གནས་ཚུལ་གཏོང་མཁན། ཨ་བཙན་པོ།
དཔལ་རྒྱལ་བ་ཇོ་ནང་བའི་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་ཐེངས་བཅོ་ལྔ་པ་དང་། འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་གཉིས་མཉམ་དུ་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༨ ནས་དབུ་དབུ་འཛུགས་ཀྱིས་ཉིན་གྲངས་གསུམ་རིང་གནས་མཆོག་རྡོ་རྗེ་གདན་དུ་སྐོང་འཚོགས་གནང་ཡོད་འདུག
དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༨ ཉིན་ནས་དབུ་འཛུགས་ཀྱིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་རྒྱལ་བ་ཇོ་ནང་བའི་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་ཐེངས་བཅོ་ལྔ་པ་འཚོགས་ཡོད་པ་དང་། སྨོན་ལམ་ཆེན་མོར་ཆོས་ལུགས་རིས་མེད་ཀྱི་བླ་སྤྲུལ་མཁན་གསུམ་བཅས་ཁྱོན་བླ་གྲྭ་ ༦༠༠ ལྷག་ཞལ་འཛོམས་བྱུང་ཡོད་པ་དང་། སྨོན་ལམ་གྱི་ཚོགས་མགོན་དུ་ཇོ་ནང་རྒྱལ་ཚབ་རིན་པོ་མཆོག་སྤྲུལ་ཆོས་ཀྱི་སྣང་བ་མཆོག་ཆིབ་བསྒྱུར་རྐྱང་ཡོད།
དེ་བཞིན་དུ་ཇོ་ནང་སྨོན་ལམ་ཆེ་མོ་དང་སྟབས་བསྟུན་ནས་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་སྐོངས་འཚོགས་གནང་། ཚོགས་འདུའི་དབུ་བཞུགས་སུ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་། སིམ་ལ་ཇོ་ནང་མ་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་། བལ་ཡུལ་ཇོ་ནང་དགོན་པའི་མཁན་རིན་པོ་ཆེ་སོགས་ལྷན་ཚོགས་ཀྱི་འགན་འཛིན་རྣམ་པ་དང་། རྒྱ་བལ་འབྲུག་གསུམ་གྱི་ས་གནས་རྒྱུན་ཁག་དང་། ཨ་རི་སོགས་ཕྱིའི་རྒྱལ་ཁག་དྲུག་ལྷག་གི་ས་གནས་རྒྱུན་ལས་སོགས་ཚོགས་ཞུགས་པ་བརྒྱད་ཅུ་ལྷག་ཚོགས་ཞུགས་གནང་། ཚོགས་ཐོག་ཏུ་ཇོ་ནང་རྒྱལ་ཚབ་ཁྲི་རབས་གཉིས་པ་འོས་འདེམས་དང་འབྲེལ་བའི་གྲོས་གཞིར་བགྲོ་གླེང་གནང་སྐབས་ས་གནས་སོ་སོ་ནས་ཇོ་ནང་པའི་གནད་ཡོད་མི་སྣ་ཁག་གིས་གནང་བའི་བསམ་ཤོག་དང་། དེ་བཞིན་དུ་ཚོགས་འདུའི་སྟེང་གི་ཚོགས་ཞུགས་པ་ཡོངས་སྤྱི་མོས་ཐོག་ཇོ་ནང་རྒྱལ་ཚབ་ཁྲི་རབས་གཉིས་པ་འོས་འདེམས་མ་དགོས་པར་ད་ལྟའི་ལས་ཐོག་ཇོ་ནང་རྒྱལ་ཚབ་ཁྲི་རབ་དང་པོ་མཆོག་སྤྲུལ་ཆོས་ཀྱི་སྣང་བ་མཆོག་གིས་བསྐྱར་དུ་ཐུགས་འགན་བཞེས་རྒྱུར་སྤྱིས་མོས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཞལ་བཞེས་གནང་། ཕྱི་ཚེས་ ༣༠ ཉིན་གནས་ཆོག་རྡོ་རྗེ་གདན་གྱི་མཆོད་རྗེ་ཆེན་མོའི་མདུན་དུ་སིམ་ལ་ཇོ་ནང་མ་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་བལ་ཡུལ་ཇོ་ནང་དགན་པའི་མཁན་རིན་པོ་རྣམ་གཉིས་དབུ་བཞུགས་ཐོག་ཇོ་ནང་དགོན་སྡེ་ཁག་དང་ཚོགས་སྡེ་ཁག་ཐུན་མོང་གིས་མཎྜལ་རྟེན་གསུམ་བཏེགས་འབུལ་ཞུས།
གཞན་ཡང་ཐེངས་འདིའི་ཚོགས་ཆེན་སྟེངས་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་བཞི་བ་དང་།ཕྱི་སྡོད་ཇོ་ནང་ཐེབས་རྩ་ཁང་གི་རྒྱུན་ལས་སྐབས་གཉིས་པ་བཅས་གསར་འདེམས་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།