རོང་པོ་བློ་བཟང་རིན་ཆེན།
དེ་རིང་ངལ་གསོ་ཡིན་དུས་ཞོགས་ཉལ་ཡག་ཐག་ཆོད་ཅིག་བྱས་ཏེ། རང་ཤག་ཏུ་གད་དར་བྱས། བདུག་སྤོས་བཟང་པོ་ཞིག་བསྒྲོན་ནས་<<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་>>གྱི་<<ཆེས་ཐོག་མའི་སྲོག་ཆགས་>>ཞེས་པའི་ལེ་ཚན་འདི་མུ་མཐུད་དུ་ཀློག་འགོ་བརྩམས།
ནང་པའི་ཆོས་གཞུང་དུ་“ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ།།”ཞེས་འཁོར་བ་དང་སྲོག་ཆགས་ཀྱི་ཐ་མ་ཡོད་མེད་མཁས་པའི་བཞེད་པ་མི་མཐུན་ཡང་། ཐོག་མ་མེད་པ་ནི་ཁ་གཅིག་གྲགས་ཡིན་པར་སྙམ། གང་ལྟར་ནང་པའི་གཞུང་ལུགས་ལྟར་ན་ཚེ་སྲོག་གི་ཐོག་མ་མི་རྙེད་པར་མ་ཟད། དེ་མེད་པར་སྒྲུབ་བྱེད་ཀྱི་གཏན་ཚིགས་ཀྱང་ཡོད་ངེས། འོན་ཏེ་ཚན་རིག་པ་དག་གིས་སྲོག་ཆགས་ཀྱི་ཐོག་མ་འདོད་པར་མ་ཟད། ཆེས་ཐོག་མའི་སྲོག་ཆགས་དངོས་འཛིན་ཡང་བྱེད་བཞིན་ཡོད། འོན་ཀྱང་ཁོང་ཚོས་གནའ་དུས་ཀྱི་དཔེ་དེབ་ཚད་ལྡན་ལ་གཞི་བཅོལ་བ་དང་། རྒྱུ་མཚན་ཡང་དག་ལ་བརྟེན་པ་མ་ཡིན་པར། འགྱུར་རྡོ་དང་ཕྱི་སྐོགས་སོགས་རང་བྱུང་ཁམས་ཀྱི་གླེགས་བམ་ལ་བརྟེན་ནས་ཐག་གཅོད་བྱས་པ་རེད། དེའང་མཐར་དེད་ན་རྣག་ཉའི་ཆར་གཏོགས་ཀྱི་སྲོག་ཆགས་ཡན་དུ་སྲོག་ཆགས་ཡོད་པའི་བདེན་དཔང་མ་རྙེད་པ་ཙམ་རེད། བདེན་དཔང་མ་རྙེད་པ་ནི་བདེན་དཔང་མེད་པ་མིན་པས། ཁོང་ཚོའི་སྐད་ཆའང་མཐའ་གཅིག་ཏུ་བདེན་པའི་ངེས་པ་མ་མཆིས་སོ།།
ནེ་རུ་ཁོང་གིས་རྣག་ཉ་ནི་ས་སྒང་འདིའི་སྟེང་གི་ཆེས་ཐོག་མའི་སྲོག་ཆགས་ཡིན་པ་ཐག་བཅད་བྱས་ཤིང་། དེ་ནས་རིམ་བཞིན་སྡིག་སྲིན་དང་། འབུ་སྲིན། ཉ་རིགས་ངོ་མ་དང་། སྦྲུལ་དང་གླང་ཆེན་སོགས་ཕྱི་སྐོགས་མཁྲེགས་པོ་ཅན་གྱི་སེམས་ཅན་དག་བྱུང་བ་དང་། འགྲོ་བ་མི་ནི་སྲོག་ཆགས་བྱུང་རིམ་གྱི་ཁྲོད་ནས་ཆེས་ཐ་མའི་གྲས་སུ་གཏོགས་པར་བསྙད། ད་དུང་ཁོང་གིས་ལྗོན་ཤིང་དང་། རྩི་ཤིང་། མེ་ཏོག་དང་སྔོ་ཚལ་སོགས་ཀྱིས་ཆུ་འཐུང་བ་དང་། མཁའ་རླུང་འབྱིན་རྔུབ་སོགས་ཀྱང་བྱེད་པས་དེ་དག་སྲོག་ཆགས་ཡིན་མིན་ལ་དོགས་སློང་ཡང་མཛད་པར་མ་ཟད། རྡོ་ལའང་ཚེ་སྲོག་ཡོད་པ་ཚན་རིག་པ་ལྗ་ངྒཱ་ངྷེ་ཤི་བྷོའོ་སིས་འདོད་པར་བརྗོད་ཡོད། གང་ལྟར་ཚིག་གི་སྦྱོར་བ་འཇམ་པོ་ཞིག་གིས་བུ་མོར་འཚམ་པའི་གདམས་པ་གནང་འདུག
མཆན།•རྣག་ཉ་ཟེར་བ་ནི་མཚོ་སྐར་ལ་གོ་རྒྱུ་ཡིན་པ་འདྲ། མཚོ་སྐར་ནི་མཚོ་བྲག་གི་སྲུབས་བར་ན་གནས་ཤིང་ཕལ་ཆེར་དབྱིབས་ལེབ་མོ་སྐར་མ་ཟུར་ལྔ་དང་འདྲ་ལ་པགས་ངོས་སུ་རྡོ་ཐལ་གྱི་ཚེར་མས་གཡོགས་པའི་སྲོག་ཆགས་ཤིག་གོ
2019/1/14ལ་རང་ཤག་ཏུ་བྲིས།
ཐོག་མའི་སྲོག་ཆགས་གང་ནས་བྱུང།
མཐའ་མ་སྲོག་ཆགས་གང་དུ་འགྲོ།
ཐོག་མཐའི་སྲོག་ཆགས་གནས་ལུགས་དེ།
སྟོང་པའི་ངང་དུ་བཞག་ན་དགའ།
ཚན་རྩལ་རིག་པས་བསྟན་པའི་གཟུགས་འཛིན་དང།
ནང་ཆོས་རིག་པས་བསྟན་པའི་སྟོང་ཉིད་གཉིས།
དུག་སྦྲུལ་དཀར་ནག་ཤེལ་དམ་གཅིག་གི་ནང།
གསོ་སྐྱོང་འགན་ཁུར་བྱེད་པ་བློ་མ་བདེ།
གཟུགས་འཛིན་སྒོམ་ན་གཟུགས་སྙན་མཐོང།
སྟོང་ཉིད་སྒོམ་ན་སྟོང་པ་མཐོང།
གང་ཡང་མ་སྒོམ་འཕྱར་རྒྱུ་མེད།
འཕྱར་མེད་པ་ལ་འདུ་རྫི་མེད།
ཚན་པ་དང་པོ་ནས་ཚན་པ་བཞི་པ་བར་བཀླགས་ཚར། སྙན་པོ་འདུག