ཨེ་མ་ཧོ།
ན་མོ་མ་ཧཱ་གུ་རུ་ཨ་མ་མ་ལོ་ཡེ།།
༡༽
ཨ་མ་མ་སྐྱེས་དབྱིངས་ཆེན་ནམ་མཁའ་ལས།།
ཨ་མ་མ་འགགས་འོད་གསལ་ཉི་ཟླའི་གར།།
ཨ་མ་མ་ལོས་བྱམས་བརྩེའི་ཕྲིན་ལས་འོད།།
ཨ་མ་མ་གྱུར་འགྲོ་བའི་མགོན་པོ་མཛོད།།
༢༽
ཨ་མ་མ་དྲན་ཉི་མ་གཅིག་ཀྱང་མེད།།
ཨ་མས་མ་བརྩེ༌ལོ་ཟླ་ཞག་དུས་དབེན།།
ཨ་མ་མ་ལོའི་ལུས་ངག་དཀའ་ངལ་སེལ།།
ཨ་མ་མ་སྨད་གཟི་མདངས་རྒྱས་གྱུར་ཅིག།
༣༽
ཨ་མ་མ་མཆིས་ང་ཡང་གནས་འདིར་མེད།།
ཨ་མས་མ་ལུས་བདག་ལ་གཅེས་པར་སྐྱོང་།།
ཨ་མ་ཟླ༌མེད༌ཨ༌བུ༌ཁེར༌རྐྱང་ངས་།།
ཨ་མ་བདེ་བའི་སྨོན་ལམ་རྒྱ་མཚོ་འདེབས།།
༤༽
ཨ་མ་མ་གཡོགས་བསམ་པ་ང་ལ་མེད།།
ཨ་མ་མ་བརྩེ་བསམ་པ་དེ་བས་མེད།།
ཨ་མ་གཅེས་པའི་དགེ་བའི་རྩ་བ་འདིས།།
ཨ་མ་འཛམ་གླིང་སྟེང་གི་དབུས་ན་བཞུགས།།
༥༽
ཨ་མའི་དོན་དུ་སྐྱབས་འགྲོ་སེམས་བསྐྱེད་ནས།།
ཨ་མ་མཆོད་པའི་མཎྜལ་རྒྱུན་དུ་འབུལ།།
ཨ་མ་བརྩེ་དུང་གུས་པས་ཕྱག་འཚལ་ཕྱིར།།
ཨ་མ་མ་བརྙེས་ཐམས་ཅད་མཐོལ་ལོ་བཤགས།།
༦༽
ཨ་མའི་སྒོམ་སྒྲུབ་ཀུན་ལ་ཡི་རང་དང་།།
ཨ་མའི་ཞལ་གདམས་ཆོས་ལ་བསྐུལ་བ་བྱས།།
ཨ་མ་མྱ་ངན་མི་འདའ་བཞུགས་གསོལ་འདེབས།།
ཨ༌མའི་དགེ་རྩ་ཀུན་ལ་བསྔོ་སྨོན་བྱ།།
༧༽
ཨ་མའི་སྐྱེ་བ་དམ་པའི་ཆོས་ཀྱིས་འཚོ།།
ཨ་མའི་རྒ་བ་ཚེ་དང་སྒྲུབ་པ་མཉམ།།
ཨ་མའི་ན་བ་བག་ཆགས་སྒྲིབ་པ་སྦྱོང་།།
ཨ་མ་འཆི་བས་འཇའ་ལུས་འཕོ་ཆེན་ཤོག།
༨༽
ཨ་མའི་ལྟ་བ་རྫོགས་པ་ཆེན་པོས་ངང་།།
ཨ་མའི་སྒོམ་པ་བདེ་བ་ཆེན་པོའི་དཔལ།།
ཨ་མའི་སྤྱོད་པ་གནས་བརྟན་ཉེ་བ་འཁོར།།
ཨ་མའི་གྲུབ་འབྲས་ཚེ་གཅིག་གཏན་སྲིད་ཟིན།།
༩༽
ཨ་མ་རྒྱ༌མཚོའི༌གཏིང༌གི་ནོར་བུ་བཞིན།།
ཨ་མ་སྙིང་ནས་དུང་བ་རིན་པོ་ཆེ།།
ཨ་མས་མི་ལུས་རིན༌ཆེན༌རང་ལག་ཏུ།།
ཨ་མས་སྐལ་བཟང་གནང་བར་བཀའ་དྲིན་ཆེ།།
༡༠༽
ཨ་མས་མི་རྟག་བདེན་བཞིས་ཆོས་འཁོར་བསྐོར།།
ཨ་མ་སྣོད་བཅུད་ཐམས་ཅད་བདེན་མེད་གསུངས།།
ཨ་མ་སྒེག་མོས་མི་རྟག་མངོན་སུམ་སྟོན།།
ཨ་མས་འདུས་བྱས་ཐམས་ཅད་མི་རྟག་བསྟན།།
༡༡༽
ཨ་མས་ལས་འབྲས་རྟེན་འབྲེལ་བསླུ་མེད་མཛད།།
ཨ་མའི་སྙིང༌གི༌མཐིལ༌ན་དགེ་སེམས་མཆིས།།
ཨ་མར་ལན་ཆགས་བསགས་པ་ཐམས་ཅད་དག།
ཨ་མའི་དྲིན་ལན་འཇལ་བའི་རྒྱུ་འབྲས་ཟབ།།
༡༢༽
ཨ་མས་དཀའ་ངལ་འཁོར་བའི་སྡུག་བསྔལ་མྱོང་།།
ཨ་མ་ཆུང་དུས་ཕ་མའི་གཞན་དབང་སོང་།།
ཨ་མ་ཆེ་དུས་དབེན་པའི་རི་ལ་བྲོས།།
ཨ་མའི་གཤིས་ཀ་དྲང་བདེན་རིན་པོ་ཆེ།།
༡༣༽
ཨ་མ་འཁོར་བའི་གནས་ལས་ངེས་པར་འབྱུང་།།
ཨ་མ་རབ་བྱུང་ཚུལ་ཁྲིམས་རྣམ་པར་དག།
ཨ་མའི་བྱམས་བརྩེ་དུང་པ་ལྷ་ལས་ལྷག།
ཨ་མའི་སྙིང་རྗེ་ཀུན་ལས་ཁྱད་པར་འཕགས།།
༡༤༽
ཨ་མས་སངས་རྒྱས་དད་པ་འགྱུར་བ་མེད།།
ཨ་མས་སེམས་ཅན་དགའ་བ་མཚུངས་པ་མེད།།
ཨ་མས་བྱང་ཆུབ་སེམས་ལ་གཡོ་བ་མེད།།
ཨ་མ་བྱང་ཆུབ་སེམས་དཔའ་རིན་པོ་ཆེ།།
༡༥༽
ཨ་མས་སྦྱིན་གཏོང་འཁོར་འདས་ཆགས་པ་མེད།།
ཨ་མའི་སྡོམ་པ་སྲུང་བར་རློམ་སེམས་མེད།།
ཨ་མ་བཟོད་པའི་གོ་ཆ་མཆོག་ཏུ་བརྟན།།
ཨ་མ་ཉིན་མཚན་བར་མེད་ཆོས་ལ་བརྩོན།།
༡༦༽
ཨ་མ་ཏིང་འཛིན་རྒྱལ་པོའི་གཏན་སྲིད་ཟིན།།
ཨ་མ་ཤེས་རབ་ཕ་རོལ་ཕྱིན་པར་ཐོབ།།
ཨ་མའི་ཐབས་མཁས་དམིགས་མེད་སྙིང་རྗེ་ཆེ།།
ཨ་མའི་མཐུ་སྟོབས་ནུས་པ་བསམ་མི་ཁྱབ།།
༡༧༽
ཨ་མ་སྨོན་ལམ་རྒྱ་མཚོའི་གཏེར་རྒྱ་ཅན།།
ཨ་མ་ཡེ་ཤེས་དམ་པའི་དགོངས་པ་ཅན།།
ཨ་མ་དག་སྣང་རབ་འབྱམས་ཕྲིན་ལས་ཅན།།
ཨ་མ་ཀུན་བཟང་རྒྱལ་བ་རིན་པོ་ཆེ།།
༡༨༽
ཨ་མས་ཆོས་བརྒྱད་ཞེན་པ་རྩ་ནས་བཅད།།
ཨ་མའི་ཚོགས་དྲུག་སྣང་བ་དག་པར་ཤར།།
ཨ་མ་ཐུན་དང་ཐུན་མཚམས་དབྱེ་བ་མེད།།
ཨ་མ་ཡང་དག་རྣལ་འབྱོར་རིན་པོ་ཆེ།།
༡༩༽
ཨ་མས་བླ་མ་ཀུན་ལ་དད་གུས་ཆེ།།
ཨ་མས་ཡི་དམ་ཐམས་ཅད་བསྙེན་ཚད་ཕྱིན།།
ཨ་མས་མཁའ་འགྲོ་རྒྱ་མཚོའི་སྒྲུབ་མཛད།།
ཨ་མ་ཆོས་སྐྱོང་སྲུང་མ་རིན་པོ་ཆེ།།
༢༠༽
ཨ་མས་སྡུག་ཀུན་ཤེས་དང་སྤོངས་བར་མཛད།།
ཨ་མས་ལམ་བཟང་བསྟེན་ནས་འགོགས་པ་ཐོབ།།
ཨ་མའི་ལུས་སྲོག་དཀར་པོ་དགེ་བའི་ལུགས།།
ཨ་མ་རྒྱུན་དུ་དྲན་ཉེར་བཞི་ལ་གནས།།
༢༡༽
ཨ་མ་སྲིད་དོན་འཆམས་པའི་བཙུན་གཟུགས་མིན།།
ཨ་མ་གསེར་ཁྲིར་འགྱིངས་པའི་བདག་མོ་མིན།།
ཨ་མ་རྒྱ་བོད་དཀོར་གཟན་དེ་བས་མིན།།
ཨ་མ་ཉམ་ཆུང་ཆོས་པ་རྣམ་དག་ལགས།།
༢༢༽
ཨ་མ་སྐྱབས་རྗེ་མིང་གི་བརྫིག་རོ་དབེན།།
ཨ་མ་ཁྱབ་བདག་མིང་གིས་ཁྱབ་བསྒྲགས་མེད།།
ཨ་མའི་ལྷ་ཁང་གསེར་དངུལ་རྒྱུ་ངོམས་བྲལ།།
ཨ་མ་བྱ་བྲལ་མཚན་ཉིད་ལྡན་པ་ལགས།།
༢༣༽
ཨ་མས་བསྡུས་གྲྭར་མ་སྦྱོང་ངེས་འབྱུང་འཁྲུངས།།
ཨ་མས་རྩོད་གྲྭར་མ་རྒྱུགས་བྱང་སེམས་སྐྱེས།།
ཨ་མས་གོས་དཀར་མ་གྱོན་དག་སྣང་ཅན།།
ཨ་མ་གསུམ་ལྡན་རྡོ་རྗེ་འཛིན་མ་དངོས།།
༢༤༽
ཨ་མ་མཁའ་འགྲོའི་བཏགས་མིང་དགའ་བ་མེད།།
ཨ་མ་སྤྲུལ་སྐུའི་ཐམ་ཁ་དེ་བས་དབེན།།
ཨ་མས་ཟོག་པོ་བྱས་པ་སྣ་གཅིག་མེད།།
ཨ་མ་འདི་ནི་བདེན་པ་རིན་པོ་ཆེ།།
༢༥༽
ཨ་མའི་དགའ་ས་གསང་གསུམ་དབེན་པའི་གནས།།
ཨ་མའི་ཟ་མ་དཀར་ཟས་ཁོ་ནར་དགྱེས།།
ཨ་མའི་ལས་ཀ་ཐམས་ཅད་འགྲོ་ཀུན་དོན།།
ཨ་མའི་རྣམ་ཐར་ངེས་དོན་རྒྱལ་བའི་སྲས།།
༢༦༽
ཨ་མས་སྙིང་གྲོགས་བསླུ་པའི་ལོ་རྒྱུས་མེད།།
ཨ་མས་དྲིན་ལན་ལོག་འཇལ་བྱས་པ་མེད།།
ཨ་མ་ཞེ་སྡང་སྐྱེས་པ་མཐོང་མྱོང་མེད།།
ཨ་མ་དྲིན་ཆེན་དྲང་སྲོང་རྒྱལ་བ་ལགས།།
༢༧
ཨ་མའི་གནའ་རབས་གཤིས་བཟང་འགྱུར་བ་མེད།།
ཨ་མ་དེང་རབས་མིག་འཕྲུལ་དགའ་དུང་དབེན།།
ཨ་མ་ཀུན་བཟང་བླ་མའི་མཚན་གཞི་ཡིན།།
ཨ་མ་སྲིད་ན་དཀོན་པའི་ནོར་བུ་ལགས།།
༢༨
ཨ་མ་ང་རྒྱལ་དྲེགས་པའི་ཁེངས་སེམས་མེད།།
ཨ་མ་ཆགས་བྲལ་ཉན་རང་དགྲ་བཅོན་དངོས།།
ཨ་མ་འགྲོ་ལ་བརྩེ་བའི་ཏཱ་ར་ཉིད།།
ཨ་མའི་མི་ཚེ་གང་གི་ཐུགས་དམ་ལགས།།
༢༩༽
ཨ་མ་ལྟ་བ་མཁའ་བཞིན་མཐོ་ན་ཡང་།།
ཨ་མའི་རྒྱུ་འབྲས་བག་བྱེ་བས་ཀྱང་ཟབ།།
ཨ་མ་ཧ་ཤང་ལས་ལྷག་དག་སྣང་མཁན།།
ཨ་མ་རིག་འཛིན་གྲུབ་པ་མཐར་ཕྱིན་ལགས།།
༣༠༽
ཨ་མའི་ཕྱུགས་ལ་བྱམས་པའི་རྣམ་ཐར་དང་།།
ཨ་མའི་བུ་ལ་བརྩེ་བས་མགོན་སྐྱབས་རིགས།།
ཨ་མས་རི་ཁྲོད་བཞུགས་པའི་དཀའ་སྤྱད་སོགས།།
ཨ་མ་མི་ལ་རས་པ་ལས་ཀྱང་ལྷག།
༣༡༽
ཨ་མས་ཀུན་མཁྱེན་བརྒྱུད་པའི་བསྟན་པ་འཛིན།།
ཨ་མས་ཉིན་མཚན་བར་མེད་སྒོམ་པས་སྐྱོང་།།
ཨ་མས་བཟང་པོ་སྤྱོད་པའི་སྨོན་ལམ་སྤེལ།།
ཨ་མ་དམ་པའི་ཆོས་དང་ཀུན་ནས་འབྲེལ།།
༣༢༽
ཨ་མ་མཁའ་འགྲོ་བརྗོད་ན་མིན་ནོ་གསུངས།།
ཨ་མ་ཡང་སྲིད་གྲངས་མེད་ཡོད་དོ་གསུངས།།
ཨ་མ་སྐྱབས་འགྲོ་བྱང་སེམས་ལྡན་པར་གསུངས།།
ཨ་མས་ནམ་ཡང་དུས་ཚོད་བརླགས་མེད་གསུངས།།
༣༣༽
ཨ་མ་ཨོ་རྒྱན་བཏགས་ལ་མིང་དོན་མཚུངས།།
ཨ་མ་སྒྲོལ་མ་འབོད་པ་དོན་ལ་གནས།།
ཨ་མ་ཨོ་རྒྱན་སྒྲོལ་མ་རིན་པོ་ཆེ།།
ཨ་མ་དད་གུས་བཅས་ཏེ་ཕྱག་འཚལ་བསྟོད།།
༣༤༽
ཨ་མ་སྤྱི་བོའི་གཙུག་གི་ནོར་བུ་དང་།།
ཨ་མ་སྙིང་གི་ཡིད་བཞིན་ནོར་བུ་ཡིན།།
ཨ་མ་རྩ་བའི་བླ་མ་རིན་པོ་ཆེ།།
ཨ་མའི་མན་ངག་འཁོར་འདས་རང་གྲོལ་ལགས།།
༣༥༽
ཨ་མ་རྒྱ་མ་དྲང་པོའི་རྒྱ་རྡོ་བཞིན།།
ཨ་མ་མ་འདྲིས་བཤེས་ཆེན་པོ་ལགས།།
ཨ་མ་ཕྱོགས་རིས་མེད་པའི་མི་མོ་ཉིད།།
ཨ་མ་མཁས་གྲུབ་དམ་པའི་མཚན་ཉིད་ཚང་།།
༣༦༽
ཨ་མས་འགྲོ་བ་ཀུན་ལ་ཕ་མ་ཤེས།།
ཨ་མས་བླ་མ་ཐམས་ཅད་སངས་རྒྱས་མཇལ།།
ཨ་མའི་མཁྱེན་བརྩེ་ཡོན་ཏན་རིན་པོ་ཆེ།།
ཨ་མ་ཡང་དག་ཆོས་པའི་མཚན་གཞི་དངོས།།
༣༧༽
ཨ་མས་སིདྡྷིའི་བསྙེན་པ་དུང་ཕྱུར་གྲངས།།
ཨ་མས་མ་ཎི་དུང་ཕྱུར་དུ་མ་བསགས།།
ཨ་མས་སྒྲོལ་མ་འདོན་པ་གྲངས་མ་མཆིས།།
ཨ་མ་བསྐྱེད་རྫོགས་རིག་པ་འཛིན་མ་ལགས།།
༣༨༽
ཨ་མས་ཚན་རིག་པ་ལ་ངོ་དགའ་མེད།།
ཨ་མས་ལྷ་འདྲེ་མཆོད་ལ་ཆགས་སྡང་མེད།།
ཨ་མ་ཀུན་ལ་བྱམས་པའི་མ་མ་དངོས།།
ཨ་མ་འདི་འདྲའི་སྲིད་ཞིའི་ཁམས་ན་དཀོན།།
༣༩༽
ཨ་མས་རང་ཚུགས་མ་ཤོར་རང་རིག་རྟོགས།།
ཨ་མས་གཞན་སེམས་མ་དཀྲུགས་ཞི་བདེ་བསྐྲུན།།
ཨ་མ་ཐེག་ཆེན་དགོངས་དོན་རྒྱུད་ལ་འབྱོར།།
ཨ་མ་ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན།།
༤༠༽
ཨ་མས་གཙང་སྦྲ་ཕྱི་ནང་གསང་བ་མཛད།།
ཨ་མའི་བསྐྱེད་རྫོགས་སྲོག་སྡོམ་གཟེར་བཞི་ལྡན།།
ཨ་མ་རྫོགས་པ་ཆེན་པོའི་དགོངས་པ་ཅན།།
ཨ་མ་རྒྱལ་ཡུམ་དམ་པ་ཀུན་བཟང་མོ།།
༤༡༽
ཨ་མའི་སྐུ་ལུས་མཚན་དཔེ་ལང་ཚོ་བཀྲ།།
ཨ་མའི་གསུང་སྙན་ཚངས་དབྱངས་ཆོས་སྒྲ་ཤིས།།
ཨ་མའི་ཐུགས་རྗེ་སྟོབས་བཅུའི་ནུས་མཐུ་བདེ།།
ཨ་མའི་ཀུན་བཟང་ཕྲིན་ལས་ཀུན་ཁྱབ་ལེགས།།
༤༢༽
ཨ་མ་དད་གུས་དུང་བའི་ཚོར་བ་རྣམས།།
ཨ་མ་ཡོད་པའི་འགྲོ་ཡོངས་ལ་འབུལ།།
ཨ་མ་ཀུན་གྱི་བསམ་དོན་ལྷུན་གྱིས་གྲུབ།།
ཨ་མ་མ་གྱུར་འགྲོ་ཀུན་སངས་རྒྱས་ཤོག།
ཅེས་པ་འདི་ཡང་རབ་གནས་ས་ཕག་རྒྱལ་ཟླ་བའི་ཡར་ངོས་ཚེས་བཅུ་ལ་དྲིན་ཨ་མའི་ཕྱག་གཡོག་པ་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་དངོས་ཡོད་ཨ་མའི་མི་ཚེའི་རང་གཤིས་ལ་རྩི་མཐོང་ཡཔད་པ་སོ་སོའི་བློ་སྤོབས་ཆེན་པོས་གང་སྣང་དག་མདོར་བསྡུས་པ་ཙམ་ཨེ་ཝཾ་ཀུན་བཟང་ཆོས་གླིང་གི་ཛྙཱ་ན་གུ་རུའི་ལྷ་ཁང་། ཨ་མ་རིན་པོ་ཆེའི་སྐུ་དྲུང་ནས་ཡོངས་སུ་བགྱིས་པར་དགེའོ།། །། ཤྲཱིཿསརྦ་ལོ་ཀ་བི་ཛ་ཡནྟུ།།