསལ་དོད་པ་རྣམས་ {} གུག་རྟགས་འདིའི་ནང་དུ་བཅུག་ནས། ཡི་གེ་རྣམས་གསེག་སློག་སྟེ་བཀོད་ཡོད།
དེ་ལ་གཞིར་བཅོལ་ནས། ཁོ་བོའི་ཤེས་ཚད་ལ་དཔག་པའི་ཡང་མཆན་དང༌། ས་བཅད་རྣམས་ () གུག་རྟགས་མི་འདྲ་བ་དེ་འདྲ་ཞིག་ལ་འཇུག་དགོས་དོན་ནི། སྔར་ཡོད་རྩ་འཛིན་གྱི་མ་ཕྱི་དང༌། ཕྱིས་བྱུང་མཆན་བུ་དཀྱུས་འདྲེས་སུ་ཤོར་བ། དེ་བཞིན་དུ་ཁོ་བོས་ཡང་མཆན་དུ་བཀོད་པའི་ཡི་གེ་ཕན་ཚུལ་རྣམས་ཉ་ཉུང་མཉམ་བསྲེ་རུ་མི་འགྱུར་བའི་སླད་དུ་དམིགས་པ་ཞིག་ཡིན།
སྔར་ཝཱ་ཎ་མཐོ་སློབ་ནས་དཔར་སྐྲུན་ཞུས་པའི་དེབ་གཟུགས་ནང་བཀོད་པ་ལྟར། ལུང་འདྲེན་ཁག་ཀྱང་གང་ཐོབ་འཚོལ་སྒྲུབ་ཀྱིས་ཨ་མི་རི་ཀ་ནས་དཔར་སྐྲུན་སྡེ་དགེ་དཔར་མའི་བཀའ་བསྟན་གཞིར་བཞག་ཐོག་དཔེ་མཚན་དང༌། དེབ་གྲངས། ཤོག་གྲངས་རྣམས་བཀོད་ཡོད། ལུང་འདྲེན་ཁག་ལ་ཤོ་ལོ་ཀ་གཅིག་པུ་ཡིན་ན། ཤོ་ལོ་ཀའི་གྲངས་དང༌། དེ་མིན་ལེའུ་དང༌། ཤོ་ལོ་ཀ་གཉིས་ཀ་ཡོད་ན། ལེའུ་དང་པོ་བྲིས་ནས་དེ་ནས་བར་ཤད་ཅིག་ཐེན་ཏེ། དེའི་རྗེས་སུ་ཤོ་ལོ་ཀའི་གྲངས་བྲིས་ཡོད། དཔེར་ན་ལེའུ་བདུན་པའི་ཤོ་ལོ་ཀ་བཅུ་པ་ལྟ་བུ་ལ། (༧/༡༠)ཞེས་བྲིས་ཡོད། སྐབས་བབ་ལུང་འདྲེན་དེའི་དཔེ་ཆའི་མཚན་གྱི་མཇུག་དེར་ཨང་གྲངས་སོ་སོར་བཀོད་དེ། རྒྱལ་སྤྱིའི་དཔེ་དེབ་ཚད་ལྡན་གྱི་འགྲོ་ལུགས་ལྟར། ཤོག་ངོས་རེ་རེའི་མཇུག་དེར་ལུང་འདྲེན་དེའི་འབྱུང་ཁུངས་རྣམས་བཀོད་ཡོད་པ་བཅས་སོ།།
གདམས་ངག་འདིའི་མཐའ་སྡོམ།
དེ་བཞིན་གཤེགས་པ་མེ་ཏོག་ཟླ་མཛེས་ཀྱི་རྣམ་སྤྲུལ་ཆོས་རྗེ་སྒམ་པོ་པ་བསོད་ནམས་རིན་ཆེན་(སྤྱི་ལོ་༡༠༧༩–༡༡༥༣)གྱི་ཞལ་སྔ་ནས། མ་འོངས་པའི་གང་ཟག་བདག་ལ་མོས་ཤིང༌། བདག་དང་མ་ཕྲད་སྙམ་པ་ཀུན་ཀྱང༌། ཁོ་བོས་བརྩམས་པའི་ལམ་མཆོག་རིན་པོ་ཆེའི་ཕྲེང་བ་དང༌། ཐར་པ་རིན་པོ་ཆེའི་རྒྱན་ལ་སོགས་པའི་བསྟན་བཅོས་རྣམས་གཟིགས་པར་ཞུ། ང་དང་མངོན་སུམ་དུ་འཕྲད་པ་དང་ཁྱད་མེད་པར་ཡོད་ཀྱི་གསུངས་འདུག་པས། དཔལ་འགྲོ་མགོན་དྭགས་པོ་བཀའ་བརྒྱུད་པའི་སྲོལ་འབྱེད་སྟོན་པའི་རྒྱལ་ཚབ་ཏུ་མངའ་གསོལ་བ་འཕགས་བོད་བཀའ་བསྟན་གྱི་མན་ངག་རྒྱ་མཚོ་ལྟ་བུ་རྣམས་ལམ་རིམ་གྱི་ཕྱི་མོ་འདིར་དཀྱིལ་བར་བརྟེན། ཡབ་མེས་བཀའ་བརྒྱུད་གོང་མའི་ལྟ་སྒོམ་སྤྱོད་གསུམ་སོགས་ལ་ཐོས་བསམ་སྒོམ་གསུམ་རང་ནུས་ལྕོགས་བྱེད་རྒྱུ་ནི། གྲུབ་མཐའ་དེའི་ཁྱབ་ཁོངས་སུ་གཏོགས་པའི་སློབ་འབངས་མཆིས་སོ་ཅོག་ལ་འགན་འཁྲི་ཟློག་ཏུ་མེད་པ་ཞིག་ཡིན་པ་མཁྱེན་གསལ་ལྟར་ལགས་ན། ཁོ་བོའང་སྒྲུབ་བརྒྱུད་འདི་པའི་གྲལ་མཐའ་རུ་ཆུད་པའི་བན་ཆུང་ཞིག་ཡིན་རྐྱེན། དེ་སྔོན་མི་ལོ་དུ་མའི་རིང་ལ་དུས་ཚོད་ནམ་ཁོམ་ལ་གཞུང་འདིའི་དཔེ་ཆར་ལྟ་ཀློག་དང༌། སློབ་ཁྲིད་ཐེངས་མང་བགྱིད་བཞིན་པའི་སྐབས་སུ་ཟིན་བྲིས་གང་བྱུང་དུ་བྲིས་པ་རྣམས་ད་ལམ་ཕྱོགས་གཅིག་ཏུ་བསྡུ་ཁུལ་བགྱིས་པ་འདི་ཡང༌། ཕྲན་དང་འབྲེལ་འདྲིས་ཟབ་པའི་གྲོགས་མཆེད་དུ་མ་ནས། སྤྱི་ཚོགས་ཁྲོད་འགྲེམས་སྤེལ་བྱེད་ཐུབ་ན་བློ་གསར་དང་པོའི་ལས་ཅན་རྣམས་ལ་ཕན་རླབས་ཆེ་བའི་དགོངས་ཚུལ་མི་ཉུང་བ་ཡང་ཡང་གསུངས་པར་བརྟེན། སྲིད་ན་དཀོན་པའི་གཞུང་བཟང་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་ཉིད་ལ། ཁོ་བོ་སྤྲང་ཕྲུག་བྱིས་པས་མི་འཇོན་འཇོན་མདོག་དང༌། མི་ཤེས་ཤེས་རློམ་གྱི་རང་མཚང་ངོམས་པའི་ཐལ་རྩེད་སྦག་པར་ཐལ་སོང་བ་རྣམས་ཀྱང་འཐུས་ཤོར་བསམ་བཞིན་དུ་བཏང་བ་ཞིག་མ་ཡིན་ནའང༌། རྣམ་དཔྱོད་ཤེས་རབ་ཀྱི་འཕུར་ལྡིང་ཤིན་ཏུ་ཞན་པར་བརྟེན། སེམས་ནས་བསམ་ཚད་ཀྱི་འཆར་གཞི་ཐམས་ཅད་དོན་དངོས་བརྗོད་བྱ་འདྲ་ཆགས་པོ་དང་། རྗོད་བྱེད་འབྲུ་དོད་པོ་ཞིག་ཡོང་ཐབས་དཀའ་བའི་ནོངས་འགྱོད་དང་འབྲེལ་ཏེ། རྒྱ་ཆེ་ཀློག་པ་པོ་རྣམ་པས་ཀློག་ཏུ་རུང་བའི་ཡང་མཆན་ཞིག་མིན་པས། ཕྱོགས་དུས་བཀའ་བརྒྱུད་བླ་མས་དགོངས་ཁྲེལ་མི་མངའ་བ་དང༌། རྒྱུད་ལྡན་དམ་ཅན་སྲུང་མས་འཁོན་ཁྲིགས་མི་འཛིན་པ། གླིང་འདིའི་དཔྱོད་ལྡན་མཁས་པས་ཐུགས་རྒྱུད་ཡོངས་སུ་དང་སྟེ། བྱིན་རླབས་ཀྱིས་ཉམས་རྟོགས་དང༌། དངོས་གྲུབ་ཀྱིས་ཕ་འབབ། དགོངས་འཆར་གྱིས་ལམ་སྟོན་ཐམས་ཅད་ཆོས་མཐུན་ངང་ལྷུག་སྩོལ་ཡོང་བ་ཞུ་ཞུ།
དྭགས་པོ་རིན་པོ་ཆེ་མདོ་ལུང་གིས་ཟིན་པ་ཁོང་ཞལ་བཞུགས་དུས་སུ་གྲགས་པ་ཞིག་ཡིན་ནམ་ཕྱིས་སུ་སློབ་བརྒྱུད་ཚོས་ཆེ་བསྟོད་བྱས་པ་ཞིག་ལགས།
ཕྱིས་སུ་སློབ་རྒྱུད་ཚོས་ཆེ་བསྟོད་བྱས་པ་ཡིན་ཤས་ཆེ། བོད་པའི་གོམ་གཤིས་དེ་གང་ཟག་འདད་གྲོངས་ཚར་དུས་ཆེ་བསྟོད་ཞུས་ཡག་ལུག་སྲོལ་ཡོད་པ་ཁྱེད་དགོངས་ཀྱི་རེད། དཔེར་ན་ཨ་མདོ་དགེ་ཆོས་དང་། པཎ་ཆེན་རིན་པོ་ཆེ་གོང་མ་ལ྄་ལྟ་བུ་་སྐུ་་མཚོ་བཞུགས་དུས་ཚང་མས་མཚན་སྨད་ཞུ་ས་རེད། འདས་གྲོངས་ཚར་དུས་་དགེ་ཆོས་ཀྱི་གསུང་འབུམ་དང་། པན་ཆེན་ཡིག་འབྲུ་ཁྲི་བདུན་སྙན་ཞུ་ལྟ་བུ་སོགས་ད་ལྟ་ཚང་མས་བསྔགས་བརྗོད་ཞུས་པ་རེང་ཡིན་ན་སྙམས། ཧཧཧཧཧ་རྩེད་མོ་ཞུ།