རྔ་བ་རྒྱལ་ཁམས་པ།
ཕྲན་ལོ་ན་ཆུང་སྐབས་རྫོང་གི་སྲང་ལམ་ན་ཡོད་པའི་རྒྱང་སྒྲོག་དུང་ཆེན་ལས་ཡང་ཡང་ཐོས་རྒྱུ་ཡོད་པ་ཞིག་ནི། ཀྲུང་གོ་དམངས་ཆེན་རྒྱུན་ལས་ཀྱི་ཨུ་ཡོན་ཀྲང་གཞོན་པ “པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན”ཞེས་རྗོད་ཀྱིན་པ་དེ་རེད། དེ་དུས་པཎ་ཆེན་རིན་པོ་ཆེ་བོད་ཀྱི་བླ་མ་སྙན་གྲགས་ཅན་ཞིག་ཡིན་པར་ཧ་གོ་མོད། ཁོང་གི་རྣམ་ཐར་ལོ་རྒྱུས་ལ་ཆ་རྒྱུས་ཅིའང་མེད། ནམ་རྒྱུན་སྲང་ལམ་ན་ལྡོམ་བཞིན་འགྲོ་སྐབས། ཙག་སྒྲ་ཆེ་བའི་རྒྱང་སྒྲོག་དུང་ཆེན་དེ་ལས་རྒྱ་མིའི་སྐད་ཀྱིས། གསར་འགྱུར་ཅི་ཞིག་ཤོད་སྐབས་གསལ་བོ་ཞིག་ཧ་མ་གོ་ནའང་། “པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན”ཞེས་པའི་མཚན་དེ་ཐོས་སྐབས་སེམས་ལ་དགའ་སྣང་ཞིག་རང་བཞིན་གྱིས་ཡོང་གི་ཡོད། རྒྱུ་མཚན་ཅི་ཡིན་གསལ་བོ་ཞིག་བཤད་མི་ཤེས་ཀྱང་། ཆོས་འཇིག་གང་གི་ཐད་ནས་ཀྱང་ནར་མ་སོན་པའི་ང་ལ་མཚོན་ན་མཇལ་མ་མྱོང་བའི་བླ་མ་ཁོང་གི་མཚན་དེ་ཐོས་ཐེངས་རེར་རང་ཉིད་ལ་གཉེན་ཉེ་དང་རྒྱབ་རྩ་བརྟན་པོ་ཅི་ཞིག་ཡོད་པའི་ཚོར་སྣང་ཤར་ཡོང་བ་ཡིན། རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་ཞེས་པའི་ཚོགས་འདུ་ཆེན་པོ་དེ་ཚོགས་ཐེངས་རེར། ཚོགས་འདུའི་སྐབས་ཀྱི་སྤུས་ཀ་གཙང་བའི་ཚོན་ལྡན་གྱི་བརྙན་པར་རྣམས་རྫོང་གི་དཔེ་ཆ་ཚོང་ཁང་ཆུང་ཆུང་ཞིག་ཡོད་པ་དེའི་ནང་ཉོ་རྒྱུ་ཡོད་ལ། ངའི་ཞང་བོས་བརྙན་པར་དེ་དག་ལས་འགའ་རེ་ཉོས་ཏེ་ཁོང་གི་གཟིམས་ཁང་གི་རྩིག་ངོས་སུ་སྦྱར་བཞིན་ཡོད། དེ་ནི་ཕལ་ཆེར་མི་ལོ་སུམ་ཅུའི་ཡར་སྔོན་གྱི་གནས་ཚུལ་ཞིག་ཡིན་ནའང་། ད་ལྟའང་བརྙན་པར་དེ་དག་ལས་ཡིད་ལ་ཝ་ལེར་དྲན་ཐུབ་པ་ཞིག་ནི། དུས་ཕྱིས་རྒྱ་གཞུང་གི་ཁ་ཐད་དུ་ལང་བའི “མི་བཞིའི་ཤོག་ཁག”ཅེས་པའི་ནང་གི་དམག་ལྭ་ལྗང་མདོག་གོན་པའི་རྒྱ་མི་ཕོ་སར་རྫིག་པོ་བང་དཔུང་བུན་ཞེས་པ་དེ་དང་། ཁྲོམ་ཐོག་ཟིལ་གྱིས་གནོན་པའི་བོད་ཀྱི་བླ་མ་བརྗིད་ཉམས་ཅན་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་རེད། ང་ཕོད་དང་འཕགས་པ་ལྷ་གཉིས་ཀྱང་རབ་རུབ་རེ་དྲན། རྒྱ་ནག་གི་ཚན་འཕྲུལ་ག་ལེར་ཡར་རྒྱས་ཕྱིན་པ་དང་ཆབས་ཅིག དཔལ་འབྱོར་གྱི་འཁོས་ཀ་དང་གློག་གི་ཞབས་ཞུ་ཅུང་བཟང་བའི་ཁྱིམ་ཚང་འགའ་རེས་གཟུགས་བསྐྱེད་གློག་བརྙན་འཕྲུལ་འཁོར་ཉོས་ཏེ་སྐབས་དེའི་རྒྱ་ནག་གི་གསར་འགྱུར་དང་། གློག་བརྙན་འགའ་རེ་ལའང་བལྟ་ཐུབ་པ་བྱུང་ཡོད། ངའི་སྲིང་མོ་རྒན་པ་དང་མོའི་ཁྱོ་ག་གཉིས་རྒྱ་གཞུང་གི་ལས་བྱེད་རེ་ཡིན་པས་རྫོང་ཐོག་ན་ཡོད་པའི་ཁོང་ཚོའི་ཁྱིམ་དུ་བརྙན་འཕྲིན་ཞིག་ཡོད་པ་དང་། ངའི་ཉེ་སར་གཏོགས་པའི་རྫོང་ཐོག་གི་མི་ཚང་གཞན་པ་ཞིག་ལའང་བརྙན་འཕྲིན་ཞིག་ཡོད་པས། བརྙན་འཕྲིན་དེ་གཉིས་ཀར་བལྟ་རྒྱུའི་གོ་སྐབས་འཚོལ་བ་ནི་ངའི་མངོན་འདོད་ཡོད་ན་མེད་ན་ཞིག་ཡིན། ཀུན་གཟིགས་ཁོང་ནམ་རྒྱུན་བརྙན་འཕྲིན་དུ་ཕེབས་སྐབས། བོད་ཆས་རང་མནབས་ཡོད་སྟབས། བརྙན་འཕྲིན་གྱི་ཁོར་ཡུག་དེ་རྒྱུན་ལྡན་ལས་རྣམ་པ་གཞན་ཞིག་ཏུ་འགྱུར་འགྲོ་ཞིང་། གཟིགས་མཁན་རྒྱ་བོད་སུ་ཞིག་ཡིན་ཀྱང་པཎ་ཆེན་རིན་པོ་ཆེ་ཞེས་དོ་སྣང་དམིགས་བསལ་བ་ཞིག་འདྲེན་བཞིན་ཡོད། ཉེ་དུས་མཇལ་བའི་སྐུ་པར་ཞིག་མ་གཏོགས་ངས་རིན་པོ་ཆེས་ཕྱི་ལུགས་ཀྱི་ནབ་བཟའ་བཞེས་ཡོད་པ་ཞིག་ཕལ་ཆེར་མཇལ་མ་མྱོང་། བྱིས་དུས་དེར་ཕྲན་གྱིས་བོད་དང་བོད་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་ཅེས་པ་ཅིའང་མི་ཤེས་ཀྱང་། ཕོ་ཉམས་དང་སྟོབས་རྩལ་རྒྱས་པའི་བླ་མ་ཁོང་གིས་བོད་ཀྱི་ཕྱུ་པ་མནབ་སྟེ་རྒྱ་བོད་ཀྱི་ཁྲོམ་ཐོག་ཟིལ་གྱིས་གནོན་དུས་བརྗོད་མི་ཤེས་པའི་དགའ་སྤོབས་ཆེན་པོ་སྐྱེ་བཞིན་ཡོད། བླ་མ་ཁོང་ནི་དབུ་དང་ཞལ་རས་ཆེན་པོ། ཤངས་མཐོ་ཞིང་སྤྱན་དཀྱུས་རིང་ལ་གོར་ཞེད་ཅན། སྙན་ཤལ་རིང་བོ་ཡོད་པ། སྐུ་སྟོད་དང་མགུལ་བ་གཟེངས་སེ་ཡོད་པ་ཞིག་རེད་ལ། བརྗིད་ཉམས་ཆེ་བས་འཁྲིས་ན་མི་སུ་ཞིག་ཡོད་ནའང་ཟིལ་ཤུགས་ཀྱིས་གནོན་འགྲོ་ངེས་ཤིག་བཞུགས། དེ་ནི་གུས་པས་བྱིས་པའི་དུས་སུ་མཇལ་བའི་པཎ་ཆེན་རིན་པོ་ཆེ་རེད།
ཆོས་སྒོ་བསྐྱར་ཕྱེ་དང་། བོད་ཀྱི་སྐད་ཡིག་རིག་གཞུང་།
ལོ་རྒྱུས་ལས་བཤད་ཚུལ་ལྟར་བྱས་ན་པཎ་ཆེན་རིན་པོ་ཆེར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲང་གཞོན་པའི་མཚན་གནས་ཕུལ་རྗེས། ༡༩༦༠-༡༩༦༣བར་ལོ་གསུམ་གྱི་རིང་བོད་ཀྱི་ས་ཁུལ་སོ་སོའི་ནང་ཕེབས་ཏེ་བོད་ཀྱི་འཚོ་བའི་གནས་སྟངས་དང་། བསམ་བློའི་འདུ་ཤེས། ཁོར་ཡུག་གནས་བབ་སོགས་ལ་བརྟག་ཞིབ་གཟབ་ནན་བཏང་སྟེ། བོད་ཀྱི་དཀའ་སྡུག་སྐོར་གྱི་སྙན་ཞུ་ཐེངས་མང་ཕུལ་བ་མ་ཟད། སྐབས་དེའི་རྒྱ་གཞུང་གི་གནད་ཡོད་དཔོན་རིགས་མང་བོས་ཁོང་གི་སྙན་ཞུའི་ཐད་བདེན་པ་ཡིན་མིན་གྱི་བརྟག་དཔྱད་རབ་དང་རིབ་པ་བྱས་རྗེས་མ་ཉེས་ཁ་ཡོག་གི་ཉེས་པ་ཕོག་སྟེ་སྤྱི་ལོ༡༩༦༨ལོར་བཙོན་དུ་བཅུག་འདུག སྔ་ཕྱིར་བསྡོམ་པས་མི་ལོ༡༤ཡས་མས་སུ་ཁྲིམས་འོག་ཏུ་ཚུད་ནས་དཀའ་སྡུག་དཔག་ཏུ་མེད་པ་ཞིག་མྱང་ཡོད་ཀྱང་། ཁོང་གི་དྲང་བདེན་གྱི་གནས་ཚུལ་དང་དཔའ་མཛངས་ཀྱི་སྙིང་སྟོབས་ལ་སུས་ཀྱང་གླགས་རྙེད་མ་ཐུབ། ཁོང་དགུང་ལོ༣༨ཕེབས་པ་སྤྱི་ལོ༡༩༧༧ལོའི་ཟླ༡༠བའི་ནང་བཙོན་གྲོལ་ཐོབ་ཡོད་པ་དང་། སྤྱི་ལོ༡༩༨༠ལོར་ཁོང་སླར་ཡང་རྒྱལ་ཡོངས་དམངས་ཆེན་གྱི་ཨུ་ཡོན་ཀྲང་གཞོན་པར་བསྐོས། སྐབས་དེ་ནི་མའོས་གཙོས་རྒྱ་ནག་གི་གནད་ཡོད་མགོ་ཁྲིད་མང་བོ་ཞིག་ཤི་ཟིན་པའི་དུས་ཤིག་ཡིན་པར་བཤད། སྐུ་དབང་བསྐྱར་གསོ་བྱས་རྗེས་སླར་ཡང་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་དང་། བོད་རང་སྐྱོང་ཁུལ་གྱི་ས་གནས་སོ་སོར་ཕེབས་ནས“མང་གཙོའི་བཅོས་བསྒྱུར” དང་། “རིག་གནས་གསར་བརྗེ་ཆེན་པོ”ཞེས་པའི་ཐལ་མཐའི་དྲག་སྤྱོད་ལས་བྱུང་བའི་གོད་ཆག་རྣམས་བསྐྱར་གསོའི་མཛད་འཕྲིན་སྐྱོང་མགོ་ཚུགས་ཤིང་། བོད་ཀྱི་ས་ཁུལ་ཁག་ཏུ་དབུས་གཞུང་གིས་རྩ་ཁྲིམས་ནང་གཏན་ལ་ཕབ་པའི་མི་རིགས་ས་གནས་རང་སྐྱོང་གི་ཁེ་ཕན་ཁག་ཁ་ཡོད་ལག་ཡོད་ཀྱིས་ལག་བསྟར་དངོས་ཕན་ཡོང་བར་ཛ་དྲག་གིས་འབོད་སྐུལ་དང་ལས་འགུལ་སྤེལ་ཡོད། དེ་དང་ཆབས་ཅིག་བོད་མི་ཚོར་རང་གི་སྐད་ཡིག་དང་། རིག་གཞུང་། ཆོས་དད་སོགས་ལ་རང་དབང་ཅུང་ཟད་ཐོབ་སྟེ། ཁྱིམ་ཚང་སོ་སོས་ཁྱིམ་ནས་ཞབས་རིམ་འདོན་པ། མངོན་གསལ་དོད་པོས་བསང་གསོལ་བྱེད་པ། ལག་འཁོར་དང་ཕྲེང་བ་སླར་ཡང་འཆང་ཐུབ་པ་བྱུང་སྟེ། བོད་ཀྱི་ཡུལ་གྲུ་སོ་སོ་ནས་གཏོར་བཅོམ་བྱས་པའི་སྒར་དགོན་རྣམས་བསྐྱར་བཞེངས་ཀྱིས་དགེ་འདུན་གྱི་སྡེ་རིམ་པས་ཆོས་ཀྱི་མཛད་སྒོར་འདུ་ཚོགས་ཀྱི་མགོ་བརྩམས། དེ་དུས་ང་ཚོའི་ཡུལ་གྱི་ཁྱིམ་ཚང་ཕལ་ཆེར་གཅིག་གིས་གཅིག་ལ་ལད་ཟློས་ཀྱིས་ལོ་ན་བཅུ་གྲངས་ལས་མ་སོན་པའི་བྱིས་པ་རྣམས་གྲྭ་བསྒྱུར་གྱིས་རང་ཁོངས་དགོན་སྡེ་སོ་སོར་འཇོག་པའི་ཚ་རླབས་ཤིག་གང་སར་འཕྱུར། ངའང་དགེ་བའི་ཕན་ཡོན་དང་སྡིག་པའི་ཉེས་དམིགས་ཞེས་པར་བསམ་བློའང་འཁོར་མ་མྱོང་བའི་དུས་ཤིག་ནས་རབ་ཏུ་བྱུང་སྟེ་དགོན་པར་སོང་། དེ་དུས་ང་ཚོའི་དགོན་པར་མང་ཇ་གཏོང་མཁན་དང་། སྐུ་འགྱེད་རྒྱག་མཁན་མང་དྲགས་ཏེ་གཏོང་ཕོད་སུ་ཆེ་ལ་འགྲན་རྩོད་ལྟ་བུ་བྱེད། འཆར་ཅན་རྟ་ཟླའི་ལྔ་མཆོད་དང་། ཆོ་འཕྲུལ་སྨོན་ལམ་ལྟ་བུའི་ནང་ཉིན་རེར་མི་མང་ཤོག་དངུལ་སྲང་ལྔ་བཅུ་ལྷག་ཅིག་གི་ཡོང་སྒོ་ཡོད་པས། བྱིས་པ་ཆུང་ཆུང་ལོ་ལྔ་དྲུག་ལས་མ་སོན་པ་རྣམས་ཀྱང་གཟན་དམར་བོ་རེ་གོན་ནས་ཚོགས་གྲལ་དུ་འདུ་སྒོ་ལེན་དུ་ཡོང་ཞིང་། སྐབས་རེར་གྲྭ་གཞོན་དར་མ་དག་གིས་བྱིས་པ་དེ་ཚོ་ལག་པས་བཏེགས་ཏེ་གྲལ་མགོ་ནས་གྲལ་སྨད་བར་ཡར་འཕེན་མར་འཕེན་བྱས་ཏེ་རྩེད་མོ་བྱེད་པའང་མཐོང་རྒྱུ་ཡོད། འདུ་ཁང་རྙིང་བ་ཆ་ཤས་ཞིག་རལ་དུ་སོང་ཡོད་ནའང་ནང་དུ་གོས་ཆེན་ཁ་དོག་སྣ་ཚོགས་པས་མཆོད་རྒྱན་དང་། འོད་ཁང་གི་བཀོད་པ་སྣ་ཚོགས་པ། འབྲུག་སྒྲ་ལྡིར་བ་ལྟ་བུའི་དབུ་མཛད་ཀྱི་གསུང་དབྱངས་དང་། གོས་ཆེན་གྱི་སྟོད་འགག་ལ་ཕྲུག་ཐེར་གྱི་གཟན་ཤམ་དང་། འབག་བརྒྱངས་པའི་མཆོད་དབྱངས་པ། ཟུར་བཞི་ལྡན་གྱི་ལྕགས་གཡུག་ཟང་གསེར་གྱི་རྒྱན་རས་ཕྲ་མོ་དོད་པའི་དགེ་གཡུག(ཕལ་སྐད་དུ་ཨོ་ཏེ་ཟེར)། ཕྱག་ཏུ་འཆང་བའི་དགེ་བསྐོས་དག་གི་སྒྲིག་ཀུན་སྤྱོད་ཀྱི་ཚོགས་གཏམ་དང་ཟིལ་ཤུགས། རིགས་ལམ་གྱི་མེ་སྟག་བརྡར་བའི་ཚོགས་ལང་དང་། འཛིན་གྲྭའི་གཏུགས་འདུག དུང་དང་རྒྱ་གླིང་། རྔ་སྦུབ་རོལ་མོའི་སྤོས་འདྲེན་གྱི་ཀློང་ནས་བསུ་སྐྱེལ་བྱེད་པའི་ཚོགས་ཆེན་མཁན་པོའི་ཕེབས་བཞུགས་དང་བཀའ་ཆོས། ད་དུང་འབྲོང་ངར་མ་ལྟ་བུའི་དགེ་གཡོག་སྟོབས་ཆེན་དག་གི་ཤོམ་དང་འགྱིང་འགྲོས། བྱམས་པ་གླིང་སྐོར། མར་ཚོན་གྱི་ལྷ་བཤོས་ཆེན་མོ་སོགས་ངོ་མཚར་བའི་སྲོལ་རྒྱུན་དག་གིས་ཡིད་ཀུན་ཏུ་གཡོ་བར་བྱེད་པ་དང་། མང་ཇ་རེ་རེིའི་སྐབས་ཤ་དང་། མར། སིལ་ཏོག དགུན་འབྲུམ། འོ་ཇ་སོགས་མཚོ་མོ་ལྟེམ་ལྟེམ་བྱས་པའི་ངང་ཚུལ་དེ་དག་ལ་བསམ་བློ་གཏོང་ཡོང་དུས། བོད་དད་ལྡན་མི་མང་གིས་ཆོས་དང་དགེ་འདུན་གྱི་སྡེར་འཛིན་པའི་དད་སེམས་དང་གཏོང་ཕོད་ནི་ངོ་མ་ཧ་ལས་དགོས་པ་ཞིག་རེད། དེ་ལྟར་ཆོས་སྒོ་ཕྱེ་ནས་རིང་བོར་མ་འགོར་བར༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེས། བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་སོ་སོར་ཕྱོགས་རིས་བྲལ་བའི་དགོངས་གཟིགས་ཀྱིས་ཆོས་སྡེ་ཁག་གི་བསླབ་གསུམ་སྡེ་སྣོད་ཀྱི་འཆད་ཉན་སྒོམ་སྒྲུབ་རྣམས་ཉམ་པ་སོར་ཆུད་དང་། མ་ཉམ་གོང་སྤེལ་སླད་དག་སེལ་ལེགས་བཅོས་གནང་སྟེ། སྐབས་དེའི་གསེར་རྟ་བླ་རུང་གི་རྣུ་རྫོགས་མཁན་པོའམ༧སྐྱབས་རྗེ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་ལ་སྐུ་དངོས་ཀྱིས་བཀའ་སྩལ་དབང་ཆ་གནང་སྟེ་བོད་ཁུལ་གྱི་དགོན་སྡེ་སོ་སོར་དག་ཐེར་མཛད་ཡོད། ངའི་དགོན་པ་དགེ་ལུགས་ཀྱི་ཆོས་སྡེ་ཞིག་ཡིན་པའི་ཆ་ནས་ཆོས་བརྒྱུད་གཞན་དང་། ལྷག་པར་རྙིང་ཕྱོགས་ལ་དེ་ཙམ་གྱིས་ཤེས་རྟོགས་དང་གུས་བརྩི་མེད་ཀྱང་། ༧ཀུན་གཟིགས་མཆོག་གི་མཚན་གནས་རྗེས་འབྲེལ༧མཁན་ཆེན་འཇིགས་མེད་ཕུན་ཚོགས་ང་ཚོའི་དགོན་པར་གློ་བུར་དུ་ཕེབས་སྐབས། འདོད་རུང་མ་འདོད་རུང་དགོན་པའི་ལས་སྣེ་དང་གྲྭ་མང་བྲེལ་བྲེལ་ཚུབ་ཚུབ་ངང་ཉིན་དེར་ཕྱི་ལ་བཤར་ནས་སེར་སྦྲེང་གིས་ཕེབས་བསུ་བྱས་པ་ངས་ཀྱང་དྲན།
༧པཎ་ཆེན་རིན་པོ་ཆེ་ནི་རྒྱ་ནག་དམར་བོའི་སྲིད་གཞུང་གིས་བོད་རྩ་མེད་དུ་བཟོ་བའི་ལྐོག་ཇུས་ཁག་མེ་ཤུགས་ཕུར་མདའ་ལྟར་འཕེན་ཡོང་སྐབས། དཔའ་ངར་ཆེན་པོའི་སྒོ་ནས་སྐུ་སྲོག་འབེན་དུ་བཙུགས་ཏེ་བོད་ཀྱི་སྣོད་བཅུད་སྲུང་མཁན་ཁྲོ་ལྕགས་ལས་གྲུབ་པའི་ལྕགས་རི་མཁྲེིགས་པོ་ཞིག་རེད། ཁོང་གིས་གསུང་མྱོང་བའི་བཀའ་སློབ་དང་། འཕྲིན་སྐུལ་དག་ལ་ཞིབ་ཏུ་ཉན་ཡོང་དུས་ང་ཚོ་རང་དབང་གི་ལུང་བར་ཡོད་པའི་བོད་མི་དག་གིས་ཀྱང་ཁོང་གིས་རྒྱ་དམར་ལ་ཁ་ཐད་གཏོང་སྟངས་ལས་ལྷག་པ་ཞིག་བྱས་ཨེ་ཡོད་སྙམ་པའི་ཚོར་སྣང་སྐྱེས། རེད་དེ་ཁོང་ནི་དངོས་གནས་མེ་མདའ་དང་རྩེ་གྲིའི་སོ་ཁ་ནས་ལང་སྟེ་མཛད་འཕྲིན་བསྐྱངས་པ་ཞིག་སྟེ། ༡༩༨༦ལོའི་ལྷ་ལྡན་སྨོན་ལམ་ཆེན་མོའི་གསུང་བཤད་ཅིག་ཏུ། “ཡིན་ནའང་མི་རིང་ཆར༧རྒྱལ་བ་ཐམས་ཅད་མཁྱེན་པའང་བོད་ལ་ཕེབས་རྒྱུ་བྱུང་ནས་ལྷ་སའི་སྨོན་ལམ་སོགས་ཆོས་ཀྱི་མཛད་སྒོ་ཁག་གཙོ་སྐྱོང་གནང་བའི་བསྐལ་བ་བཟང་བོ་འཆར་བའི་སྨོན་འདུན་ཡོད། ཁོང་གིས་ཉེ་ཆར་རྒྱ་གར་དུ་དུས་འཁོར་དབང་ཆེན་གནང་བ་ དེ་ནི་བསྟན་པའི་མཛད་རྗེས་རླབས་པོ་ཆེ་ཞིག་རེད། ༧རྒྱལ་བ་རིན་པོ་ཆེ་དང་ངེད་གཉིས་ཆོས་གྲོགས་ཡིན། ང་ཚོའི་བར་ལ་མི་འགྲིག་པ་དེ་འདྲ་ག་གེ་མེད། ཡིན་ནའང་། དེང་སང་མི་རེ་ཟུང་གིས་དཀྲོག་གཏམ་བཟོས་ནས་སྔར་གྱི་གཞུང་བླའི་དམ་ཚིག་གི་སྐདཆ་དེ་འདྲ་ལབ་ངེས་ཅུང་ཙམ་ཡོང་གི་འདུག ངས་སྔོན་ནས་དེ་འདྲ་མ་ལབ་ན་ཡག་འདུག་ཅེས་བཤད་རྒྱུ་བྱུང་། དེ་འདྲ་ལབ་ན་དགོས་མེད་སྐྱོན་བརྗོད་མ་གཏོགས་སངས་རྒྱས་བསྟན་པ་དང་བོད་མི་རིགས་ལ་གནོད་སྐྱོན་ལས་ཡོང་མི་སྲིད། ངས་མི་རིགས་ཀྱི་མཐུན་སྒྲིལ་བྱེད་དགོས་ཟེར་གྱི་ཡོད། མི་རིགས་ཀྱི་མཐུན་སྒྲིལ་ལ་ཆ་གསུམ་དུ་དབྱེ་ཡོད། ཆ་དང་པོ་དེ་ང་ཚོས་རྒྱ་བོད་ཀྱི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས། བོད་རང་ལ་མཚོན་ན་ང་ཚོས་ངེས་པར་དུ་རྒྱ་རིགས་བློ་མཐུན་ལ་བརྩི་འཇོག་བྱེད་དགོས། ཁོ་ཚོར་མཐུན་འགྱུར་རོགས་རམ་བྱེད་དགོས། ཁོ་ཚོས་རང་གི་ཕ་ཡུལ་རིང་དུ་བཞག་སྟེ་བོད་ལ་རྒྱབ་སྐྱོར་བྱེད་དུ་ཡོང་བར་དགའ་བསུ་ཞུ།
ཕྱོགས་གཞན་ཞིག་ནས་ཁོང་ཚོ་ཡིན་ནའང་ང་ཚོ་བོད་མི་མང་ལ་ལྷག་བསམ་རྣམ་དག་ཁ་ཞེ་གཉིས་མེད་ཐོག ཞབས་འདེགས་གནང་དགོས་པ་རེད་མ་གཏོགས་ང་ཚོ་འདིར་དཔོན་པོ་བྱེད་དུ་ཡོང་མདོག་དང་། ང་ཚོ་ཁྱོད་ཚོ་ལས་ལྷག་པ་ཡིན་མདོག་བྱས་ན་རྩ་བ་ནས་ཡག་པོ་མ་རེད། ང་ཚོ་འདྲ་མཉམ་གྱི་རྨང་གཞིའི་ཐོག་ནས་རྒྱ་བོད་མི་རིགས་ཀྱི་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས། གཉིས་སུ་བོད་མི་རིགས་དང་མི་རིགས་ཆུང་ཁག་གཞན་དག་གི་བར་ཡིན། བོད་རང་ལ་ཡིན་ནའང་མོན་པ་དང་། ཀློ་པ། ཁ་ཆེ། ས་གནས་གཞན་ནས་ཡོང་བའི་མི་རིགས་གཞན་སོགས་ཡོད། དེ་དག་བཅས་པའི་མི་རིགས་མཐུན་སྒྲིལ་བྱེད་དགོས། གསུམ་དུ་ང་ཚོས་བོད་མི་རིགས་ནང་ཁུལ་ལ་ངེས་པར་མཐུན་སྒྲིལ་བྱེད་དགོས། བོད་མི་རིགས་ལ་མཐུན་སྒྲིལ་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཞིག་ཏུ་བརྩི་གི་ཡོད། ངས་ངལ་བ་ཁྱད་བསད་ཀྱིས་བོད་ནང་ཁུལ་གྱི་མཐུན་སྒྲིལ་དང་དེ་ལ་སེམས་ཁུལ་བྱེད་བཞིན་ཡོད། དེ་ལ་གནོད་བསྡད་ཡོད་པའི་བྱ་བ་ཚང་མར་ངོ་རྒོལ་དང་དགག་པ་རྒྱག་གིན་ཡོད། “ཞེས་གསུངས་འདུག ཡང་ཁོང་གིས་༡༩༦༢ལོར་ཕུལ་བའི “ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ”ཞེས་རྒྱ་དམག་གིས་བོད་བཙན་བཟུང་བྱས་པ་ནས་རིག་གནས་གསར་བརྗེ་ཆེན་པོ་མགོ་མ་ཚུགས་པར་གྱི་བོད་ནང་བྱུང་བའི་གོད་ཆག་གཏོར་བཅོམ། བསད་རྨས། མུ་གེ་སོགས་ཉེས་སྐྱོན་ཚང་མ་ཞིབ་རྒྱས་ཀྱི་ཚུལ་དུ་བསྔོ་བགྲང་ཐེར་འདོན་བྱས་ཏེ་རྒྱ་གཞུང་གིས་རང་གི་ཉེས་སྐྱོན་ངོས་ལེན་དང་། བོད་ལ་འདོད་བློ་ཚིམ་ངེས་ཀྱི་གུན་གསབ་སྤྲོད་དགོས་པའི་གདོང་འདེད་བཏང་ཡོད། འོན་ཀྱང་སྟབས་མ་ལེགས་པ་ཤིག་ལ་ཁོང་གི་ཉེས་སྐྱོན་གདོང་འཛུགས་ཀྱི་ཛ་དྲག་སྙན་ཞུ་དེས་མའོ་ཚེ་ཏུང་གི་མཚང་ལ་ཐད་ཀར་ཕོག་སྟེ་སྔ་ཕྱིར་བསྡོམས་པས་ཁོང་ལ་མི་ལོ༡༤ཁྲིམས་ཆད་ཕོག་ཡོད། དེ་ལྟར་ནའང་ཁོང་གློད་གྲོལ་བྱུང་ནས་སྐུ་མ་གཤེགས་པར་གྱི་ལོ་བར་བཅུ་གྲངས་ཀྱི་དུས་ཚོད་ཐུང་ངུ་དེའི་ནང་ཁོང་གིས་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུའི་ནང་གི་དགོངས་འཆར་ཁག་དང་། རིག་གསར་ལས་བྱུང་བའི་གོད་ཆག་རྣམས་རིམ་པས་གཙང་སེལ་བོད་ཡུལ་འཛུགས་སྐྲུན་གྱི་དོན་དུ་ཉིན་མཚན་ཁོར་མོ་ཡུག་ཏུ་ཧུར་འབད་སྐུ་ངལ་ཚད་མེད་བསྐྱོན་གནང་ཡོད། དཔེར་ན་ཕྲན་ལ་ད་ལྟ་ཡོད་པའི་སུམ་རྟགས་དག་གསུམ། སྒྲ་སྙན་སྨན་རྩིས། ལོ་རྒྱུས་དེབ་ཐེར། ནང་དོན་རིག་པའི་དཔེ་དེབ་སོགས་ཕལ་ཆེར་ཞིག་ཁོང་སྐུ་འཚོ་བཞུགས་ཀྱི་ལོ་གྲངས་བརྒྱ་ཅུ་གྱ་གྲངས་ནང་པར་སྐྲུན་བྱས་པ་ཤ་སྟག་རེད། ལྷག་པར་སྤྱི་ལོ༡༩༨༣ལོར་སྐབས་དེའི་འབར་ཁམས་གྲོང་རྡལ་གྱི་མགོ་གཙོ་རྔ་ཁུལ་གཅའ་དཔོན་པོ་མགོན་པོ་དོན་གྲུབ་ཀྱིས་གཙོ་འགན་བླངས་ཐོག༧ཀུན་གཟིགས་རིན་པོ་ཆེར་དགོངས་སྐོར་ཞུས་ཏེ་ལྷ་སའི་རྩེ་ཞོལ་གྱི་བཀའ་འགྱུར་ལ་མ་དཔེ་བྱས་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཐོག་མར་འཕྲུལ་པར་ཏུ་བརྒྱབ་པ་དང་། དེ་རྗེས་རྔ་བའི་སྒོ་མང་དགོན་པའི་བླ་མ་ཧྭར་བ་ཨ་ལགས་འཇམ་དབྱངས་བློ་གྲོས་ཀྱིས༧ཀུན་གཟིགས་མཆོག་ལ་སྙན་ཞུ་དགོངས་སྐོར་དང་ཆོག་མཆན་ཞུས་ཏེ། མི་དབང་བསོད་ནམས་སྟོབས་རྒྱལ་གྱིས་བཞེངས་པའི་བསྟན་འགྱུར་གསེར་བྲིས་མའི་ཐོག་དཔེ་རྙིང་མང་བོ་བསྣན་ནས་གཡོ་རུ་འཕྱོང་རྒྱལ་པོའི་ཕོ་བྲང་དུ་བཞེངས་པར་གྲགས་པའི་བསྟན་འགྱུར་ལ་ཕྱི་མོ་བྱས་ཏེ་ཕྱོགས་སྒྲིག་བྱས་པའི་བསྟན་འགྱུར་ཤིན་ཏུ་ཁུངས་དག་པོད་གྲངས་ཉིས་བརྒྱ་ཉི་ཤུ་རྩ་དྲུག་གི་བདག་ཉིད་ཅན་ཞིག་ཡོད་པ་དེ་ཉིད་གཞིར་བཟུང་སྟེ། ༡༩༩༠ལོར་བསྟན་འགྱུར་ཚར་གཅིག་སྟོང་རྔ་ཡུལ་ལིས་རྫོང་ནས་པར་བསྐྲུན་གྱིས་བོད་ཁམས་ཡོངས་སུ་དར་སྤེལ་ཕྱིན་འདུག དེ་དག་ནི་བཀའ་བསྟན་འཕྲུལ་པར་དུ་བཏབ་པ་ཆེས་ཐོག་མའི་གྲས་སུ་གཏོགས་ཤིང་། དེའང་ཀུན་གཟིགས་མཆོག་གི་བླ་ན་མེད་པའི་ཐུགས་རྗེ་དང་། ལས་ལ་བརྩོན་པའི་རྔ་ཡུལ་མི་མང་གི་བཀའ་དྲིན་ཉག་ཅིག་ལས་བྱུང་བ་ཞིག་རེད། ཨ་ལགས་ཚེ་ཏན་ཞབས་དྲུང་དང་། དམུ་དགེ་བསམ་གཏན། རྡོ་རྗེ་རྒྱལ་བོ། དུང་དཀར་བློ་བཟང་འཕྲིན་ལས། མི་ཉག་མཁྱེན་རབ་འོད་གསལ། ཨ་ལགས་གཟན་དཀར་པ། བསེ་ཚང་། ཤར་གདོང་སྤྲུལ་སྐུ། ཨ་ལགས་དོར་ཞི་སོགས། བོད་རང་གི་མཁས་པ་རྣམས་ཀྱང་ཁོང་སྐུ་འཚོ་བཞུགས་སྐབས་ངོ་སོ་མཐོ་ཞིང་བོད་ཀྱི་ཤེས་རིག་འཛིན་སྐྱོང་གི་ཐད་དབང་ཤུགས་ཀྱང་མི་ཆུང་བ་རེ་ཡོད། གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང་དང་། གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད། གཞོན་ནུ་དྲུག་གི་རྟོགས་བརྗོད། སྣང་ས་འོད་འབུམ། ཡེ་ཤེས་ལྷ་མོ་དང་མགར་བ་སྟོབས་རྒྱལ། མི་རོ་རྩེ་སྒྲུང་། ཡིད་འཕྲོག་ལྷ་མོ། མདོ་མཛངས་བླུན་སོགས་མི་མང་ཀློག་པར་སྤྲོ་བའི་སྒྲུང་དང་རྣམ་ཐར་གྱིས་མཚོན། རྒྱལ་རབས་ལོ་རྒྱུས། རྟོགས་བརྗོད་རྣམ་ཐར། རྒྱ་བོད་མཁས་པའི་གསུང་འབུམ་སོགས་དཔེ་ཆ་མང་བོ་པར་སྐྲུན་གྱིས་བོད་རྒྱ་ཆེའི་མང་ཚོགས་ཀྱི་ཡིག་རྨོངས་སེལ་ཞིང་བསམ་བློའི་གནས་ཚད་གོང་འཕེལ་དུ་འགྲོ་བར་དགེ་མཚན་ཆེན་པོ་བསྐྲུན་ཡོད། དུས་དེབ་ཀྱི་ཐད་ནས་ཀྱང་སྦྲང་ཆར། མང་ཚོགས་སྒྱུར་རྩལ། རྩོམ་རིག་སྒྱུ་རྩལ། ཟླ་ཟེར། སྤང་རྒྱན་མེ་ཏོག བོད་ལྗོངས་ཞིབ་འཇུག མཚོ་སྔོན་སློབ་གསོ་སོགས་དུས་དེབ་མང་བོ་གཅིག་རྗེས་གཉིས་མཐུད་དུ་བྱུང་ཞིང་། མི་རིགས་ཀྱི་ལ་རྒྱ་དང་། མེས་རྒྱལ་གྱི་གཟི་བརྗིད་ལ་གོ་རྟོགས་ཇེ་མཐོར་ཕྱིན་པའི་བོད་རིག་པའི་སྨྱུག་ཐོགས་པ་མང་བོ་བྱུང་སྟེ་ཡིག་ལམ་དང་། བརྙན་ལམ། སྒྱུ་རྩལ། ཐ་ན་ཁ་བརྡ་ཚུན་ཆད་ནས་ཀྱང་བོད་ཀྱི་ལས་དབང་དང་ཚེ་སྲོག་གི་འཚོ་གནས་ལ་དོ་སྣང་དང་བསམ་གཞིག་གཏོང་བའི་གནས་ཚད་མཐོན་པོ་ཞིག་ཏུ་སླེབས་ཡོད། ཁོང་གིས་བོད་ཁུལ་གྱི་ཤེས་ལྡན་མི་སྣ་མང་བོར་གཟིགས་བཟོས་བཀུར་རྒྱན་ཆེ་མཐོང་གནང་སྟེ་ཆེས་ཆེར་ཉམ་རྒུད་དུ་ཕྱིན་པའི་བོད་རིག་པའི་རྣམ་བཞག་རྣམས་ཕྱོགས་ཡོངས་ནས་བསྐྱར་གསོ་ཡོང་བར་བླ་ན་མེད་པའི་མཛད་རྗེས་ཆེན་པོ་བཞག་གནང་ཡོད། དཔལ་འབྱོར་གྱི་ཐད་ནས་ཀྱང་། ཡོད་ཚད་གུང་ལ་ལྟོས་དགོས་ཚེ་བཀའ་བཀོད་ཀྱང་གུང་ལྟར་བསྒྲུབ་དགོས་པ་དེ་ནི་བོད་ལ་ལྟོས་ན་ཤིན་ཏུ་སྟབས་ཀ་མི་བདེ་ཞིང་ཉེན་ཁ་ཅན་ཞིག་ཅིག་ཏུ་གཟིགས་ཀྱིན་ཡོད་པ་རེད། དེར་བརྟེན༧ཀུན་གཟིགས་མཆོག་གིས་སྔ་ཕྱིར་ “བོད་འཕེལ་རྒྱས་རོགས་སྐྱོར་ཐེབ་རྩ་ཚོགས་པ”དང་། “གངས་ཅན་ཀུང་སི”གཉིས་ཆེད་འཛུགས་ཀྱིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གཞོགས་འདེགས་དང་སྐུལ་འདེད་བཏང་སྟེ། བོད་ཡུལ་འཛུགས་སྐྲུན་ལ་སྤྱན་རྒྱ་ཡངས་པོའི་འཆར་འགོད་གནང་ཡོད་ཀྱང་། སྟབས་མ་ལེགས་པ་ཞིག་ལ། དེ་ལ་བརྟེན་ནས་མི་རེ་ཟུང་གིས་ཁོང་གི་མཚན་དུ “ཚོང་པ་རྒྱག་པ”ཞེས་མཚན་སྨོད་ཞུ་མཁན་ཡང་བྱུང་མྱོང་། ད་ལྟ་ཕྱི་འདང་ཞིག་བརྒྱབ་ན༧ཀུན་གཟིགས་མཆོག་བཙོན་གྲོལ་ཐོབ་པ་ནས་སྐུ་མ་གཤེགས་པར་གྱི་ལོ་དེ་དག་ནི། བོད་ལ་བསྐྱར་དུ་སྐྱིད་པའི་ཉི་མ་དང་རྫོགས་ལྡན་གྱི་དུས་ཤིག་ཤར་མྱོང་བའི་བསྐལ་བ་བཟང་བོ་ཞིག་རེད་ཅེས་ཀྱང་བཤད་ཆོག ཡང་གཅིག་བཤད་ན། སྐབས་དེ་ནི་ཕྱི་ན༧རྒྱལ་བ་རིན་པོ་ཆེ་དང་། ནང་ན༧པཎ་ཆེན་རིན་པོ་ཆེ་སྟེ། བོད་གངས་ཅན་ཀྱི་བླ་ན་མེད་པའི་སྐྱེས་ཆེན་སྟག་སེང་ཁ་སྤྲོད་ཀྱིས་མཛད་འཕྲིན་སྐྱོང་བཞིན་པའི་དུས་ཤིག་རེད། ༧རྒྱལ་བ་རིན་པོ་ཆེས་བོད་ཀྱི་བདེ་སྡུག་རྒྱལ་སྤྱིའི་གླེང་སྟེགས་སུ་འདྲེན་བཞིན་ཡོད་པ་དང་། ༧པཎ་ཆེན་རིན་པོ་ཆེས་བོད་ཀྱི་བདེ་སྡུག་དེ་བཞིན་བོད་པ་རང་ཉིད་ཀྱི་ཁེ་ཕན་དང་། ལ་རྒྱ་གཙོ་བོར་བཟུང་སྟེ་མཛད་འཕྲིན་སྐྱོང་བཞིན་ཡོད་པས། ཁོང་གི་སྐུ་ཚེའི་མཛད་པ་ཁག་ལ་ཞིབ་མོར་བསམ་བློ་གཏོང་ཡོང་དུས་བོད་མིའི་ཁ་རྒྱུན་དུ། “བུ་བོའུ་བ་གཉིས་དང་ལྡན།” “ བུ་བླ་མ་གཉིས་དང་ལྡན།” ཞེས་པའི་ཁ་དཔེ་དེ་སེམས་ལ་ཤར་ཡོང་།
པཎ་ཆེན་རིན་པོ་ཆེ་ངའི་ཕ་ཡུལ་དུ་ཕེབས་པ།
ངས་གསལ་བོ་ཞིག་མི་དྲན་ཡང་རབ་རུབ་ཅིག་དྲན་པ་ནི། ༡༩༨༢ལོའི་ལོ་མགོ་ཞིག་ཏུ་ལོ་དེར༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་རྔ་ཁུལ་དུ་ཕེབས་ཀྱིན་ཡོད་པའི་གནས་ཚུལ་ཕྱོགས་གང་སར་ཁྱབ་ཅིང་། གོ་ཐོས་ཤིག་ལ་རྔ་རྫོང་དང་འབྲེལ་ཡོད་མི་སྣས་ཆིབས་སྒྱུར་ཐད་གྲ་སྒྲིག་གང་ལེགས་བྱེད་ཀྱིན་ཡོད་པ་རེད་ཟེར། ང་ཚོའི་རུ་སྡེར་མཚོན་ན་ཁྱིམ་ཚང་རེས་སྒ་རྟ་སྲབ་གསུམ་དང་རུ་དར་གྱོན་ཆས་སྤུས་གཙང་རེ་སྔ་སེ་ནས་གྲ་སྒྲིག་བྱེད་ཀྱིན་འདུག ངའི་ཨ་ཕ་ལགས་ཀྱིས་ངེད་ཚང་ལ་རྟ་ཆེན་རྐྱང་རྐྱང་ཞིག་དང་། ཕ་རྒན་གྱི་གཞུང་རྟ་ནག་ནག་ཅིག་ཡོད་པ་དེ་གཉིས་གཟན་ཆས་གང་ལེགས་སྤྲད་ཐོག་རྒྱུན་དུ་སྤུ་ཤད་བརྒྱབ་སྟེ་གང་མཛེས་མཛེས་ཀྱི་ཉམས་འདོད་ཐབས་བྱེད། ངས་ཕ་རྒན་ལ་ཅིའི་ཕྱིའི་དེ་ལྟར་བྱེད་ཀྱིན་ཡོད་མེད་མ་དྲིས་ཀྱང་། ༧རིན་པོ་ཆེའི་ཆིབས་སྒྱུར་ཆེད་གྲ་སྒྲིག་བྱེད་ཀྱིན་ཡོད་པ་ལས་སླ་བོས་ཧ་གོ་ཐུབ། དེ་ནས་རིམ་པས་སྒ་དང་། སྲབ། རྨེད། ཡག སྟན་བཅས་ཕལ་ཆེར་གསར་བ་དང་། རྙིང་བ་འགའ་རེར་ལེགས་བཅོས་བཏང་སྟེ་གྲ་སྒྲིག་ཨང་སར་བྱས། དེ་དུས་གོས་ཆེན་ཤིན་ཏུ་དཀོན་པོ་ཞིག་ཡིན་ནའང་། ཁ་དོག་སྣ་ཚོགས་ལྡན་པའི་གཡང་ར་དང་། རུ་དར་ཆེན་པོ་གཉིས་ཀྱང་བཟོས། གྲ་སྒྲིག་དེ་དག་ནི་ཕལ་ཆེར༧རིན་པོ་ཆེ་ཆིབས་སྒྱུར་མ་གནང་གོང་གི་ཟླ་ངོ་ཁ་ཤས་རིང་བྱས་སོང་བསམ། ལོ་དེའི་སྟོན་དུས་ཟླ་བཅུ་བའི་ནང་ཞིག་ཨེ་ཡིན་ནམ་བསམ་ཕེབས་ཚེས་གསལ་བོ་ཞིག་མ་དྲན། གང་ལྟར་ཡང་སྐབས་དེ་ནི་རི་ཐང་དང་ཞིང་ནང་དུ་སྐྱ་མདོག་བབ་པའི་དུས་ཤིག་རེད། ཉིན་ཞིག་རྔ་རྫོང་སྟོད་སྨད་བར་གསུམ་གྱི་དད་ལྡན་སེར་སྐྱ་མང་ཚོགས་རྔ་རྫོང་གི་སྲང་ལམ་ཆེ་ཆུང་ཁག་ཏུ་ཞོགས་པ་སྔ་བོ་ཞིག་ནས་འཛོམས་ཤིང་། རུ་སྡེ་སོ་སོའི་གཟབ་འཆོར་སྤྲས་པའི་སྐྱ་མི་རྣམས་ཁྱུ་སྐོར་བྱས་ནས་འདུས་ཏེ་རང་རང་གིས་ཆིབས་བསུའི་ཐད་གྲོས་མོལ་ཞིག་བྱེད་ཀྱིན་ཡོད་པ་འདྲ། དེ་ལས་མི་རྒོད་རྟ་རྒོད་ཅན་ལ་ལ་རྟ་རྒོད་ཀྱིས་ཁ་ཁུར་བྱས་ཏེ་ཁྱུ་ཚོགས་ལས་ཡང་ཡང་ལོགས་སུ་གྱེས་ཏེ་བང་བསྟོད་བཞིན་པ་དང་། རྟ་མཆོག་འགའ་རེ་འགྲོས་བཟང་ཞིང་མགོ་མཆོད་ཡང་ཡང་འཕེན་བཞིན་འདུག རེ་ཞིག་ནས་མི་ཡག་རྟག་ཡག་ཅན་གྱི་ཕོ་རྒོད་རེས་མགོ་དྲངས་ཏེ་རིམ་པས་སྲང་ལམ་ནས་བཤར་ཏེ་མདུན་ཕྱོགས་སུ་བསྐྱོད་ཀྱིན་པའི་ངང་ཚུལ་ནི། དངོས་གནས་གླིང་སྒྲུང་ནང་གི་རྟ་གཤིབ་དང་དཔའ་རྟུལ་ཚོ་ས་འདིར་སླེབས་པ་དང་འདྲ། དེ་ནས་རིང་བོར་མ་ལོན་པར་སྲིད་ཞིའི་རྣམ་པར་འདྲེན་པ་ཆེན་པོ་པེ་ཅིན་ཕེབས་འཁོར་ཐོག་ཁེབ་མེད་པ་ཞིག་གི་ནང་ཡར་བཞེངས་སྟབས་སུ་ལང་སྟེ་དད་ལྡན་མང་ཚོགས་ལ་ཐུགས་མཉེས་པའི་ཕྱག་བརྡ་གཏོང་བཞིན་ཕེབས་བྱུང་། ཁོང་ཅི་འདྲའི་བརྗིད་ཉམས་ཆེ་བ་ལ། ངས་སྐུ་པར་དང་བརྙན་འཕྲིན་ཐོག་མ་གཏོགས་མཇལ་མ་མྱོང་བས་ཁོང་དངོས་སུ་མཇལ་སྐབས། དགའ་སྐྱོ་གང་ཡིན་བརྗོད་མི་ཤེས་པ་ཞིག་རེད། ཁོང་གི་སྐུའི་གཡས་གཡོན་དུ་མི་འགའ་ཤས་ཞབས་ཞུའི་ཚུལ་དུ་ལང་འདུག ཁོང་གིས་དབུ་ལ་ཞྭ་མོ་རྣ་བཞི་ཞིག་དང་སྐུ་ལ་ཕྱི་བ་ལྗང་ནག་ཅིག་མནབ་ཡོད་པ་དང་། རི་རབ་ལྟ་བུའི་སྐུ་ལུས་ལ་བོད་གདོང་མར་བའི་ཁ་མདོག་གི་སྨུག་མདང་རྒྱས་ཤིང་། དབུ་ཆེ་ཞིང་ཤངས་མཐོན་པོ་སྤྱན་ཟླུམ་པོར་ཞལ་མདང་སྨུག་དུང་ངེ་བ། སྤྱན་ཤེལ་ནག་པོ་མནབ་པ་ཤིན་ཏུ་གཟི་བརྗིད་ཆེན་པོ་ཞིག་རེད། སྐྱ་མི་སྟོང་ཕྲག་མང་བོའི་རྟ་རྒྱུག་གི་སྨིག་སྒྲ་དང་། རླངས་འཁོར་དང་རུ་དར་གྱི་འུར་སྒྲ། ཀི་བསྭོའི་འབོད་སྒྲ། དད་ལྡན་ཁྲི་འབུམ་མང་བོའི་དར་དིར་གྱི་དགའ་འབོད་དང་མཇལ་དར་གྱི་ཁ་བའི་ཁྲོད། དྲི་བཟང་འཐིལ་བའི་བསང་གསོལ་གྱི་དུ་བ་དཀར་པོ་སྤྲིན་པ་ལྟར་གཡོ་བའི་ཀློང་ནས་ཁོང་ཕེབས་བྱུང་། པཎ་ཆེན་ལགས་རིན་པོ་ཆེ། ཁྱེད་ངོ་མ་ཕེབས་བྱུང་། ང་ནི་ཕེབས་བསུའི་ཀློང་ནས་ལུས་པོའང་སྦྲིད་དེ་བརྗོད་མི་ཤེས་པའི་སྤྲོ་སྣང་ཞིག་གིས་གསོལ་འདེབས་ཀྱང་ངག་ནས་མི་ཁྲོལ་བར་གྱུར། ཤེས་རྟོགས་བྱུང་བར་ཁོང་གི་ཆིབས་ཁ་ཐད་ཀར་རྔ་རྫོང་སྣེ་ལེན་ཁང་ཞིག་ཡོད་དེའི་ནང་ཕྱོགས་སོང་ཟེར། མི་ཚོགས་ཀྱི་འདུ་བ་ཅུང་ཉུང་དུ་ཕྱིན་རྗེས། ང་ཚོ་གྲྭ་གཞོན་འགའ་ཞིག་སྣེ་ལེན་ཁང་དེའི་སྒོ་འགྲམ་དུ་ཕྱིན་ཡང་། སྲུང་དམག་གིས་ཕྱི་ནང་ཚང་མ་བཀག་འདུག་པས་ནང་དུ་འགྲོ་སྟབས་མ་ལྡན། རྔ་ཁུལ་གྱི་ས་ཆ་འདིར་ཕེབས་སྐབས་ཁོང་གི་སྐུ་འཁོར་ན་ཨ་ལགས་གུང་ཐང་རིན་པོ་ཆེ་ཚང་དང་། ཡོངས་འཛིན་རྒྱ་ཡག་ཚང་། ཡབ་གཞིས་གུར་མགོན་ཚེ་བརྟན། མ་ཡུམ་བསོད་ནམས་སྒྲོན་མ། རྒྱལ་ཁབ་མི་རིགས་དོན་གཅོད་ཁང་གི་ཀྲུའུ་རིན་གཞོན་པ་བོས་ཅན་ཧྭ་སོགས་མི་དྲག་ལྔ་བཅུ་ཡས་མས་ཤིག་ཡོད་པ་རེད་ཟེར། ཕྱི་ཉིན་ཞོགས་པ་ཆུ་ཚོད་བཅུ་བ་ཡས་མས་སུ༧རིན་པོ་ཆེ་མཆོག་ཆོས་སྡེ་ཆེན་པོ་ཀིརྟིའི་དགོན་དགེ་ལྡན་ལེགས་བཤད་གླིང་དུ་ཕེབས་ཤིང་། སྐྱ་སེར་འདུས་སྡེ་སྟོང་ཕྲག་མང་བོར་བཀའ་ཆོས་དང་མཇལ་ཁ་གནང་།
ཉིན་དེར་ཁོང་གི་ཕྱི་བ་སེར་བོ་ཧོར་ཐིལ་ཅན་ཞིག་མནབ་འདུག དུང་རྒྱ་གླིང་དང་རྔ་རོལ་གྱི་མཆོད་ཕྲེང་འོག་རིན་པོ་ཆེ་མཆོག་དགོན་པའི་འདུ་ཁང་རྙིང་མའི་མདུན་ཕྱོགས་རྡོ་གཅལ་གྱི་སྟེང་དུ་བརྒྱབ་པའི་ཆོས་ཁྲི་འཕང་མཐོན་པོར་བཞུགས། ཉིན་དེར་འདུས་མང་ལ་སྐྱབས་འགྲོ་སེམས་བསྐྱེད་དང་མདོ་གདུགས་སྒྲོལ་གསུམ་ཚེ་དབང་བཅས་ཀྱི་བཀའ་ཆོས་སྩལ། བཀའ་ཆོས་གྲུབ་རྗེས་འདུས་མང་ལ་ཕྱག་དབང་གནང་བ་ལྟར་གུས་པའང་ལག་ཏུ་ཁ་བཏགས་བཟུང་སྟེ། འཛིན་གྲྭའི་གོ་རིམ་བཞིན་ཕྲེང་བསྒྲིགས་ཏེ་མཇལ་ཁར་ཞུས། ༧པཎ་ཆེན་རིན་པོ་ཆེའི་སྐུ་གཟུགས་ཤིན་ཏུ་ཆེན་པོ་ཡིན་པས་གུས་པའི་མིག་ནང་དུ་མི་ཤོང་བ་ལྟ་བུའི་སྣང་བ་ཤར། སྣང་ཚུལ་དེ་ནི་ད་ལྟའང་སེམས་ངོར་གསལ་སང་ངེར་ཤར་བཞིན་འདུག ཡིན་ནའང་ཤིན་ཏུ་ཕངས་པ་ཞིག་ལ་སྐབས་དེར་བཀའ་སློབ་ཅི་ཞིག་བསྩལ་ཡོད་མེད་དྲན་ངོ་ན་མི་འདུག མདོར་བསྡུས་ན། ༼ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཞབས་ཟུང་གསེར་གྱི་འཁོར་ལོ་རྔ་ཁུལ་དུ་བསྒྱུར་བའི་སྙན་སྒྲོན་མ་ཡཱུ་རའི་འདབ་གུར།༽ཞེས་པར། “དོན་ཧྲིལ་གྱིས་དྲིལ་ན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྔ་བ་བོད་རིགས་རང་སྐྱོང་ཁུལ་དུ་ཆིབས་སྐྱོད་གནང་བའི་གནས་ཚུལ་ནི།
གཅིག ཁོང་རིན་པོ་ཆེ་མཆོག་རྔ་བ་བོད་རིགས་རང་སྐྱོང་ཁུལ་དུ་ཕེབས་ནས་བོད་ཁུལ་སློབ་གྲྭ་སོ་སོའི་གནས་བབས་ལ་ཞིབ་གཟིགས་དང་། དགེ་སློབ་ཡོངས་ལ་རང་གི་སྐད་ཡིག་གིས་མཚོན་པའི་རིག་གནས་དར་སྤེལ་བཏང་ནས་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་དར་སྤེལ་གཏོང་དགོས་པའི་སྐུལ་ལྕག་གནང་བ།
གཉིས། རྔ་ཁུལ་གྱི་རོང་འབྲོག་གི་ཁྱིམ་ཚང་མང་བོར་སྐུ་དངོས་ཕེབས་ཀྱིས་ཞིང་འབྲོག་པའི་འཚོ་བ་དངོས་ལ་རྒྱུས་ལོན་གནང་བ་དང་། ས་གནས་སོ་སོའི་ལས་བྱེད་པར་ཏང་གི་བསྒྱུར་བཅོས་སྒོ་འབྱེད་ཀྱི་སྲིད་ཇུས་ལག་ལེན་བསྟར་དགོས་པའི་འབོད་སྐུལ་གནང་བ།
གསུམ། ས་གནས་སོ་སོའི་བོད་རྒྱའི་ལས་བྱེད་པ་ཡོངས་ལ་གཡོན་ཕྱོགས་ཀྱི་བསམ་བློ་ངན་པ་དང་། ལམ་ལུགས་ངན་པ་རྩ་གཏོར་བཏང་ནས་ཏང་གིས་བོད་ཀྱིས་མཚོན་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་སོ་སོར་བཞག་པའི་ཡང་དག་པའི་སྲིད་ཇུས་ལག་ལེན་རྒྱུན་སྐྱོང་དགོས་པའི་གསུང་བཤད་ཚ་ནན་ཅན་གནང་བ།
བཞི། ཆོས་སྒོ་ཕྱེས་ཟིན་གྱི་དགོན་པ་ཁག་མང་བོ་ལ་སྐུ་དངོས་ཕེབས་ཀྱིས་བཀའ་ཆོས་དང་སློབ་གསོ་གནང་བ་དང་། གལ་ཆེན་གྱི་དགོན་པ་མང་བོ་ཞིག་ཞར་དང་ཞོར་ལ་ཆོས་སྒོ་འབྱེད་པའི་བཀའ་དྲིན་ཟླ་མེད་པ་བསྐྱངས་པར་མ་ཟད། ཁོང་གི་ཐུགས་བཀོད་ལྟར། རྒྱལ་ཡོངས་ཀྱི་སྤྲུལ་སྐུའི་དཔང་ཡིག་ཡོད་པའི་སྤྲུལ་སྐུ་ངོས་འཛིན་གྱི་ལམ་ལུགས་ཐོག་དང་བོར་རྔ་བ་བོད་རིགས་རང་སྐྱོང་ཁུལ་ནས་ལག་བསྟར་བྱས་ཏེ་ཨ་ལགས་བྲ་བོ་སོགས་ངོས་འཛིན་གནང་ཞིང་རྒྱལ་ཁབ་ཀྱིས་ངོས་ལེན་སྤྲུལ་སྐུའི་དཔང་ཡིག་ཐོབ་པ།
ལྔ། ས་གནས་སོ་སོའི་བོད་རིགས་ལས་བྱེད་པ་དང་ཤེས་ལྡན་ན་གཞོན་སྡེ་ཁག་གི་བསམ་འཆར་བསྡུ་ལེན་གནང་ཞིང་། ཏང་གིས་གྲངས་ཉུང་མི་རིགས་ས་ཁུལ་ལ་བཞག་པའི་སྲིད་ཇུས་དང་མི་མཐུན་པ་དང་། ཡང་ན་སྲིད་ཇུས་ལག་ལེན་དུ་བསྟར་མེད་པ་དག་ལ་སྐྱོན་བརྗོད་དང་ཁ་ཕྱོགས་ལམ་སྟོན་གསར་བ་གནང་བ་བཅས་སོ།།
མཇུག་ཏུ་རིན་པོ་ཆེ་ཉིད་ཀྱིས་ནམ་རྒྱུན་ཞལ་ནས་གསུངས་ཤིང་ཐུགས་ལ་བཅངས་པའི་གདམས་ངག་ཚིག་གསུམ་ལ་རང་ཅག་གིས་ཕྱིར་དྲན་དང་སློབ་སྦྱོང་བྱེད། དེ་དག་ནི། “ཡི་གེ་ཡོན་ཏན་མེད་ན་མི་རིགས་འདྲ་མཉམ་དོན་དམ་པར་ཡོང་གིན་ཡོད་པ་མ་རེད།”ཞེས་དང་། “བསམ་པའི་དཔལ་ཡོན་དར་སྤེལ་གཏོང་དགོས་ལ། དངོས་པོའི་དཔལ་ཡོན་ཀྱང་དར་སྤེལ་གཏོང་དགོས།” ཞེས་པ་དང་། “ང་ལ་དགའ་ཞེན་ཆེ་བ་གསུམ་ཡོད། རང་གི་ཆོས་ལུགས་ལ་དགའ་ཞེན་ཆེ་བ། མི་རིགས་ལ་དགའ་ཞེན་ཆེ་བ། མེས་རྒྱལ་ལ་དགའ་ཞེན་ཆེ་བ།”ཞེས་ནམ་རྒྱུན་གསུངས་བཞིན་པ་ཡིན་པས་རང་ཅག་གིས་རིན་པོ་ཆེ་ཉིད་ཀྱི་གསུང་གསེར་ནག་གི་ཐིགས་པ་དང་འདྲ་བ་འདི་དག་ནམ་ཡང་བརྗེད་མི་རུང་ཞིང་། ལག་ལེན་ལ་ཐེབས་པར་བྱེད་རྒྱུ་གལ་ཆེ་བ་ལགས།” ཞེས་པ་ལྟར་ཡིན་འདུག
༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་གཤེགས་པ།
ཉིན་དེ་ནི་ཕྱི་དྲོའི་ཆུ་ཚོད་གཉིས་པ་ཡས་མས་ཤིག་ཨེ་ཡིན་བསམ། དགོན་པའི་མཁར་རྔ་ལྷང་ལྷང་གྲགས་ཡོང་བའི་སྒྲ་ངའི་གྲྭ་ཤག་ནས་ཐོས་བྱུང་། དེ་ནི་འཆར་ཅན་གྱི་ཁྲུས་ཆོག་ཅིག་གམ་ཞབས་རིམ་ཞིག་ལས་ཛ་དྲག་གི་གནས་ཚུལ་ཞིག་ཡིན་པར་སེམས་ནའང་དྲན་མ་མྱོང་། ཚོགས་ཆེན་འདུ་ཁང་གི་ནང་གྲྭ་མང་གདན་དུ་བཞུགས་ཚར་རྗེས་ཚོགས་ཆེན་དགེ་སྐོས་ཀྱིས༧ཀུན་གཟིགས་མཆོག་པཎ་ཆེན་རིན་པོ་ཆེ་མཆོག་སྐུ་མྱ་ངན་ལས་འདས་པའི་གནས་ཚུལ་དེ་ཚོགས་ཐོག་ནས་ཡོངས་བསྒྲགས་བྱས་པ་དང་ལྷན་ཨ་ལགས་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོས་བརྩམས་གནང་བའི༧ཀུན་གཟིགས་མཆོག་གི་ཡང་སྲིད་མྱུར་འབྱོན་གསོལ་འདེབས་ཐུང་ངུ་ཞིག་པར་ལོག་བརྒྱབ་པ་གྲྭ་མང་ལ་བཀྲམས་ཏེ་ཚོགས་ཐོག་དེར་གསུང་གནང་སོང་། སྐབས་དེར་གུས་པ་ནི་གནས་ཚུལ་དེ་བདེན་པ་ཞིག་ཨེ་ཡིན་སྙམ་ནས་ཐེ་ཚོམ་གྱི་གནས་སུ་གྱུར། རྒྱུ་མཚན་ནི༧ཀུན་གཟིགས་མཆོག་སྐུ་ལུས་བདེ་ཐང་མེད་པའི་གནས་ཚུལ་ཞིག་དེ་སྔ་གོ་མ་མྱོང་ལ། བླ་མ་སྟོབས་ཆེན་གངས་ཀྱི་སེངྒེ་འདྲ་བ་ཞིག་འདི་ལྟར་གྲོངས་སྲིད་ཀྱི་མ་རེད་བསམ། གཙང་བཀྲ་ཤིས་ལྷུན་པོའི་ཚོགས་ཆེན་འདུ་ཁང་དང་དེའི་སྤེན་རྒྱན། ཟང་གསེར་གྱི་རྒྱ་ཕིབ། གསེར་ཏོག རི་དྭགས་ཕོ་མོ་ཟུང་། ད་དུང་རྒྱབ་རི་མཐོན་པོ་དེའང་སེམས་ནང་ཝ་ལེར་ཤར་བྱུང་། བླ་མ་ལགས། ཁྱེད་དངོས་གནས་གྲོངས་ཟིན་པ་ཡིན་ནམ། བསམས་ཤིང་བསམས་ཤིང་ངའི་འདོན་སྐད་ངུ་ངག་ཏུ་གྱུར་ཏེ་མིག་ནས་མཆུ་མ་བཞུར་བཞིན་ཟླ་གམ་གྱིས་མགོ་བཏུམ་སྟེ་རེ་ཞིག་ལུས། དུས་དེ་ནས་བཟུང་། ཉིན་ཞག་མང་བོའི་རིང་སྐྱོ་སྣང་གི་ཚོར་བ་ཕྲ་མོ་ཞིག་གིས་ལུས་སེམས་ཡོངས་སུ་ཁྱབ་སྟེ་ཅི་ལའང་ཡི་ག་མེད་པ་ཞིག་ཏུ་གྱུར། འགའ་རེས་བཤད་ན་ཁྱེད་རྒྱ་ནག་སྲིད་གཞུང་གིས་ལྐོག་གསོད་བཏང་བ་རེད་ཟེར། རྒྱ་དམར་གྱི་གསར་བསྒྲགས་ལྟར་ན་ཁྱེད་སྙིང་ཁམས་མི་བདེ་བའི་རྐྱེན་གྱིས་སྐུ་གཤེགས་པ་རེད་ཟེར། ཏིང་ཤོ་ཕེན་གྱི་བཞུགས་གནས་སུ་རྒྱ་དམར་མགོ་གཙོ་ཁག་ཅིག་ཁྱེད་སྐུ་སྲོག་བཀྲོངས་ཆེད་གསང་བའི་ཚོགས་འདུ་བསྡུས་ཡོད་པ་དང་། བིན་ཅ་པའོ་དང་། ཧོས་ཅིན་ཐོ་གཉིས་ཀར་ཁྱེད་མེད་པར་བཟོ་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད་ཟེར་བ་བདེན་པ་ཞིག་ཡིན་ནམ། གང་ལྟར་ཁྱེད་ཤ་རྒོད་གཟུགས་རྒོད་ཀྱི་ཕོ་དར་སྟག་འདྲ་བ་ཞིག་གློ་བུར་དུ་སྐུ་གཤེགས་པ་ནི་རྒྱུ་མཚན་གང་ཐད་ནས་བསམ་བློ་བཏང་རུང་དྭོགས་པ་ཆེན་པོ་མ་སྐྱེས་རང་སྐྱེས་ཤིག་རེད། ཁྱེད་སྐུ་འདས་རྗེས་ཀྱི་ལོ་བར་འདི་ཚོའི་རིང་། བོད་ནང་ལ་གོད་ཆག་རི་ཉིལ་ཉིལ་དང་། གནོན་ཤུགས་མཚོ་འཕྱུར་འཕྱུར་བྱས་སོང་། དེ་དག་ལས་རྒྱའི་མི་འབོར་ཉིན་བཞིན་བོད་ཡུལ་དུ་སྤོ་བཞིན་པ་དང་། བོད་ཀྱི་སྐད་ཡིག་རིག་གཞུང་གི་སློབ་གསོའི་སྲོག་རྩ་གཅོད་བཞིན་པ། འཛུགས་སྐྲུན་ལ་ཁ་གཡར་ནས་ཁོར་ཡུག་ལ་བསམ་ཡུལ་འདས་པའི་གཏོར་བཤིག་བཏང་བ། བོད་གཞོན་རྒྱ་བསྒྱུར་གྱི་ལྐོག་ཇུས་རྣམས་ནི་ཆེས་འཇིགས་སུ་རུང་བའི་ཉེན་ཁ་ཞིག་རེད། པཎ་ཆེན་ལགས། རིན་པོ་ཆེ། གལ་སྲིད་ཁྱེད་ད་དུང་སྐུ་འཚོ་བཞུགས་ཡོད་ན་མ་མཐའ་ཡང་གོད་ཆག་འདི་ཚོ་ལས་བརྒྱ་ཆའི་ལྔ་བཅུ་གཅོག་ཕྲི་ཐུབ་ངེས་པ་མ་ཟད། ཁྱེད་ཀྱི་དབུ་ཁྲིད་འོག་བོད་ནང་གི་བོད་མི་རྣམས་རྡོག་ལམ་བརྟན་པོ་ཞིག་གི་ཐོག་སྐྱོད་བཞིན་ཡོད་པར་ཡིད་ཆེས་བྱེད་ཆོག་པ་ཞིག་ཡིན། སྐབས་འདིར་ངས་སེམས་ངོར་ལྷག་པར་ཡང་དྲན་ཡོང་བ་ཞིག་ནི། ཁྱེད་སྐུ་འཚོ་བཞུགས་སྐབས་རྒྱ་མི་སྐོར་ཞིག་གིས། “བརྩེ་བ་མེད་པའི་གཉེན་མི”ཞེས་བོད་མི་རིགས་ལ་མཐོང་ཆུང་དང་། དམའ་འབེབས་བྱས་པའི་གློག་བརྙན་ཞིག་བཟོས་པར་ཁྱེད་ཀྱིས་ཐད་ཀར་དགག་བཞག་གནང་སྟེ་སྤྱི་ཚོགས་ཐོག་མཐོང་རྒྱུ་མེད་པར་བཟོས་པ་དེ་རེད། རིན་པོ་ཆེ་ལགས། ཁྱེད་འཇིག་རྟེན་འདིར་མི་སྣང་བར་གྱུར་ཀྱང་། ཁྱེད་ཀྱི་བྱིན་རླབས་དང་ཐུགས་རྗེ། དཔའ་མཛངས་དང་རྟུལ་ཕོད། རླབས་ཆེན་གྱི་མཛད་རྗེས་བཅས་ནི་ང་ཚོ་བོད་མི་མང་གི་སེམས་ནས་ནམ་ཡང་ནུབ་མི་སྲིད།
རྩོམ་ཡག་ན་གཅིག་གིས་ཆོག
ཡག་པོ་བྲིས་འདུག
རྩོམ་མིག་ཆུ་ཤོར་བ་ཞིག་བྲིས་འདུག
རྩོམ་ཀློག་བཞིན་ངའི་སེམས་ལ་རིན་པོ་ཆེའི་སྐུ་གཟུགས་ཝ་ལེར་འཆར་ཏེ་སྐྱོ་སྣང་གིས་མིག་ཆུ་དབང་མེད་ཤོར་བྱུང་།
ཤིན་དུ་ལེགས་པའི་རྩོམ་ཞིག་རེད།
པན་ཆེན་རིན་པོ་ཆེ་ངོ་མ་དམངས་ཕན་གྱི་བླ་མ་ཞིག་རེད། ཁོང་གི་བོད་ནང་གི་ཕྱག་ལས་གནང་སྟངས་ནི་ངོ་མ་བཏང་སྙོམས་དང་མི་རིགས་སྤྱི་གཙོ་བོར་བཞག་ནས་བྱ་བ་བསྒྲུབ་པ་དེ་རེད། ཆོས་ལུགས་དང་ཆོལ་ཁའི་དབྱེ་བ་མེད།་བོད་ནང་གི་ས་དགེ་བཀའ་རྙིང་ཚང་མས་ཁོང་ལ་དད་པ་དང་བརྩི་བཀུར་བྱེད།
ད་ལྟའི་བོད་ནང་གི་རྒྱའ་པན་ཆེན་དེར་སྐུ་གོང་མའི་བྲོ་བ་ཙམ་ཡང་མེད་པར། ལམ་སེང་དོལ་རྒྱལ་སྟེན་མཁན་དེ་ཚོར་འབྲེལ་བ་བྱེད་སྟངས་དེ་ལ་བལྟས་ན། ད་ལྟའི་རྒྱ་པན་དེ་ངོ་མ་ཀླད་སྟོང་བ་རེད།
ངོ་མ་དགེ་ལགས་ཀྱིས་ཁ་གསལ་བོ་ལམ་ནས་པཎ་ཐམས་ཅད་མཁྱེན་པའི་སྐོར་ངོ་སྤྲོད་གནང་བ་དགའ་སོང་བཀྲིན་ཆེ།