ཇཱ་ཝེད་ ཨཱཁ་ཏཱར་གྱིས་བརྩམས། པདྨ་ཚེ་དབང་ཤཱསྟྲིས་བོད་སྐད་དུ་བསྒྱུར།
—————-
དུས་ནི་ཅི་ཞིག་རེད།
བར་མཚམས་མེད་པར་མུ་མཐུད་རྒྱུ་བཞིན་པའི་དངོས་པོ་འདི་ཅི་ཞིག་རེད།
གལ་ཏེ་འདི་འདས་ཟིན་མེད་ན། གནས་གང་དུ་ཡོད།
གནས་གང་ཞིག་ཏུ་ངེས་པར་ཡོད་དགོས།
གལ་ཏེ་འདི་འདས་ཟིན་ཡོད་ན། ད་ལྟ་གང་དུ་ཡོད།
གནས་གང་ཞིག་ཏུ་ངེས་པར་ཡོད་དགོས།
གང་ནས་ཡོང་པ་རེད། གང་དུ་ཕྱིན་པ་རེད།
འགོ་ནམ་ཞིག་ལ་བཙུགས་ནས་མཇུག་ནམ་ཞིག་ལ་རྫོགས་པ་རེད།
དུས་ནི་ཅི་ཞིག་རེད།
དུས་འགྱུར་དང་།
དོན་རྐྱེན།
རྩོད་རྙོག་འདི་རིགས་དང་།
མྱ་ངན་རེ་རེ་དང་།
སྤྲོ་སྣང་རེ་རེ།
མནར་གཅོད་རེ་རེ་དང་།
སྐྱིད་སྣང་རེ་རེ།
འཛུམ་མདངས་རེ་རེ་དང་།
མཆི་མ་རེ་རེ།
གླུ་དབྱངས་རེ་རེ་དང་།
དྲི་བསུང་རེ་རེ།
འདི་ནི་རྨ་ཁ་ཡི་ཟུག་རྔུ་ཞིག་ཡིན་སྲིད་ལ།
བྱམས་སྐྱོང་གི་རྫུ་འཕྲུལ་ཞིག་ཀྱང་ཡིན་སྲིད།
རང་ཉིད་ཀྱི་སྐད་ངག་ཅིག་གམ།
ཡང་ན་ཁོར་ཡུག་གི་སྨྲེ་ངག་ཅིག་ཡིན་སྲིད།
འཁྲུག་བཞིན་པའི་སེམས་ཀྱི་དགེ་སྐྱོན་ཡང་ཡིན་སྲིད།
སེམས་ཁུར་གྱི་གྱེན་ལངས། སྙིང་གི་འུར་ཟིང་།
མྱོང་ཚོར་མཐའ་དག་དང་། སེམས་ཚོར་ཡོངས་རྫོགས་ནི།
ཆུའི་ཁར་གཡེངས་པའི་ཤིང་ལོ་ལྟར།
དེ་དག་ཆུས་འཁྱེར་སྐབས།
ད་ལྟ་འདིར་ཡོད།
ད་ལྟ་དེར་ཡོད།
ད་ལྟ་ཡལ་བར་གྱུར།
མིག་གིས་མཐོང་ཡུལ་དུ་མེད་ཀྱང་།
རྒྱུ་བཞིན་པའི་དངོས་པོ་ཞིག་ངེས་པར་ཡོད་དགོས།
གཙང་ཆུ་འདི་ཅི་རེད།
འདི་གངས་རི་ཇི་འདྲ་ཞིག་ནས་ཡོང་པ་ཡིན།
རྒྱ་མཚོ་ཇི་འདྲ་ཞིག་ཏུ་རྒྱུགས་འགྲོ་བ་ཡིན།
དུས་ནི་ཅི་ཞིག་རེད།
སྐབས་རེར་ངས་འདི་ལྟར་བསམས།
འགྲོ་བཞིན་པའི་མེ་འཁོར་ནང་ནས་ཤིང་སྡོང་ལ་བལྟ་དུས།
དེ་དག་ཁ་ཕྱོགས་ལྡོག་ནས་འགྲོ་བ་ལྟར་སྣང་།
འོན་ཀྱང་དོན་དངོས་སུ།
ཤིང་སྡོང་ནི་རང་གནས་སུ་བསྡད་ཡོད།
དེས་ན། ང་ཚོའི་དུས་རབས་ཡོད་དོ་ཅོག་ནི།
ཕྲེང་བསྟར་དང་ཕྲེང་བསྟར་དུ་བསྒྲིགས་ཏེ།
རང་གནས་སུ་བརྟན་པོར་གནས་ཡོད་དམ།
དུས་ནི་རྟག་བརྟན་འགྱུར་མེད་ཡིན་པ་དང་།
ང་ཚོ་ཁོ་ན་གཡོ་བ་ཨེ་ཡིན།
དུས་ཡུན་འདི་གཅིག་གི་ནང་དུ།
དུས་ཡུན་མཐའ་དག་དང་།
དུས་རབས་ཡོངས་རྫོགས་སྦས་ཡོད་པ་ཨེ་ཡིན།
མ་འོངས་པ་མེད། འདས་པ་མེད།
གང་འདས་ཟིན་པ་དེ།
ད་ལྟ་འབྱུང་བཞིན་པ་དང་།
གང་ཡོང་རྒྱུ་དེའང་།
ད་ལྟ་འབྱུང་བཞིན་པ་ཨེ་ཡིན།
ངས་བསམས་ན།
དོན་དངོས་སུ་ང་ཚོ་གཡོ་བ་དེ།
བདེན་པ་ཡིན་སྲིད་དམ།
ང་ཚོས་རང་ཉིད་འགྲོ་བཞིན་པའི་ངང་ནས།
གང་ཞིག་གཡོ་འགུལ་བྱེད་ཀྱི་འདུག་སྙམ་པ་དེ།
དོན་དམ་དུ་འགུལ་མེད་ཅིག་ཡིན་ནམ།
གཡོ་བ་ཡིན་ནམ། འགུལ་མེད་ཡིན།
གཅིག་ཡིན་ནམ། ཐ་དད་ཡིན།
དེ་འཁྱགས་ཟིན་ནམ། ཡང་ན་བཞུ་བཞིན་ཡོད།
སུས་ཤེས། སུས་ཚོད་དཔག་བྱེད་ཐུབ།
དུས་ནི་ཅི་ཞིག་རེད།
མ་ཡིག་ལ་གཟིགས་ན་འདི་ནས་གཟིགས་ཐུབ། http://anshulff.blogspot.com/2012/12/waqt-great-poem-by-javed-akhtar-along.html
དུས་ནི་།
འཇིག་རྟེན་འདི་མ་སྟོང་གི་བར་དུ།
སྡུག་བསྔལ་ལ་ཟད་མཐའ་མེད་པའི་དུས་རེད།