གནས་ཚུལ་མཁོ་སྤྲོད་པ། ཁམས་པའི་སྨྱུག་ཚོགས་རྒྱུན་ལས།
དེ་ཡང་སྤྱི་ལོ་༢༠༡༩ལོའི་སྔ་ནུབ་དུ་གནས་མཆོག་རྡོ་རྗེ་གདན་གྱི་ཇེ་ཁེ་ཕི་ལཱའི་སི་ཞེས་པའི་མགྲོན་ཁང་དུ་《དམ་ཆོས་རིན་པ་ོཆེ་སྟེགས་བུའི་མདོ་》《PIATFORM SUTRA 》《六祖壇經 》ཞེས་པའི་ལེའུ་བཅུ་ཅན་གྱི་བསམ་གཏན་གྱི་གཞུང་ལུགས་ཧ་ཅང་གལ་ཆེ་བ་ཞིག་བོད་ཡིག་ཏུ་སྒྱུར་ནས་དབུ་འབྱེད་གནང་ཡོད་པ་དང་། གཞུང་འདི་ནི་རྒྱ་བརྒྱུད་ནང་བསྟན་ཁྲོད་སངས་རྒྱས་གཉིས་པ་ཞེས་གྲགས་པའི་སློབ་དཔོན་ཆེན་པོ་ཧུའི་ནིང་གིས་མཛད་པ་དང་། མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་བོད་ཡིག་ཏུ་བསྒྱུར་ཅིང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་མགོ་བརྗོད་དང་། མཁས་དབང་ཡུལ་ཤུལ་ཚེ་དབང་བཀྲ་ཤིས་ཀྱིས་ཞུས་དག་དང་སྒྲིག་སྦྱོར་མཛད་པའི་རྒྱ་བོད་ཤན་སྦྱར་གྱི་དེབ་གལ་ཆེན་ཞིག་ཡིན།
ཐེངས་འདིའི་མཛད་སྒོར་མཁན་སྤྲུལ། དགེ་བཤེས། རྩོམ་པ་པོ། གསར་འགོད་པ་སོགས་བོད་རྒྱ་མི་རིགས་བརྒྱ་ཡས་མས་ཤིག་འཛོམས་འདུག་ལ། ཐོག་མར་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཚིགས་སུ་བཅད་པའི་ཤིས་བརྗོད་ཀྱིས་དབུ་འཛུགས་ཞུས་རྗེས། སྒྱུར་བ་པོ་དང་སྐུ་མགྲོན་གཙོ་བོ་དག་སྐུ་བཞེངས་ཀྱིས་དེབ་གསར་དངོས་སུ་ཞལ་འབྱེད་ཟིན་པ་དང་། སྒྱུར་པ་པོ་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་དམ་ཆོས་རིན་པོ་ཆེ་སྟེགས་བུའི་མདོ་འདི་བོད་སྒྱུར་དགོས་པའི་རྒྱུ་མཚན་དང་འབྲེལ་བའི་གཏམ་བཤད་གནང་།
དེ་ནས་ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷ་རམས་པ་གཙང་ཁ་བསོད་ནམས་རྡོ་རྗེ་མཆོག་གིས་ཁམས་པའི་སྨྱུག་ཚོགས་ཀྱི་མིང་ཐོག་ནས་དེབ་འདི་དཔར་སྐྲུན་ཞུ་ཐུབ་པར་དགའ་སྤོབས་ཆེན་པོ་བྱུང་ཚུལ་དང་། དེབ་འདི་ལྟ་བུ་བོད་དུ་བསྒྱུར་པ་ཧ་ཅང་གལ་ཆེན་ཡིན་པའི་སྐོར་ལ་གསུང་བཤད་དང་སྒྱུར་བ་པོར་དམིགས་བསལ་བསྔགས་བརྗོད་དང་ཐུགས་རྗེ་ལེགས་འབུལ་གྱི་ཁ་བཏགས་ཕུལ།
དེ་ནས་རྒྱལ་སྤྱིའི་སྔ་འགྱུར་རིག་འཛིན་འདུས་སྡེའི་དབུ་འཛིན་རིག་འཛིན་ནམ་མཁའ་རྒྱ་མཚོ་རིན་པོ་ཆེ་དང་། སྨོན་ལམ་ཚིག་མཛོད་ཆེན་མོའི་སྤྱི་ཁྱབ་རྩོམ་སྒྲིག་པ་མཁན་པོ་འཇུ་བསྟན་སྐྱོང་། འབྲུག་རྒྱལ་ཡོངས་ཆོས་དོན་ལས་ཁུངས་ཀྱི་སྔ་འགྱུར་རྙིང་མའི་དྲུང་ཆེ་མཁས་དབང་ཨོ་རྒྱན་རྣམ་གྲོལ་རྒྱ་མཚོ། སེ་ར་བྱེས་སློབ་གཉེར་དགེན་སེལ་ཤུལ་དགེ་བཤེས་ལྷ་རམས་པ་བསམ་འཕེལ་དོན་འགྲུབ།ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་དབུ་འཛིན་རྒྱུན་ལས་ལྷ་རམས་པ་ཧ་ཤེན་རིན་པོ་ཆེ། དཔལ་ས་སྐྱའི་སྨོན་ལམ་ཆེན་མོ་ཚོགས་པའི་ཚོགས་གཞོན་རྫོང་སར་མཁན་པོ་མཁྱེན་བརྩེ་བཅས་ཀྱིས་གསུང་བཤད་གནང་ཞིང་། སྒྱུར་བ་པོའི་ལྷག་བསམ་དང་སྒྱུར་རྩོམ་འདིའི་གལ་ཆེའི་རང་བཞིན་སོགས་ལ་གདེངས་འཇོག་ཆེན་པོ་མཛད་པར་མ་ཟད། ༧གོང་ས་མཆོག་གི་བཀའ་དགོངས་བཞིན། ནང་པའི་ཆོས་གྲོགས་གཞན་དག་གི་བར་ལ་དོན་དམ་པའི་གུས་བཀུར་དང་དག་སྣང་མཐུན་ལམ་བཅས་ཡོང་དགོས་ན་དེ་དག་གི་གཞུང་དངོས་དེ་ངེས་པར་ཤེས་དགོས་པ་དང་། དེའི་ཆ་ནས་གཞུང་འདི་ལྟ་བུ་བོད་ཡིག་ཏུ་བསྒྱུར་པ་ནི་བོད་ཀྱི་རིག་གཞུང་ལ་རིག་གཞུང་ནང་འདྲེན་གྱི་ཞབས་འདེགས་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་དང་གདེངས་འཇོག་མཐོན་པོ་གཅིག་མཐུན་དུ་མཛད། མཐར་སྒྱུར་བ་པོས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་དང་བཅས་མཛད་སྒོ་ལེགས་པར་མཇུག་དྲིལ།
གཞུང་ལུགས་དེ་ལ་ཁྱོན་ལེའུ་བཅུ་ཡོད་ཅིང་། ད་བར་འཛམ་བུ་གླིང་གི་སྐད་རིགས་ཤིན་ཏུ་མང་པོར་བསྒྱུར་ཡོད་པ་དང་། དབྱིན་ཡིག་ཁོ་ནར་ཡང་འགྱུར་མ་འདྲ་བ་བཅུ་བྱུང་ཡོད་འདུག
གཞུང་འདི་ནི་རྒྱ་ནག་གི་བསམ་གཏན་པའི་གྲུབ་མཐའི་ཕུགས་གཏུགས་ས་ལྟ་བུ་ཞིག་ཡིན་པར་མ་ཟད། རྒྱ་ནག་དང་འཇར་པན་སོགས་རྒྱ་བརྒྱུད་ནང་པའི་བསྟན་པ་དར་ཡུལ་ཐམས་ཅད་ཀྱིས་རྒྱ་ནག་རང་གི་ནང་པའི་སློབ་དཔོན་ཞིག་གིས་བརྩམས་པའི་བསྟན་བཅོས་ཞིག་ལ་འདི་ལས་གྲགས་པ་དང་ཤུགས་རྐྱེན་ཆེ་བ་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད།
སྤྱིར་གཞུང་འདི་བསྟན་བཅོས་ཡིན་ཡང་། ཁོང་ཚོས་བཀའ་དང་ཁྱད་མེད་དུ་བཀུར་ནས་མདོ་ཞེས་མཚན་ཏུ་བཏགས་ཤིང་། དེ་ནི་བསྟན་བཅོས་ལ་བཀའ་ཡིས་སྨྲོས་པའི་གཞུང་གཅིག་པུ་དེ་ཡིན་པར་བཤད་ཀྱི་ཡོད་པ་ཡིན་འདུག ད་ཆ་བོད་ནང་དུ་ཡང་དཔར་སྐྲུན་བྱ་བཞིན་ཡོད་པར་མ་ཟད་བདུན་ཕྲག་འདིར་དེབ་གསར་ཞལ་འབྱེད་ཀྱི་མཛད་སྒོ་དངོས་སུ་གནང་གཏན་ཁེལ་ཡོད་པར་མ་ཟད། བོད་ཕྱི་ནང་གི་དྲ་ལམ་ཁག་ཏུའང་དོ་སྣང་ཤུགས་ཆེན་པོ་བྱ་ཡུལ་གྱི་དེབ་གསར་ཞིག་ཏུ་འགྱུར་བཞིན་ཡོད་འདུག་ལ། ཐའེ་ཝན་སོགས་ཕྱི་རྒྱལ་དག་ནས་ཀྱང་མངགས་ཉོ་བྱེད་མཁན་མང་པོ་ཡོང་བཞིན་ཡོད་འདུག
གཞུང་འདིའི་ནང་དོན་གྱི་ཆ་ལ་སྒྱུར་བ་པོས། ལོ་ངོ་གཅིག་སྟོང་སུམ་བརྒྱའི་རིང་གི་རྒྱ་བརྒྱུད་ནང་པའི་ཁྲོད་ཀྱི་ཤུགས་རྐྱེན་ཆེ་ཤོས་ཀྱི་གསུང་རབ་ཀྱི་བསྟན་བཅོས། བསམ་གཏན་ཆོས་བརྒྱུད་ཀྱི་གྲུབ་མཐའ་དང་བཞེད་གཞུང་གསལ་བར་འཆད་པའི་རྒྱ་ལུང་ཆེན་མོ། འཁོར་ལོ་བར་ཐའི་ངེས་དོན་གྱི་མདོ་དོན་གསལ་བར་སྟོན་པའི་མདོ་སྔགས་མཚམས་སྦྱོར་གྱི་གཞུང་ཟབ། ངེས་དོན་གྱི་རྟོགས་པ་བརྙེས་པའི་མཁས་གྲུབ་ཆེན་པོ་དུ་མའི་མངོན་རྟོགས་འཆད་པའི་རྣམ་པར་ཐར་པ། རྟོགས་པ་དོན་གྱི་ཉམས་མགུར་དང་ཚིགས་བཅད་སྣ་ཚོགས་པས་ལེགས་པར་བརྒྱན་པའི་དོ་ཧའི་མཛོད། གཞུང་ལུགས་དང་བཞེད་པ་སྣ་ཚོགས་པ་མ་འདྲེས་པ་གསལ་བར་སྟོན་པའི་གྲུབ་པའི་མཐའི་བཞེད་བཞུང་བཅས་ཡིན་ཞེས་མཚམས་སྦྱོར་གནང་འདུག
གཞུང་འདི་བོད་སྒྱུར་ཞུས་པའི་དགོས་པ་རྒྱུ་མཚན་ཐད་ལ། མཁན་པོ་རྫ་ཚེ་རིང་བཀྲ་ཤིས་མཆོག་གིས། དེང་གི་དུས་འདིར་རྒྱ་རིགས་མང་པོས་བོད་བརྒྱུད་ནང་བསྟན་ལ་དོ་སྣང་བྱེད་ཤུགས་ཆེ་རུ་འགྲོ་བཞིན་པ་དང་དུས་མཚུངས་རྒྱའི་སྤྱི་ཚོགས་ལ་ཆོས་ཀྱི་སློབ་སྟོན་གནང་མཁན་བོད་ཀྱི་བླ་མ་དག་གིས་རྒྱ་རིགས་རང་ཉིད་ཀྱི་མི་ལོ་སྟོང་ཕྲག་གི་རང་གི་ནང་རིག་གཞུང་གི་ལྟེ་བ་ཡིན་པའི་གཞུང་ལུགས་འདི་ལ་མཁྱེན་རྟོགས་གནང་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད་ངེས་པ་དང་། གཞུང་འདི་མདོ་སྔགས་མཚམས་སྦྱོར་གྱི་ངེས་དོན་གྱི་བསྒོམ་རིམ་ཞིག་ཡིན་པར་མ་ཟད། ལམ་འདིར་ཞུགས་ནས་རྟོགས་པ་བརྙེས་པའི་སྐྱེས་བུ་དམ་པ་དག་གི་རྣམ་ཐར་ཕལ་ཆེ་བ་ཧ་ཅང་ངོ་མཚར་ཅན་དུ་ཡོད་ཅིང་། དེ་དག་དང་རང་རེའི་གསང་སྔགས་ཀྱི་ལྟ་དགོངས་གཉིས་ཤིན་ཏུ་ཉེ་བ་ཡོད་པ་འདི་ཕན་ཚུན་ར་འཕྲོད་པ་ཞིག་བྱུང་ན། རང་རེ་ཡང་རང་རང་གི་ཆོས་ལས་གཞན་པའི་ཆོས་ཟབ་མོ་གང་ན་ཡང་ཡོད་མི་སྲིད་སྙམ་པའི་རང་མཐོང་གི་ང་རྒྱལ་ཆུང་དུ་སོང་ནས་གཞན་ལུགས་ལ་དག་སྣང་དང་མོས་གུས་ཕྱོགས་མེད་དུ་སྐྱེ་བ་དང་། རྒྱ་རིགས་བོད་བརྒྱུད་ནང་བསྟན་ལ་ལྟ་སྟངས་ཡག་པོ་མེད་མཁན་དག་ལ་ཡང་ཁོང་དག་གིས་རྩ་ཆེན་དུ་རྩི་བའི་གཞུང་ལུགས་ཀྱི་དགོངས་དོན་དཔང་པོར་བཞག་ནས་འཆད་ཁྲིད་དང་གསལ་བཤད་ལེན་འདེབས་སོགས་གནང་ཐུབ་པ་བྱུང་ན་ནུས་པ་དམིགས་བསལ་ཐོན་ངེས་པ་དང་། ཁྱད་པར་དུ་གནའ་ནས་ད་བར་ཧྭ་ཤང་མ་ཧཱ་ཡ་ནའི་ལྟ་གྲུབ་ཀྱི་སྐོར་ལ་གོ་བ་ཡང་དག་པ་ཞིག་ལོན་རྒྱུར་ཡང་ཕན་ཐོགས་ཆེན་པོ་ཡོད་ངེས་ཡིན་པ་དང་། གཞུང་འདི་ཉམའ་མགུར་དང་རྣམ་ཐར་དྲི་བ་དྲིས་ལན་སོགས་ཀྱི་རྣམ་པར་ཡོད་པས་སུས་ཀྱང་ཅུང་ཟད་རེ་གོ་ཐུབ་པས་འཁྲེགས་པོ་དེ་འདྲ་མ་ཡིན་པར་ཧ་ཅང་ཀློག་བདེ་ལ་དོན་དོན་ཟབ་པ་མཁས་པས་དཔྱད་ན་དོན་ཟབ་པ། གྲུབ་པས་གཟིགས་ན་བྱིན་ཆེ་བ། བླུན་པོས་མཇལ་ཡང་གོ་བདེ་བ་ཞིག་ཡོད་པ་རེད། ཅེས་གསུངས་བྱུང་།
ཡང་སྒྱུར་བ་པོས། སྒྱུར་དེབ་མཛད་སྒོའི་ཕྱི་ཉིན་ཏེ། སྤྱི་ཚེས་ལོ་སར་ཚེ་གཅིག་ཉིན་ཞོགས་པ་ཡར་ལངས་སྐབས། ད་ལྟ་ལྷོ་ཨ་མེ་རི་ཀར་མཛད་འཕྲིན་སྐྱོང་བཞིན་པའི་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་གུས་པར་ངས་ཁྱོད་ཀྱིས་སྟེགས་མདོ་བོད་ཡིག་ཏུ་སྒྱུར་ཡོད་པ་དེ་ཁྱེད་རང་གི་དྲ་ཐོག་ནས་མཐོང་བྱུང་། དེ་མ་ཐག་ང་ལ། འདི་ཡག་པོ་ཞེ་དྲག་བྱུང་འདུག ངེས་པར་དུ་གཅིག་ལྟ་དགོས་སྙམ་པ་བྱུང་། འདི་ཧ་ཅང་གལ་ཆེན་པོ་རེད། ངས་སྔར་དབྱིན་ཡིག་ཐོག་ནས་ཐེངས་གཅིག་བཀླགས་པ་ཡིན། སྐབས་དེར་ཡང་ཁོང་དག་ལ་ཡང་འདི་འདྲའི་གཞུང་ཁྱད་པར་ཅན་དེ་འདྲ་ཡོད་འདུག་སྙམ་ནས་ཧ་ཅང་ཡིད་འཕྲོག་མྱོང་། འདི་ངས་རྫོང་སར་བཤད་གྲྭ་ལ་ངེས་པར་དུ་ཀློག་དགོས་པའི་སློབ་དེབ་ཀྱི་གྲས་སུ་འཇོག་དགོས་པ་མིན་འགྲོ་དྲན་བཞིན་ཡོད། ཅེེས་གསུངས་བྱུང་། འདི་ནི་ང་ལ་མཚོན་ན་ཧ་ཅང་དགའ་བར་འོས་པའི་འི་རྩོམ་ཡིག་འདི་བོད་ཡིག་ཏུ་སྒྱུར་བའི་དགོས་པ་འགྲུབ་བཞིན་ཡོད་པའི་སྔོན་བརྡ་ཧ་ཅང་གལ་ཆེན་ཞིག་རེད་སྙམ་དུ་སྤོབས་པ་ཆེན་པོ་སྐྱེས་བྱུང་། ཞེས་གསུངས་བྱུང་།
ད་དུང་གཞུང་འདིའི་རྒྱབ་ཆོས་ཀྱི་ཚུལ་དུ་སྒྱུར་བ་པོས་བརྩམས་པའི་བསམ་གཏན་ཆོས་བརྒྱུད་སྤྱི་དང་ཁྱད་པར་སྟེགས་མདོ་དང་འབྲེལ་བའི་ཞིབ་འཇུག་རྩོམ་ཡིག་《སྟེགས་མདོའི་སྟོང་ཐུན་ཉི་ཟླའི་འོད་ཟེར་》ཞེས་པའི་ཞིབ་འཇུག་རྩོམ་ཡིག་རྒྱས་པ་ཞིག་ཀྱང་ཟུར་རྒྱན་གྱི་ཚུལ་དུ་མཉམ་དུ་དཔར་སྐྲུན་བྱས་ཡོད།
དེབ་འདི་ད་ཆ་རྡོར་གདན་གྱི་བོད་མིའི་ཐང་ཁྲོམ་ཚོང་རའི་དཔེ་དེབ་ཁྲོམ་སྟེགས་དང་རྡོར་གདན་རྙིང་མ་དགོན་པའི་རྣམ་གྲོལ་གླིང་དཔེ་དེབ་བཙོང་ཡུལ་སོགས་ནས་གླུ་ཉོ་ཐུབ་ཀྱི་ཡོད།
ང་ཚོ་བོད་པ་ཚོར་ནང་པའི་བཀའ་བསྟན་འགྱུར་དང་བླ་མ་མང་པོའི་གསུང་རྩོམ་མང་པོ་ཡོད་པས། བོད་གདམས་ངག་གྱིས་ཕོངས་མེད། བོད་པ་ཚོས་ཉམས་ལེན་བྱེད་མ་ཐུབ་པས་ཕོངས་ཡོད། བླ་མ་ཅིག་ཅིག་གི་དྲུང་ནས་གསུང་ཆོས་མ་ཐོབ་པའི་དཀའ་ངལ་ཡང་དེ་བས་མེད། བླ་མ་ཅིག་ཅིག་གི་དྲུང་ནས་དབང་མ་ཐོབ་པའི་དཀའ་ངལ་ཡང་མེད། དཀའ་ངལ་ཆེ་ཤོས་ཏེ་གསུང་ཆོས་མང་པོ་ཐོབ་ནས་ཉེམས་ལེན་མ་བྱས་པའི་དཀའ་ངལ་དེ་རེད། །
བོད་ཀྱི་ཆོས་རྒྱལ་བཀའ་དྲིན་ཅན་ཚོས་སྲིད་ནོར་རྒྱུ་སྲོག་བློས་བཏང་སྟེ། དཔྱད་པ་མཐིལ་ཕྱིན་པ་བྱས་རྗེས། ནང་ཆོས་ཀྱི་ཁུངས་དེ་རྒྱ་གར་རང་ལ་ལེགས་པར་གཟིགས་ཏེ་ནལཎ་ཊའི་མཁན་པོ་སོགས་གདན་འདྲེན་ཞུས་ནས་གཏན་ལ་ཕབ་ཡོད། དཔལ་ས་སྐྱའི་ཆོས་རྒྱུད་འཛིན་པ་རྣམས་ཀྱིས་དེའི་རྗེས་སུ་བྲངས་ཏེ་ད་བར་ལྟ་སྤྱོད་གང་ལའང་བཀའ་བསྟན་གྱུར་ཁོ་ནར་གཙིགས་ཆེན་མཛད། ད་རྫོང་གསར་བཤད་གྲྭར་དཔལ་འབྱོར་འདུ་འགོད་དང་རྒྱའི་སྦྱིན་བདག་གྱི་ངོ་བསུ་ཆེད་རྒྱ་མི་རིགས་ཀྱི་དཔེ་ཆ་བོད་པའི་བཤད་གྲྭའི་ནང་སིམ་འཛུལ་བྱས་ན། མཇུག་འབྲས་དེ་ཡག་པོ་མི་ཡོང་བ་གཏན་འཁེལ།
སྒྱུར་པ་པོ། མཁན་པོ་རྫ་ཚེ་རིང་བཀྲ་ཤིས་མཆོག་ལ་མཚམས་འདྲི་ཞུ།
རྗ་ཚེ་རིང་བཀྲིས་ལགས། འཚམས་འདྲིས་བཀྲིས་བདེ་ལེགས། འདི་ལྟ་མཛད་སྤྱོད་ལ་མངོན་པར་བསྟོད་དོ།
བཙན་བྱོལ་སྤྱི་ཚོགས་ནང་ཞན་ཆ་ཆེ་ཤོས་དེ་དཔེ་དེབ་བལྟ་
ཀློག་བྱེད་མཁན་མེད་པའི་དཀའ་ངལ་དེ་རེད།
དཔེ་དེབ་བཙོང་ཡུལ་སོགས་ནས་གླུ་ཉོ་ཐུབ་ཀྱི་ཡོད།
འདི།
དཔེ་དེབ་བཙོང་ཡུལ་སོགས་ནས་སླུ་ཉོ་ཐུབ་ཀྱི་ཡོད།
དཔེ་ཆར་མ་ལྟས་མི་ཤེས་པས་་་་་
དཔེ་དེབ་བཙོང་ཡུལ་སོགས་ནས་གླུ་ཉོ་ཐུབ་ཀྱི་ཡོད།
མགོ་སྐོར་སླུ་འདྲིད་དང་། འདྲ་བའི་ཚུལ་གྱིས་བརྗེ་ལེན་གྱི་སྒོ་ནས་ཉོ་བའམ། ཡང་ན། དཔེ་ཆ་དང་། སྐུ་གསུང་ཐུགས་རྟེན་བླུ་ཉོ་བྱས། ཞེས་བ་དང་་ས་གང་རུང་ལས་ག་གླུ་རྩ་བ་ཉིད་ནས་མི་ཐོབ།