འབྲིང་བ་འཇིགས་མེད།
༧གོང་ས་མཆོག་གི་བཀའ་རྩོམ་༼དོན་དམ་པའི་ཆོས་ལུགས་མཛའ་འབྲེལ་༽བཀླགས་པའི་བརྗེད་ཐོ།
དང་པོ། འཛམ་གླིང་གི་ཆོས་ལུགས་ཆེ་ཁག
སྤྱིར་འཛམ་གླིང་གི་ཆོས་ལུགས་ཆེ་ཁག་བཞི་ཞེས་ཡོངས་སུ་གྲགས་པ་ནི། ཡེ་ཤུ་དང་། ཁ་ཆེ། ཧིནྡུ། ནང་པ་བཅས་ཡིན་ཞིང་། རགས་རྩིས་ལྟར་ན། འཛམ་གླིང་གི་མི་འབོར་ཐེར་འབུམ་བདུན་ལྷག་ལས་ཐེར་འབུམ་དྲུག་ནི་ཆོས་ལུགས་དེ་དག་གི་རྗེས་འབྲང་དང་། ཐེར་འབུམ་གཅིག་ལྷག་ནི་ཆོས་དད་མེད་མཁན་ཡིན་པར་བཤད།
༡༽ ཡེ་ཤུའི་ཆོས་ལུགས།
མི་ལོ་སྟོང་ཕྲག་གཉིས་གོང་ཡེ་ཤུ་མ་ཤི་ཀས་སྲོལ་བཏོད་པའི་ཆོས་ལུགས་འདིས། གཙོ་བོ་དཀོན་མཆོག་སྟེ་ཐམས་ཅད་ཀྱི་རྟེན་གཙོ་བོའམ་ཆེ་མཆོག་ཅིག་ལ་ཡིད་ཆེས་བྱེད་ཅིང་། རྟེན་གཙོ་བོ་དེ་ཡང་ཐམས་ཅད་ཀྱི་འབྱུང་ཁུངས་དང་། མཐའ་མའི་རྒྱུ། ཐམས་ཅད་གནས་པའི་རྒྱུ་མཚན་བཅས་སུ་འདོད་ཀྱང་། གཙོ་བོ་དེ་ཉིད་རྒྱུ་མེད་རྐྱེན་མེད་ལས་བྱུང་ཞིང་གང་ལའང་ལྟོས་པ་མེད། མདོར་ན། དེ་ནི་དགོས་ངེས་ཅན་གྱི་སྐྱེས་བུ་ཞིག་ཏུ་འདོད།
ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱིས་དཀོན་མཆོག་གཅིག་ཡིན་ཀྱང་། དེ་ལ་ཡབ་དང་། སྲས། དམ་པ་བཅས་རྣམ་པ་མི་འདྲ་བ་གསུམ་གྱི་ངོ་བོ་འདུས་ཤིང། དེ་ཚོ་གསུམ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་འདོད། དེ་དང་ནང་པ་སངས་རྒྱས་པའི་སྐུ་གསུམ་གྱི་རྣམ་གཞག་གཉིས་དབར་འདྲ་ཆོས་ཤིག་ཡོད་སྲིད།
ཡེ་ཤུའི་སྙན་ངག་མཁན་གྲགས་ཅན་སེནཊ་ཇཽན་ཨོཕ་ཁོ་རོ་སེས་དཀོན་མཆོག་འཚོལ་ཕྱིར་རྣམ་ཤེས་ཀྱི་འགྲུལ་བཞུད་བྱེད་པའི་འཆར་སྣང་དང་། ནང་པས་སྒོམ་གྱི་ཐོག་ནས་བདག་འགོག་པའམ་སྤོང་བ་གཉིས་དབར་འབྲེལ་བ་དམ་པོ་ཡོད། དེ་གཉིས་ཀའི་ནང་གང་ཟག་རང་ཉིད་ཀྱིས་ལམ་གྱི་རིམ་པ་བརྒྱུད་བདག་འཛིན་ནམ་རང་གཅེས་འཛིན་གྱི་ཤུགས་ཇེ་ཆུང་དུ་གཏོང་བར་འབད་བརྩོན་བྱེད་ཀྱི་ཡོད།
ཡེ་ཤུའི་ཞལ་ཆད་གསར་མས་སྙིང་རྗེ་ནི་དཀོན་མཆོག་གི་བསླབ་བྱའི་སྙིང་པོ་ཞིག་ཏུ་ངོས་འཛིན་བྱེད་ཅིང་། དཀོན་མཆོག་ནི་བྱམས་བརྩེའི་བདག་ཉིད་བླ་ན་མེད་པ་ཞིག་དང་། ཁོང་གིས་འཇིག་རྟེན་གྱི་སྡུག་བསྔལ་ལ་ལྟ་རྟོག་བྱེད་པས། ནང་པ་རྣམས་ཀྱིས་སྙིང་ཇེ་ནི་སེམས་དོན་དང་བཟང་སྤྱོད་ཀྱི་ཆེས་བླ་ན་མེད་པའི་རིན་ཐང་ཞིག་ཏུ་བརྩི་བ་དང་མཚུངས།
དེ་ཡང་རང་གིས་རང་ལ་བརྩེ་བ་བྱེད་པ་ལྟར། རང་གི་ཁྱིམ་མཚེས་ལའང་བརྩེ་བ་བྱེད་དགོས་ཞེས་ཡེ་ཤུའི་གསུང་རབ་ནང་གསུངས། ནང་པ་ཞིག་ལ་མཚོན་ན་འདི་ནི་བྱམས་པ་དང་སྙིང་རྗེའི་ཉམས་ལེན་གྱི་སྙིང་པོ་ཆགས་ཡོད།
ནང་པ་དང་ཡེ་ཤུའི་ཆོས་ལུགས་དབར་མངོན་གསལ་དོད་པོའི་འདྲ་ཆོས་ཡོད་ནའང་། འཇིག་རྟེན་ལས་འདས་པའི་ལྟོས་མེད་རང་རྐྱ་བའི་གང་ཟག་གི་ལྟ་ཚུལ་ཐོག་སླེབས་སྐབས་གཉིས་ཀ་མཐུན་གྱི་མེད།
མ་ཤི་ཀ་བརྒྱང་ཤིང་ཐོག་གྲོངས་པའི་སྒྲུང་དེར་སྡིག་པ་དག་པའི་གོ་དོན་ཡོད་པ་དང་། དཀོན་མཆོག་གིས་མི་ལ་ཐུགས་ཁུར་གནང་བ་སྟོན་གྱི་ཡོད། བརྒྱང་ཤིང་ཐོག་སྡུག་བསྔལ་མྱོང་བའི་ནང་། དཀོན་མཆོག་གིས་འཛམ་གླིང་གི་སྡུག་བསྔལ་ཡོངས་རྫོགས་རང་སྟེང་དུ་བླངས་པ་དེས། མི་དང་དཀོན་མཆོག་ཁོ་རང་དབར་གཏིང་ཟབ་པའི་ཉེ་འབྲེལ་ཞིག་སྐྲུན་གྱི་ཡོད། དེ་ལྟའི་སེམས་ཅན་ཐམས་ཅད་ལ་དམིགས་པའི་གཞན་ཕན་གྱི་བློ་དང་ཀུན་ཁྱབ་བྱམས་བརྩེ་ལས་འཁྲུངས་པའི་རང་ཉིད་བློས་གཏོང་གི་སྙིང་སྟོབས་ནི་ནང་པ་ཚོས་བྱང་ཆུབ་སེམས་དཔའི་ཐུགས་བསྐྱེད་ཅེས་བརྗོད་པའི་དཔེ་མཚོན་རྣམ་དག་ཅིག་ཡིན།
མེའེ་རི་(Mary)ཡིས་ཁྱེའུ་མ་ཤི་ཀ་པང་དུ་བཟུང་བའི་སྐུ་བརྙན་དེས། ཡེ་ཤུའི་ཆོས་ལུགས་ཀྱི་བསམ་ཡུལ་ལས་འདས་པའི་མཛའ་འབྲེལ་དང་སེམས་འགུལ་ཐེབས་པའི་བྱམས་བརྩེ་མཚོན་ཞིང་། དེས་སྙིང་རྗེའི་གཞི་རྟེན་དུ་གྱུར་པའི་ཨ་མ་ཞེས་པའི་དོན་གནད་སྟོན་པ་དང་། འགྲོ་བ་མི་ཀུན་ལ་བྱམས་པ་དང་བརྩེ་བ་དགོས་པ་དྲན་སྐུལ་བྱེད་ཀྱི་ཡོད། ཡེ་ཤུའི་ཆོས་ལུགས་ཀྱིས་ལྷད་མེད་པ་དང་འདྲིས་ཆེ་བའི་མ་དང་ཕྲུ་གུའི་བརྩེ་བར་གཙིགས་ཆེན་པོ་བྱེད།
ཡེ་ཤུའི་གསུང་རབ་ནང་། མ་ཤི་ཀའི་རྫུ་འཕྲུལ་རྣམས་རྒྱུན་དུ་སྤུན་ཟླ་མི་རིགས་རྣམས་སྡུག་བསྔལ་ལས་སྐྱོབ་རྒྱུའི་ཆེད་སྙིང་རྗེས་ཀུན་ནས་བསླངས་ཚུལ་དང་། ཁོང་གི་བཅོས་ཐབས་དང་། ཆོས། རྫུ་འཕྲུལ་བཅས་ཚང་མ་ཐད་ཀར་སྙིང་རྗེའི་དབང་གིས་མངོན་དུ་གྱུར་པར་གསུངས།
༢༽ ཁ་ཆེའི་ཆོས་ལུགས།
དུས་རབས་བདུན་པའི་ནང་མོ་ཧཱ་མཱ་དྷས་སྲོལ་བཏོད་པའི་ཨིསི་ལཱམ་(Islam)ཞེས་པའི་ཆོས་ལུགས་འདིའི་ནང་། དཀོན་མཆོག་ལ་བློ་གཏོད་རྒྱུ་ནི་གཙོ་བོར་འཛིན་ཅིང་། ཨིསི་ལཱམ་(Islam)ཞེས་པའི་ཐ་སྙད་དེར་དཀོན་མཆོག་གི་བཀའ་ལ་མཐའ་གཅིག་ཏུ་བློ་གཏད་བཅོལ་བའི་གོ་དོན་ལྡན། བརྡ་དང་། རྟོག་པ། ཡང་ན་གཟུགས་བཅས་གང་གི་ཐོག་ནས་ཡིན་ཀྱང་། འཇིག་རྟེན་ལས་འདས་ཤིང་ལྟོས་མེད་རང་རྐྱ་བའི་དཀོན་མཆོག་དེ་མཐའ་གཅིག་ཏུ་གོང་དུ་བཀུར། དཀོན་མཆོག་ནི་དཔག་ཏུ་མེད་པ་དང་དུས་ལ་མི་ལྟོས་པའི་རང་བཞིན་ཞེས་ཟེར་ཞིང་། དཀོན་མཆོག་ལ་ཐད་ཀར་འབྲེལ་བ་བྱ་རྒྱུ་ནི་ལས་འགན་དུ་བརྩི། དཀོན་མཆོག་གི་མཚོན་དོན་རིགས་གང་ཡིན་ཀྱང་འགོག་ཐབས་བྱེད། དེའི་རྒྱུ་མཚན་ནི། དེ་མ་བཀག་ཚེ་སྐུ་འདྲའི་གསོལ་འདེབས་ཙམ་དུ་འགྱུར་ཉེན་ཡོད་པར་འདོད། དེའི་ཕྱིར་ཁ་ཆེའི་ཆོས་ལུགས་ནང་སྐུ་འདྲ་སོགས་ལ་མཆོད་པ་བྱེད་སྲོལ་མེད།
ཁ་ཆེ་ཚང་མས་ཕོ་ཉ་མོ་ཧཱ་མཱ་དྷ་(Muhammad)ནི་འཛམ་གླིང་ནང་དཀོན་མཆོག་གི་བཀའི་ཕོ་ཉ་མཐའ་མ་དེ་ཡིན་པ་དང་། གསུང་རབ་ཀོ་རན་ནང་དཀོན་མཆོག་གིས་གནས་ལུགས་བསྟན་པའི་མཐའ་མའི་གདམས་པ་དེ་འདུས་ཡོད་པར་ཡིད་ཆེས་བྱེད། མོ་ཧཱ་མཱ་དྷ་ནི་ཡེ་ལོའམ་ཕྱི་ལོ་ ༥༧༠ ལོར་སཽ་དྷི་ཨ་ར་བི་ཡཱའི་ནང་གི་རྩ་ཆེའི་གྲོང་ཁྱེར་མེ་ཁཱ་ཞེས་པར་འཁྲུངས། ཕྱི་ལོ་ ༦༡༠ ཡས་མས་ཙམ་དུ་ཁོང་དཀོན་མཆོག་གི་ཕོ་ཉར་བསྐོས། ལྷའི་ཕོ་ཉ་གེ་བི་རི་ཡལ་བརྒྱུད་དཀོན་མཆོག་གི་གདམས་པ་གསན་འགོ་ཚུགས་ཤིང་གསུང་རབ་ཀོ་རན་ནང་བཀོད། ཀོ་རན་གྱིས་དཀོན་མཆོག་གི་གསུང་ངོ་མ་དེ་མཚོན། ཀོ་རན་ནི་དཀོན་མཆོག་གི་རླབས་ཆེ་ཤོས་ཀྱི་ཆོ་འཕྲུལ་ཡིན་ཞིང་། དེའི་བརྗོད་བྱ་མ་ཟད་རྗོད་བྱེད་ཀྱི་སྐད་ཡིག་(ཨ་རབ་སྐད།)དེའང་རྨད་དུ་བྱུང་བ་ཞིག་ཡིན་པར་འདོད། ཀོ་རན་གྱི་སྟེང་དུ་ད་དུང་གསུང་རབ་གཞན་ཞིག་རྩ་ཆེར་འཛིན་པ་ནི་བསྟན་བཅོས་ཧེ་ཌིཐཱ་(Hadith)ཞེས་པ་དེ་ཡིན། དེ་ནི་དཀོན་མཆོག་གི་ཕོ་ཉའི་གསུང་ཁག་ཡིན།
ལོ་རྒྱུས་ཀྱི་ཐོག་ནས་བཀའི་ཕོ་ཉ་མོ་ཧཱ་མཱ་དྷའི་(Muhammad)རྗེས་འཇུག་པ་རྣམས་ལ་སྲོལ་རྒྱུན་རིང་ལུགས་པ་སུན་ནེ་(Sunni)དང་། ཕོ་ཉའི་བུ་མོའི་མག་པ་ཨ་ལི(Ali)་ཡི་ཕྱོགས་འཛིན་པ་རྣམས་ལ་ཤི་ཡཱ་(Shia)ཞེས་སྡེ་ཚན་གཉིས་སུ་གྱེས། ཨི་རཱན་དང་ཨི་རག་གཉིས་མ་གཏོགས་ཁ་ཆེའི་རྒྱལ་ཁབ་མང་ཆེ་བ་སུན་ནེ་ཡིན། ལྟ་གྲུབ་ཀྱི་ཐོག་ནས་ཁ་ཆེའི་སྲོལ་རྒྱུན་དེ་གཉིས་དབར་ཁྱད་པར་ཆེན་པོ་མེད། གཉིས་ཀས་མཐའ་གཅིག་ཏུ་ཨལ་ལཱཧ་ལ་དད་གུས་བྱེད་ཅིང་། ཀོ་རན་གྱིས་དཀོན་མཆོག་གི་མཐའ་མའི་གདམས་པ་མཚོན་པ་དང་། ཕོ་ཉ་མོ་ཧཱ་མཱ་དྷ་ནི་དཀོན་མཆོག་གི་ཚབ་བམ་ཕོ་ཉ་ངོ་མ་དེ་ཡིན་པར་གཉིས་ཀས་ཡིད་ཆེས་བྱེད། ཁྱད་པར་གཙོ་བོ་ནི་བཀའི་ཕོ་ཉའི་རྒྱུད་པའི་གནད་དོན་དང་འབྲེལ་བའི་ལོ་རྒྱུས་ཀྱི་རྩོད་རྙོག་དེ་ཡིན།
ཉིན་རེའི་ཉམས་ལེན་ཁྲོད་ཁ་ཆེ་མི་རེ་ངོ་རེས་སྒྲུབ་དགོས་པའི་ལས་འགན་ལྔ་ཡོད་པ་ནི། དད་པ་དང་། སྨོན་ལམ་གསོལ་འདེབས། སྦྱིན་པའམ་བསོད་སྙོམས། སྨྱུང་གནས། མེ་ཁཱ་ལ་གནས་མཇལ་དུ་འགྲོ་རྒྱུ་བཅས་ཡིན། འདི་དག་ནི་ཁ་ཆེའི་ཆོས་ལུགས་ཀྱི་ཀ་བ་ལྔ་ཡིན།
༡ དད་པ་ནི། ཁ་ཆེ་ཚང་མས། ”ཨལ་ལཱཧ་མ་གཏོགས་དཀོན་མཆོག་གཞན་མེད་པ་དང་། མོ་ཧཱ་མཱ་དྷ་ནི་ཁོང་གི་ཕོ་ཉ་ཡིན།” ཞེས་བརྗོད་ཅིང་། ཞལ་ཆད་འདི་ནི་དད་པ་དང་ཉམས་ལེན་གཞན་ཐམས་ཅད་ཀྱི་གཞི་རྟེན་དུ་འདོད་ཅིང་ཀ་བ་ལྔའི་ནང་ནས་གལ་ཆེ་ཤོས་སུ་བརྩི།
༢ སྨོན་ལམ་གསོལ་འདེབས་ནི། མེ་ཁཱ་ནང་གི་ཀཱ་བཱ་(Kaaba)ལ་ཁ་ཕྱོགས་ཏེ་ཉིན་རེར་ཐེངས་ལྔ་རེ་བྱེད་ཅིང་། དེའི་དམིགས་དོན་ནི་རང་གི་སེམས་ཨལ་ལཱཧ་ཐོག་སྒྲིམ་རྒྱུ་དང་། ཨལ་ལཱཧ་མཆོག་གི་བཀའ་དྲིན་དྲན་ཞིང་མཆོད་པ་བྱས་ཏེ་ཨལ་ལཱཧ་ལ་རང་ངོས་ནས་འབྲེལ་བ་བྱ་ཚུལ་ཞིག་ཡིན།
༣ སྦྱིན་པ་ནི། ཀོ་རན་ནང་དད་ལྡན་པ་ཚོ་སྦྱིན་པའམ་བསོད་སྙོམས་ཀྱི་ལས་ལ་འཇུག་དགོས་ཞེས་བཀའ་གནང་ཡོད། ཉམ་ཐག་ལ་སྦྱིན་པ་གཏོང་བ་དང་། གཞན་ལ་དཔལ་འབྱོར་སོགས་ཀྱི་དཀའ་ངལ་ཡོད་ཚེ་རོགས་སྐྱོར་བྱ་རྒྱུ། སྤྱི་ཚོགས་ནང་གནས་སྟངས་འདྲ་མཉམ་མེད་པའམ་ཆ་མི་སྙོམས་པ་རྣམས་མེད་པར་བཟོ་རྒྱུ་དེ་ཁ་ཆེ་རྣམས་ཀྱི་ལས་འགན་དུ་བརྩི།
༤ སྨྱུང་གནས་ནི། ཀོ་རན་ནང་གསུངས་པ་བཞིན་སྨྱུང་གནས་ལ་རིགས་གསུམ་ཡོད་དེ། ཆོ་གའི་སྨྱུང་གནས། གུན་གསབ་བམ་བློ་འགྱོད་ཀྱི་སྨྱུང་གནས། བྱ་བྲལ་གྱི་སྨྱུང་གནས་བཅས་ཡིན། ཁ་ཆེའི་ཆོས་ལུགས་ནང་དེ་ལྟའི་སྡོམ་སེམས་དེ་ཉམས་ལེན་པ་ཚང་མར་གཅིག་གྱུར་དུ་གསུངས།
༥ གནས་མཇལ་ནི། དྷུ་ཨལ་ཧི་ཇི་ཇཱ་ཞེས་པའི་ཁ་ཆེའི་དམིགས་བསལ་ཟླ་བ་དེའི་ནང་གནས་ཁྱད་པར་ཅན་མེ་ཁཱ་གྲོང་ཁྱེར་ལ་གནས་མཇལ་དུ་འགྲོ་སྲོལ་ཡོད། གལ་ཏེ་རང་ལ་མཐུན་རྐྱེན་ཡོད་ན་ཁ་ཆེ་ཚང་མ་སོ་སོའི་མི་ཚེའི་ནང་གནས་མཆོག་དེར་ཉུང་མཐར་གནས་མཇལ་ཐེངས་གཅིག་འགྲོ་དགོས་ཀྱི་ཡོད། གནས་མཇལ་སྐབས་ཁ་ཆེའི་མཆོད་གོས་དཀར་པོ་གྱོན་ཏེ་གཙོ་བོ་གནས་ཀཱ་བཱ་ལ་སྐོར་བ་ལན་བདུན་དང་། དེ་ནས་རྡོ་ནག་པོ་དེར་ལག་པས་རེག་པ་སོགས་བྱེད།
ཀོ་རན་གྱི་འགོ་འཛུགས་ཀྱི་ཡིག་ཕྲེང་ནང་། ཡང་ནས་ཡང་དུ། བྱམས་པ་དང་སྙིང་རྗེའི་བདག་ཉིད་ཅེས་དཀོན་མཆོག་གི་མཚན་སྨྲས་ནས་གསོལ་བ་འདེབས་ཀྱི་ཡོད། ཀོ་རན་ནང་དཀོན་མཆོག་ལ་སྐྱབས་བཅོལ་བའི་ཐོག་ནས་སྙིང་རྗེ་སྦྱོང་ཚུལ་སློབ་ཅིང་། དེའང་གང་ཟག་རང་ཉིད་དཀོན་མཆོག་གིས་བྱམས་པ་དང་སྙིང་རྗེའི་ཐོག་ནས་གཞན་དོན་སྒྲུབ་པའི་ལག་ཆ་ལྟ་བུར་གྱུར་པའི་ཐོག་ནས་སློབ་དགོས། ཁ་ཆེའི་བརྗོད་པ་ཞིག་གི་ནང་། མཚན་ཉིད་ཚང་བའི་ཁ་ཆེ་ཞིག་གིས་ཨལ་ལཱཧ་(Allah)ལ་དགའ་པོ་བྱེད་པ་ལྟར་དཀོན་མཆོག་གིས་བཟོས་པའི་བུ་ཕྲུག་ཚོ་ལའང་ངེས་པར་དུ་དགའ་པོ་བྱེད་དགོས་ཞེས་གསུངས་ཡོད།
༣༽ ཧིནྡུའི་ཆོས་ལུགས།
དེ་སྔོན་མུ་སྟེགས་པ་ཞེས་བརྗོད་སྐབས་ནང་པ་མ་ཡིན་པའི་རྒྱ་གར་གྱི་གནའ་བོའི་ཆོས་ལུགས་ཚང་མར་གོ་བས། དེའི་ནང་དུ་གཅེར་བུ་པའང་ཚུད་ཡོད། འོན་ཀྱང་དེང་སང་ཧིནྡུའི་ཆོས་ལུགས་ཞེས་འབོད་སྲོལ་ཆགས་ཤིང་གཙོ་བོར་རིག་བྱེད་ཀྱི་གཞུང་ལ་བརྟེན་པའི་ཆོས་ལུགས་ལ་གོ་བས་མིང་དོན་གཉིས་ཀ་སྔར་དང་ཅུང་མི་འདྲ་བར་གྱུར།
ཧིནྡུའི་ཆོས་ལུགས་ནང་སྐྱེས་བུ་དམ་པ་མང་པོ་བྱོན་ཡོད་ཀྱང་ཆོས་ལུགས་འདིའི་སྲོལ་གཏོད་པ་པོ་འདི་ཡིན་ཞེས་བྱེ་བྲག་པ་ཞིག་ངོས་འཛིན་རྒྱུ་མེད། ཇིའུ་དང་ཡེ་ཤུ་ལ་ཡེ་ཤུའི་གསུང་རབ་(Bibel)དང་། ཁ་ཆེ་ལ་ཀོ་རན་ཡོད་པ་དེ་འདྲ་ཧིནྡུ་ལ་མེད། འོན་ཀྱང་ཧིནྡུ་པ་མང་པོས་གནའ་བོའི་རིག་བྱེད་ཀྱི་གཞུང་རྣམས་ཐད་ཀར་དཀོན་མཆོག་འབའ་ཞིག་ལས་བྱུང་བའི་གསུང་དུ་ངོས་འཛིན་བྱེད། མི་མང་པོ་ཞིག་ལ་ལྷ་དབང་ཕྱུག་ནི་མཆོད་ཡུལ་གཙོ་བོ་ཡིན་པ་དང་། དཀོན་མཆོག་ནི་འཇིག་རྟེན་བཀོད་པ་པོ་དང་སྲོལ་གཏོད་པ་པོ་ཡིན་པའིི་ཆ་ནས་དབང་ཕྱུག་གིས་དེའི་རྣམ་པར་རོལ་པ་ཙམ་མིན་པར། ད་དུང་ཆོས་ཐམས་ཅད་གནས་པར་བྱེད་མཁན་དང་མཐར་སྡུད་པར་བྱེད་མཁན་ཡང་ཡིན་པའི་ཆ་ནས་དེའི་ངོ་བོར་ཕེབས་ཡོད། འགའ་ཞིག་གིས་འཇིག་རྟེན་བཀོད་པ་དང་། གནས་པ། བསྡུ་བ་རྣམས་རིམ་པ་བཞིན་དུ་ཚངས་པ་དང་། ཁྱབ་འཇུག དབང་ཕྱུག་བཅས་རྣམ་སྤྲུལ་སོ་སོའི་བྱེད་ལས་སུ་འགྲེལ་གྱི་ཡོད།
ཧིནྡུའི་ཆོས་ལུགས་ཀྱི་བསྔགས་པར་འོས་པའི་ཁྱད་ཆོས་གཅིག་ནི། དེའི་རྒྱ་ཆེ་བའི་སྣ་ཚོགས་རང་བཞིན་དང་ཆོས་རྣམས་ཀྱི་སྦས་དོན་གྱི་ངོ་བོ་དེ་ཡིན། ཧིནྡུའི་ཆོས་ལུགས་ལ་མཚོན་ན། མིའི་མི་ཚེའི་ནང་དམིགས་ཡུལ་བཞི་ཡོད་པ་ནི་སྡེ་བཞི་སྟེ། འདོད་པའི་སྡེ་དང་། ནོར་གྱི་སྡེ། ཆོས་ཀྱི་སྡེ། ཐར་པའི་སྡེ་བཅས་ཡིན། ནང་ཆོས་ཀྱིས་ཀྱང་མི་ཚེའི་དམིགས་ཡུལ་བཞི་པོའི་ཐད་ལྟ་ཚུལ་འདྲ་པོ་ཞིག་གསུང་གི་ཡོད།
ཧིནྡུའི་ཆོས་ལུགས་ཀྱིས་འདོད་པའི་དཀོན་མཆོག་གི་ས་ལ་བགྲོད་པའི་ལམ་བཞི་ནི།
༡ ཤེས་རབ་ཀྱི་རྣལ་འབྱོར་ནི། ཤེས་རབ་ཀྱི་ཐོག་ནས་དཀོན་མཆོག་དང་གཉིས་སུ་མེད་པའི་གོ་འཕང་འཐོབ་བྱེད་ཀྱི་ལམ་ལ་དོ་ནན་བྱེད། རྟག་གཅིག་རང་དབང་བའི་བདག་དང་དཀོན་མཆོག་གི་རང་བཞིན་རྟོགས་པའི་ཤེས་རབ་ཀྱི་ལམ་གྱི་རྗེས་སུ་འཇུག
༢ དད་པའི་རྣལ་འབྱོར་ནི། གཙོ་བོ་དཀོན་མཆོག་གི་བརྩེ་བར་དད་སེམས་རྩེ་གཅིག་པ་དགོས་པར་འདོད་ཅིང་། དད་པའི་རྣལ་འབྱོར་ནང་ཡོངས་གྲགས་སུ་ཇཡ་རཱམ་ཞེས་རྒྱུན་དུ་དཀོན་མཆོག་གི་མཚན་བོས་ཏེ་གསོལ་བ་འདེབས་པ་དང་དཀོན་མཆོག་ལ་བསྟོད་གླུ་འབུལ་བ་སོགས་ཡོད།
༣ ལས་ཀྱི་རྣལ་འབྱོར་ནི། གཞན་ལ་ཞབས་འདེགས་ཞུ་བ་དང་རྟག་ཏུ་ཚུལ་མཐུན་གྱི་འཚོ་བ་བསྐྱལ་ནས་ལྷག་བསམ་རྣམ་དག་གིས་སོ་སོའི་ཉིན་རེའི་ལས་དོན་ལ་ཞུགས་ན་དཀོན་མཆོག་གི་ཡོན་ཏན་རྣམས་རང་རྒྱུད་ལ་སྐྱེ་ཐུབ་པར་འདོད།
༤ རྒྱལ་པོའི་རྣལ་འབྱོར་ནི། དཀོན་མཆོག་གི་ས་ལ་བགྲོད་པའི་རྒྱལ་པོའི་ལམ་སྟེ། འདིའི་ནང་བསམ་སྒོམ་གྱི་ཉམས་ལེན་གཏིང་ཟབ་པོ་དེ་འདྲ་འདུས་ཤིང་། ཡུལ་དང་ཡུལ་ཅན་གྱི་གཉིས་སྣང་ཡོངས་སུ་ནུབ་པའི་གནས་ཤིག་ཏུ་སླེབས་པར་བྱ་རྒྱུ་དང་། དེར་རྟོག་པ་དང་དུས་ཀྱི་ཁྱད་པར་ལས་ཡོངས་སུ་འདས་ཏེ་གནས་པར་བྱ་རྒྱུ་དེ་ཡིན།
སྤྱིར་ཤེས་རབ་ཀྱི་ལམ་ནི་ལྟ་གྲུབ་ལ་མོས་པ་ཅན་དང་། དད་པའི་ལམ་ནི་དད་པ་ལ་གཙོ་བོར་མོས་པ། ལས་ཀྱི་རྣལ་འབྱོར་ནི་རང་གཤིས་གྲུང་པོའམ་ཧུར་པོ་ཅན། རྒྱལ་པོའི་རྣལ་འབྱོར་ནི་བསམ་སྒོམ་དང་རྣལ་འབྱོར་ལ་མོས་པ་ཤས་ཆེ་བའི་གང་ཟག་གི་ཆེད་དུ་བསྟན།
དུས་རབས་གསུམ་པའི་ནང་བྱུང་བའི་༼དྲང་སྲོང་གོ་ཏམ་གྱི་རིགས་པའི་མདོ་༽ཞེས་པ་བྲམ་ཟེའི་ཆོས་ལུགས་ཀྱི་ཆོས་ཁྲིམས་གལ་ཆེ་ཤོས་ཤིག་ཡིན་པ་དེའི་ནང་དུ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དགོས་པ་ནི་དགེ་བའི་ལས་བརྒྱད་ལས་དང་པོར་གསུངས་ཡོད། ཧིནྡུའི་བསྟན་བཅོས་ཆེན་པོ་ཤི་ཝ་མ་ཧཱ་པུ་རཱ་ཎ་ཞེས་པའི་ནང་། སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་ལས་ལྷག་པའི་ཆོས་ཤིག་མེད། དེར་བརྟེན་ཚང་མས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་སྦྱོང་དགོས། ཞེས་གསུངས་ཡོད།
༤༽ ནང་ཆོས།
སྟོན་པ་ཤཱཀྱ་ཐུབ་པའི་རིང་ལུགས་ནང་པ་སངས་རྒྱས་པའི་ཆོས་ལུགས་ནི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་ཆོས་ཚུལ་ལོ།།
གཉིས་པ། ཆོས་ལུགས་ཁག་གི་སྙིང་དོན།
ཆོས་ལུགས་ཆེ་ཁག་རྣམས་ཀྱི་གཟི་བརྗིད་ཅིག་ནི། ང་ཚོས་སྙིང་རྗེ་རྒྱུད་ལ་སྐྱེད་དགོས་པ་དང་། དེ་ལ་བརྟེན་ནས་རང་གི་སེམས་དོན་གྱི་བསྒྲུབ་བྱ་ལེགས་འགྲུབ་ཡོང་ཐུབ་ཅེས་པའི་བསླབ་བྱའི་སྙིང་པོ་དེ་ཡིན། སྲོལ་རྒྱུན་གྱི་ཆོས་ལུགས་ཚང་མར་བླང་དོར་གྱི་རྩ་འཛིན་ཆ་ཚང་རེ་ལྡན་ཞིང་། དེས་འཚེ་བའི་ལས་སུ་འཇུག་པ་བཀག་འགོག་བྱེད་པ་དང་ཆབས་ཅིག་དམིགས་བསལ་སྙིང་རྗེ་དང་། དགོངས་ཡངས། བཟོད་པ། ཆོག་ཤེས། སྦྱིན་པ། གཞན་ལ་ཞབས་འདེགས་སྒྲུབ་པ་སོགས་ཀྱི་བཟང་པོའི་བློ་རྣམས་རྒྱུད་ལ་བསྐྱེད་ཕྱིེར་བློ་སྟོབས་སྤེལ། འཛམ་གླིང་ནང་གི་ཆོས་ལུགས་ཚང་མའི་སྙིང་དབུས་སུ་གནས་པ་ནི། གཟུགས་སུ་གྲུབ་པ་དང་། ཚད་ཡོད་པ། གནས་སྐབས་ཙམ་གྱི་མིའི་ལུས་རྟེན་གྱི་མཚམས་འདི་ལས་འདས་པའི་སྐྱེ་བ་ཞིག་འཐོབ་ཐབས་བྱ་རྒྱུ་དེ་ཡིན་ཞིང་། ཆོས་ལུགས་ཚང་མའི་ནང་། མི་ཚེ་དོན་དང་ལྡན་པ་ཞེས་པ་ནི་འཇིག་རྟེན་ལས་འདས་པའི་ཕྱོགས་དེ་མཐོང་བའི་སྒོ་ནས་འཚོལ་རྒྱུ་དེ་ཡིན།
གཟུགས་འདས་ཀྱི་རིམ་པའི་ཐོག་ནས་ང་སུ་ཡིན་ནམ་དང་། ང་གང་ནས་སླེབས་པ་ཡིན། ང་ཤི་བའི་རྗེས་གང་དུ་འགྲོ་སོགས་འཆར་ཅན་གྱི་དྲི་བ་དེ་དག་ལ་ཆོས་ལུགས་ཚང་མས་གདོང་ལེན་བྱེད་ཀྱི་ཡོད། ཆོས་ལུགས་ཚང་མས་སྙིང་རྗེ་ནི་ལམ་སྟོན་གྱི་རྩ་འཛིན་ཞིག་ལ་བཟུང་ཡོད། ཆོས་ལུགས་སོ་སོའི་གཟུགས་འདས་ཀྱི་ཆོས་ཚུལ་མི་འདྲ་བ་དེ་དག་གིས་སྙིང་རྗེའི་ཐོག་རྩ་བ་ཚུགས་པའི་བཟང་སྤྱོད་ཀྱི་རྣམ་གཞག་ཡིད་དུ་འོང་བ་རེ་སྤེལ་གྱི་ཡོད། གྲགས་ཆེ་བའི་ཆོས་ལུགས་ཚང་མས་སྙིང་རྗེ་ནི་སེམས་དོན་གྱི་གཞི་རྩའི་རིན་ཐང་ཡིན་པ་ནན་བརྗོད་བྱེད།
རླབས་ཆེན་གྱི་ཆོས་ལུགས་དེ་དག་ནང་སྙིང་རྗེའི་ཐོག་བཟང་སྤྱོད་ཀྱི་བསླབ་བྱར་སྤྱིར་བཏང་རིམ་པ་གསུམ་ཡོད་དེ། སྲོག་གཅོད་སྤོང་བ་སོགས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བྱམས་པ་དང་སྙིང་རྗེ་སྐྱེད་ཐབས་ཀྱི་སྙིང་རྗེའི་ཚུལ་ཁྲིམས། རང་ལ་ཚུར་ལན་འཇལ་བའམ་ཁེ་ཕན་འཐོབ་མིན་ལ་མི་ལྟ་བར་གཞན་ལ་ཞབས་འདེགས་སྒྲུབ་པའི་གཞན་ཕན་གྱི་ལྟ་བ་རྣལ་མ་ཞིག་སྐྱེད་པ་བཅས་ཡོད།
ཕྱོགས་ལྷུང་ལས་རྣམ་པར་རྒྱལ་བ་དང་། འཁྲུག་རྩོད་ལ་གདོང་ལེན་བྱེད་པ། ཉམ་ཐག་དང་དབུལ་པོའི་དཀའ་ངལ་སེལ་བར་རོགས་རམ་བྱེད་ཐུབ་མཁན་ནི་འཛམ་གླིང་གི་ཆོས་ལུགས་ཁག་ཡིན། ནང་དོན་དང་སྐབས་དོན་མི་འདྲ་ནའང། འགྲོ་བ་མིའི་བདེ་སྐྱིད་དང་། སྙིང་རྗེ་ཆེ་བ། བཟང་སྤྱོད་ཐོག་གཞི་འཛུགས་རྒྱུ་བཅས་གོང་མཐོར་གཏོང་རྒྱུ་ནི་ཆོས་ལུགས་ཚང་མའི་ཐུན་མོང་གི་དམིགས་ཡུལ་ཡིན། ཚད་མ་རིག་པའམ་ཆོས་ལུགས་སོ་སོའི་ལྟ་གྲུབ་ཀྱི་རྣམ་གཞག་མི་འདྲ་ནའང། ཆོས་ལུགས་ཁག་གི་བསླབ་བྱའི་སྙིང་པོར་བརྩི་བའི་དངོས་གཞིའི་སེམས་དོན་གྱི་ཉམས་ལེན་ཐོག་ལ་སླེབས་སྐབས། ཆོས་ལུགས་ཚང་མ་གཅིག་ཏུ་བབས་ཡོད། ཚང་མས་བརྩེ་བ་དང་། སྙིང་རྗེ། ཀུན་ཁྱབ་སྤུན་ཟླའི་འདུ་ཤེས་བཅས་ཀྱི་བསླབ་བྱ་གཅིག་མཚུངས་རྒྱག་གི་ཡོད། ལེགས་ཚོགས་དེ་དག་གཞིར་བཞག་སྟེ། ཚང་མས་དགོངས་ཡངས་དང་། བཟོད་བསྲན། ཆོག་ཤེས། ཉམ་ཆུང་གི་རང་བཞིན། རང་སྒྲིག་རང་སྲུང་དགོས་ཚུལ་སོགས་སློབ་ཀྱི་ཡོད།
ཆོས་ལུགས་སྣ་ཚོགས་ཀྱི་གནད་དོན་གླེང་སྐབས། ཆོས་ལུགས་ཀྱི་ཁྱད་ཆོས་གཙོ་བོ་གསུམ་སྟེ། བཟང་སྤྱོད་ཀྱི་བསླབ་བྱ་དང་། ཚད་མ་རིག་པའམ་ལྟ་གྲུབ། རིག་གཞུང་གི་ཤན་སྟོབས་གསུམ་གྱི་དབར་ཁྱད་པར་འབྱེད་རྒྱུ་ནི་ཕན་རླབས་ཆེ་བ་ཞིག་ཡིན།
གསུམ་པ། ཆོས་ལུགས་ཁག་གི་ཕན་ནུས།
འདས་པའི་དུས་སུ་ཆོས་ལུགས་དེ་དག་གིས་མི་ས་ཡ་མང་པོར་སེམས་ཤུགས་དང་། དོན་སྙིང། བཟང་སྤྱོད་ཀྱི་ལམ་སྟོན་བཅས་མཁོ་སྤྲོད་གནང་ཡོད། ད་ལྟ་ཕྱི་དངོས་པོའི་ཡར་རྒྱས་དང་མིའི་ཤེས་བྱར་ཧ་ལས་པའི་ཡར་ཐོན་ཕྱིན་ཡོད་ནའང་། སྤུན་ཟླ་མི་རིགས་ས་ཡ་མང་པོར་ཆོས་ལུགས་དེ་དག་གིས་མུ་མཐུད་སེམས་གསོ་གཏོང་གི་ཡོད། དེ་བཞིན་སྔོན་དཔག་ཐུབ་པའི་མ་འོངས་པར། ཆོས་ལུགས་དེ་དག་མུ་མཐུད་མི་ས་ཡ་མང་པོའི་སེམས་ཤུགས་ཀྱི་འབྱུང་རྩ་ཞིག་ཏུ་གནས་ངེས།
འཛམ་གླིང་འདིའི་གྲགས་ཆེ་བའི་ཆོས་ལུགས་སོ་སོས་རང་རང་གི་ཐུན་མོང་མ་ཡིན་པའི་བསླབ་བྱ་ལ་བརྟེན་ནས་མི་དགེ་བའི་སེམས་ཀྱི་ཤུགས་རྐྱེན་ལ་གདོང་ལེན་ཆེད་སེམས་དོན་གྱི་ནུས་པའི་འབྱུང་ཁུངས་ཤིག་བྱས་དང་བྱེད་ངེས་ཡིན། དེར་བརྟེན་ཆོས་ལུགས་ནི་ད་ལྟའང་དགོས་ངེས་ཡིན་ལ་སྔོན་དཔག་ཐུབ་པའི་འབྱུང་འགྱུར་གྱི་དུས་སུའང་མིའི་སྤྱི་ཚོགས་ནང་དེར་བྱེད་ལས་གལ་ཆེན་ཞིག་ལྡན་ཡོད།
རླབས་ཆེན་གྱི་ཆོས་ལུགས་དེ་དག་གི་སྙིང་རྗེའི་བསླབ་བྱ་ལ་བརྟེན་ནས་ང་ཚོའི་སེམས་ཀྱི་དགའ་སྣང་དང་གོ་རྟོགས་ཚད་མཐོན་པོ་ཞིག་ཏུ་གཏོང་བའི་ནུས་པ་ཆོས་ལུགས་དེ་དག་ལ་ཡོད། སྙིང་རྗེ་ནི་འཛམ་གླིང་གི་ཆོས་ལུགས་ཚང་མ་གཅིག་ཏུ་འདུ་ས་དེ་ཡིན་ཞིང་། སྙིང་རྗེ་ནི་ཆོས་ལུགས་དེ་དག་གི་སྙིང་པོར་གནས་ཡོད་པར་ཐེ་ཚོམ་གང་ཡང་མེད། དེ་བས་ན། འགྲོ་བ་མིའི་བདེ་དོན་སླད་མཉམ་རུབ་བྱ་རྒྱུར་འཛམ་གླིང་གི་ཆོས་ལུགས་ཁག་ལ་རླབས་ཆེན་གྱི་ནུས་པ་ལྡན་ཡོད།
བཞི་པ། ཆོས་ལུགས་སྣ་མང་མཉམ་གནས་ཀྱི་མིག་དཔེ།
རྒྱ་གར་ནང་དུ་རྒྱ་གར་རང་ནས་བྱུང་བའི་ཆོས་ལུགས་དང་ཡུལ་ལུང་གཞན་ནས་དར་བའི་ཆོས་ལུགས་མང་པོ་མཉམ་དུ་གནས་ཡོད། རྒྱ་གར་རང་ནས་བྱུང་བ་
༡ ཧིནྡུའི་ཆོས་ལུགས་དང་།
༢ ནང་པའི་ཆོས་ལུགས་གཉིས་གོང་སྨོས་ལྟར་གྱི་ཐོག
༣ ནང་ཆོས་ཀྱི་མཚེ་ཕྲུག་ལྟ་བུ་ཡིན་པ་གཅེར་བུ་པའི་ཆོས་ལུགས་ནི། སྟོན་པ་ཤཱཀྱ་ཐུབ་པ་དང་དུས་མཉམ་པའི་སློབ་དཔོན་རྒྱལ་བ་དམ་པས་སྲོལ་བཏོད། ལས་འབྲས་དང་། སྐྱེ་བ་སྔ་ཕྱི། འཁོར་བ། ཐར་པ་སོགས་ཀྱི་རྣམ་གཞག་འདོད་པ་དང་། རིག་བྱེད་པའི་གསུང་རབ་ཀྱི་ལུང་ཁས་མི་ལེན་ལ། འཇིག་རྟེན་བཀོད་པ་པོའང་མི་འདོད་པ་བཅས་ནང་པ་དང་འདྲ་ནའང། རྟག་གཅིག་རང་དབང་བའི་བདག་འདོད་པའི་ཆ་ནས་ནང་པ་དང་མི་འདྲ། ཚེ་སྲོག་ལ་གུས་བརྩི་དགོས་ཚུལ་ནན་བཤད་དང་། སྲོག་མི་གཅོད་པའི་ཚུལ་ཁྲིམས་ལ་ནན་ཆེར་བྱེད། ཐ་ན་དབུགས་འབྱིན་སྐབས་ཁ་རླངས་ཚ་པོས་སྲིན་འབུ་མི་གསོད་པའི་ཆེད་རྟག་ཏུ་ཁ་རས་གྱོན། གཅེར་བུ་པའི་ཆོས་ལུགས་ལ་ཕྱོགས་ཀྱི་གོས་ཅན་པ་དང་གོས་དཀར་ཅན་ཞེས་པའི་ཆོས་བརྒྱུད་གཙོ་བོ་གཉིས་ཡོད། ཕྱོགས་ཀྱི་གོས་ཅན་པས་དཀའ་ཐུབ་ཀྱི་འཚོ་བར་དོ་ནན་ཆེན་པོ་བྱེད་ཅིང་། ནམ་མཁའ་གོས་སུ་འདོད་པས་ལུས་གཅེར་བུར་སྡོད། གོས་དཀར་ཅན་གྱིས་སྲུབས་ཁ་མེད་པའི་གོས་དཀར་པོ་གྱོན།
༤ སིག་གི་ཆོས་ལུགས་ནི། དུས་རབས་བཅོ་ལྔ་པའི་ནང་ད་ལྟའི་པ་ཀི་སི་ཐན་གྱི་ལ་ཧོར་དུ་འཁྲུངས་པ་གུ་རུ་ན་ནཱཀ་ཞུ་བས་ཐོག་མར་ཁ་ཆེ་དང་ཧིནྡུའི་ཆོས་ལུགས་གཉིས་ཀར་སྦྱངས་ཤིང་། རང་ལོ་སོ་གཅིག་ཐོག་ཆོས་ལུགས་དེ་གཉིས་ཀྱི་སྙིང་པོ་རྣམས་ཟླ་བསྒྲིལ་གྱིས་ཆོས་ལུགས་འདི་གསར་གཏོད་མཛད། རྒྱ་གར་གྱི་ཨམ་རི་ཏི་སའི་(Amritsar)གསེར་གྱི་ལྷ་ཁང་ནི་ཆོས་ལུགས་འདིའི་གནས་གཞི་གཙོ་བོ་ཡིན། སིག་གི་རྗེས་འབྲང་བ་རྣམས་ཀྱིས་སིག་གི་གསུང་རབ་ཨཱ་དི་གྲནྠ་(Adi Granth) ཞེས་པར་གུས་བརྩི་ཆེན་པོ་བྱེད་ཅིང་། དེ་ནི་ཕྱིས་སུ་སིག་གི་གུ་རུ་བཅུ་པ་གོ་བིནྡ་སིནྟ་མཆོག་གིས་ཁོང་ཉིད་སྐུ་གཤེགས་རྗེས་རྩ་ཆེའི་གསུང་རབ་དེ་སིག་གི་ཆོས་པ་རྣམས་ཀྱི་བླ་མར་འགྱུར་རྒྱུ་ཡིན་ཚུལ་གསུངས་པ་ལྟར་དེའི་རྗེས་འབྲང་རྣམས་ཀྱིས་མཐར་ཐུག་གི་དཀོན་མཆོག་ལྟ་བུར་བརྩི། སིག་ཆོས་ལུགས་ཀྱི་ཉམས་ལེན་གྱི་ཁྱད་ཆོས་གཅིག་ནི། སྤྱིར་གཞན་ལ་ཞབས་འདེགས་སྒྲུབ་རྒྱུ་དང་སྒོས་སུ་དབུལ་ཕོངས་ཚོར་རོགས་རམ་བྱ་རྒྱུ་དེ་ཡིན།
ཡུལ་གྲུ་གཞན་ནས་རྒྱ་གར་དུ་དར་བའི་ཆོས་ལུགས་ལ།
༥ ཡེ་ཤུའི་ཆོས་ལུགས་ནི། ལོ་རྒྱུས་སྨྲ་བ་ཁ་ཤས་ཀྱིས་བརྗོད་གསལ་ལྟར་ན་སྟོན་པ་ཡེ་ཤུའི་དངོས་སློབ་ཐོའོ་མཱ་སེ་ཞེས་པ་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་མཚོ་འགྲམ་དུ་སླེབས་ནས་ཁུལ་དེའི་ས་གནས་འདྲ་མིན་ལ་ཡེ་ཤུའི་ལྷ་ཁང་གསར་འཛུགས་གནང་བ་ནས་བཟུང་རྒྱ་གར་ནང་དུ་ཡེ་ཤུའི་ཆོས་ལུགས་དར།
༦ ཇིའུ་ཆོས་ལུགས་ཀྱང་རྒྱ་གར་ནང་དུ་མི་ལོ་ཉིས་སྟོང་སྔོན་ཀེ་ར་ལ་ཁུལ་ནས་ཐོག་མར་དར། ཇིའུ་ཆོས་ལུགས་ལ་རྩ་ཆེའི་བཅའ་ཁྲིམས་ཊོ་རཱ་དང་ཐལ་མུ་ཌ་ཞེས་པའི་གཞུང་ཁག་གཉིས་ཡོད་པ་ནི་ནང་ཆོས་ཀྱི་བཀའ་དང་བསྟན་བཅོས་གཉིས་ཀྱིི་གནས་སྟངས་དང་འདྲ་མཚུངས་ཡོད། འཇིག་རྟེན་བཀོད་པ་པོ་ཁས་ལེན་པའི་ཐོག་ནས་དཀོན་མཆོག་གཅིག་ཁོ་ན་འདོད་པའི་ལྟ་བའི་ཐོག་གཞི་རྟེན་བྱས་ཡོད་ནའང་། ལྟ་བ་ཁག་ཅིག་ནང་པའི་སྟོང་ཉིད་དང་ཐག་ཉེ། སྙིང་རྗེ་ནི་དཀོན་མཆོག་ལ་བརྩེ་བ་བྱེད་པར་རག་ལས་ཤིང་། སྙིང་རྗེའི་ཐོག་ནས་བྱ་བ་ཞིག་བརྩམས་པ་ན། ཉིན་དེའི་ལས་ལམ་ཡོངས་རྫོགས་སྙིང་རྗེས་ཟིན་ཏེ། དགོས་མཁོ་ཆེ་བའི་དུས་སུ་རང་ལ་སྲུང་སྐྱོབ་བྱེད་མཁན་ཞིག་ཏུ་འགྱུར་བར་གསུངས། ཆོས་ལུགས་འདིས་ཀྱང་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དགོས་པར་ནན་ཏན་བྱེད་ཅིང་། ཊོ་རཱའི་ནང་ཁྲིམས་ལུགས་མང་པོ་ཞིག་གིས་དུད་འགྲོ་ལའང་བྱམས་བརྩེ་དགོས་པར་ནན་སྐུལ་བྱས་ཡོད། ཡེ་ཤུའི་ཆོས་ལུགས་ནང་སྣོད་བཅུད་ཀྱི་འཇིག་རྟེན་སྐྱོབ་རྒྱུ་ནི་མི་གཅིག་གི་འགན་འཁྲི་ཡིན་ཞིང་། ཇིའུ་ཆོས་ལུགས་ནང་དེ་ལས་ལྡོག་སྟེ་མི་ཚང་མར་དེའི་ཐད་རང་འཁྲིའི་ལས་འགན་ཡོད། འཛམ་གླིང་ནང་ཇིའུ་མི་རིགས་རྣམས་གོང་བུ་གཅིག་ཏུ་སྒྲིལ་བྱེད་ནི། ཇིའུ་མི་རིགས་ཀུན་གྱིས་གཅིག་མཚུངས་ཐོག་ཆོས་བྱེད་ངལ་གསོའི་ཉིན་མོ་(གཟའ་སྤེན་པའི་ཉིན།) སྲུང་བརྩི་ཞུ་བ་སོགས་ཆོས་ལུགས་དེའི་ཆོ་ག་ཁག་ཡིན།
༧ ཁ་ཆེའི་ཆོས་ལུགས་ནི། རྒྱ་གར་དུ་དུས་རབས་བཅུ་པའི་མཇུག་ཙམ་ལ་དར་ཞིང་། ད་སྐབས་རྒྱ་གར་ནི་འཛམ་གླིང་ནང་ཁ་ཆེའི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་གཉིས་པ་དེ་ཡིན།
༨ ཛོ་ར་སིའི་ཆོས་ལུགས་ནི། ཆོས་ལུགས་འདི་ནི་མི་ལོ་ཉིས་སྟོང་ལྷག་ཙམ་གྱི་སྔོན་དུ་པར་ཤི་ཡཱའི་(Persia)ནང་བྱུང་ཞིང་། དཀོན་མཆོག་གཅིག་ཁོ་ན་འདོད་པའི་ཆོས་ལུགས་ཤིག་ཡིན། ཕྱིས་སུ་རྒྱ་གར་དུ་དར་ཏེ། དེང་སྐབས་ཆོས་བརྒྱུད་འདིའི་ཚོགས་སྡེ་ཆེ་ཤོས་ཤིག་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེ་རུ་ཡོད།
༩ བཱ་ཧའེ་ཆོས་ལུགས་ཀྱང་དུས་རབས་བཅུ་དགུ་པའི་ནང་དུ་པར་ཤི་ཡཱ་ནས་བྱུང་ཞིང་། དཀོན་མཆོག་གཅིག་ལས་མི་འདོད་པ་དང་། འཛམ་གླིང་གི་ཆོས་ལུགས་ཚང་མ་དཀོན་མཆོག་གཅིག་པུ་དེ་ལས་བྱུང་བར་འདོད་ཅིང་། ལྟ་གྲུབ་ཐ་དད་པ་རྣམས་གཅིག་ཏུ་འདུམ་ཐབས་བྱེད་པའི་ཆོས་ལུགས་ཤིག་ཡིན། ད་སྐབས་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ཁོང་ཚོའི་ལྷ་ཁང་མེ་ཏོག་པདྨའི་དབྱིབས་ཅན་དེ་ནི་སྒྱུ་རྩལ་གྱི་བཟོ་བཀོད་ཕུལ་དུ་བྱུང་བ་ཞིག་ལ་བརྩི།
དེ་ལྟར་རྒྱ་གར་ནང་དུ་ཆོས་ལུགས་མང་པོ་དར་ཞིང་གནས་ཡོད་པས། རྒྱ་གར་ནི་རླབས་ཆེན་ཆོས་ལུགས་ཁག་གི་རྟེན་གནས་རྒྱ་ཆེན་པོ་ཞིག་ཏུ་གྱུར་ཡོད། རྒྱ་གར་གྱི་ལོ་རྒྱུས་ཐོག་ནས་བྱུང་བའི་བློ་སྐྱེད་ཆེ་ཤོས་ཤིག་ནི། ཆོས་ལུགས་སྣ་མང་རིང་ལུགས་དང་དེ་དག་དབར་བཅོས་མིན་གྱི་བཟོད་སེམས་ཤིག་མངོན་འགྱུར་ཐུབ་པ་དེ་ཡིན། རྒྱ་གར་ནི་སྣ་མང་རིང་ལུགས་དང་བཟོད་བསྲན་གྱི་མིག་དཔེ་ཞིག་དང་། ལྷག་པར་ཆོས་ལུགས་ཀྱི་རིམ་པའི་ཐོག་ནས་བཟོད་བསྲན་ཆེན་པོས་ཡུན་རིང་ཞི་མཐུན་མཉམ་གནས་བྱུང་བ་ནི་རྒྱལ་ཁབ་གཞན་དག་ཚོར་ལམ་སྟོན་གྱི་མིག་དཔེ་ལྟ་བུར་གྱུར་ཡོད།
ལྔ་པ། ཆོས་ལུགས་ཁག་དབར་མཛའ་མཐུན་ཡོང་ཐབས།
འཛམ་གླིང་གི་སྐྱེ་འགྲོ་རྣམས་ཁ་ཞེ་གཉིས་མེད་ཀྱིས་ཞི་བདེའི་ངང་མཉམ་གནས་ཐུབ་པར། འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་དབར་གྱི་མཛའ་མཐུན་ནི་མེད་དུ་མི་རུང་བ་ཞིག་ཡིན། འཛམ་གླིང་ཆོས་ལུགས་ཁག་གི་དབར་ལ་བསམ་ཤེས་དང་མཐུན་ལམ་བྱེད་པ་ནི་མིང་དོན་མཚུངས་པའི་འཛམ་གླིང་ཞི་བདེ་བསྐྲུན་པའི་སྔོན་འགྲོའི་ཆ་རྐྱེན་གྱི་གཙོ་བོར་གྱུར་ཡོད། འགྲོ་བ་མིའི་ལོ་རྒྱུས་ཁྲོད་འཛམ་གླིང་གི་ཆོས་ལུགས་ནི་སྐབས་མང་པོ་ཞིག་ཏུ་ཤོག་ཁག་དང་འཁྲུག་རྩོད་ཀྱི་རྐྱེན་རྩ་ཞིག་ཏུ་གྱུར་ཡོད་མོད། འོན་ཀྱང་གནད་འགག་ཅན་གྱི་དྲི་བ་ནི། ཆོས་ལུགས་རྣམས་དཀའ་རྙོག་གི་འབྱུང་ཁུངས་འབའ་ཞིག་རེད་དམ་ཞེས་པ་དེ་མ་ཡིན་པར། ཆོས་ལུགས་དབར་གྱི་ཁྱད་པར་རྣམས་སླད་ཕྱིན་ཤོག་ཁག་དང་འཁྲུག་རྩོད་ཀྱི་རྒྱུར་མི་འགྱུར་བའི་ཐབས་སུ་ང་ཚོས་གང་བྱེད་ཐུབ་བམ་ཞེས་པ་དེ་ཡིན། དེ་ལ་འཛམ་གླིང་གི་རླབས་ཆེ་བའི་ཆོས་ལུགས་ནང་ཁུལ་དབར་ལྷད་མེད་ཀྱི་མཛའ་མཐུན་ཞིག་བསྐྲུན་དགོས་པ་དང་། དེ་ནི་ཆོས་ལུགས་ནང་ཁུལ་དུ་བཅོས་མིན་གྱི་གོ་རྟོགས་གོང་མཐོར་ཕྱིན་པ་ཁོ་ནའི་སྟེང་གཞི་བཞག་ནས་ཡོང་ཐུབ་ལ། ཆོས་ལུགས་ཀྱི་སྲོལ་རྒྱུན་རེ་རེས་ངེས་པར་དུ་སེམས་གཏིང་ནས་ཆོས་ལུགས་གཞན་གྱི་རིན་ཐང་ཆ་ཚང་དང་དོན་དངོས་ཁས་ལེན་བྱེད་དགོས།
ཆོས་ལུགས་ནང་ཁུལ་གྱི་མཛའ་མཐུན་དང་གོ་རྟོགས་གོང་སྤེལ་ཆེད་ལས་རིམ་གཙོ་བོ་བཞི་སྟེ།
༡ ཆོས་ལུགས་ཀྱི་མཁས་དབང་ནང་ཁུལ་དབར་རང་རང་སོ་སོའི་ཆོས་ལུགས་ཀྱི་སྲོལ་རྒྱུན་གྱི་ཐབས་ལམ་འདྲ་མིན་ཐད་ཤེས་ཡོན་གྱི་རིམ་པའི་ཐོག་ནས་གྲོས་མོལ་ལྷུག་པོ་གནང་རྒྱུ་དང་། ལྷག་པར་དུ་ཐབས་ལམ་མི་འདྲ་བ་དེ་དག་གི་དགོས་དོན་ཐད་བགྲོ་གླེང་གནང་རྒྱུ།
༢ ཚད་ལྡན་ཉམས་ལེན་པ་རྣམས་ཀྱི་དབར་གཏིང་ཟབ་པའི་ཆོས་ཕྱོགས་ཀྱི་མྱོང་བ་བརྗེ་རེས་གནང་རྒྱུ།
༣ སྡིངས་ཆ་གཅིག་གི་ཐོག་བཀའ་མོལ་གནང་རྒྱུ་དང་སྨོན་ལམ་འདེབས་སླད་ཆོས་ལུགས་ཀྱི་དབུ་ཁྲིད་ཚོ་ལྷན་འཛོམས་གནང་རྒྱུ།
༤ འཛམ་གླིང་ནང་གི་རྩ་ཆེའི་གནས་རྣམས་སུ་མཉམ་དུ་གནས་གཟིགས་ལ་ཕེབས་རྒྱུ་བཅས་ཡིན།
ཆོས་ལ་ཡིད་ཆེས་བྱེད་མཁན་ཚོས་གཞན་གྱི་ཆོས་ལུགས་ལ་ཁ་ཞེ་གཉིས་མེད་ཀྱིས་བརྩི་མཐོང་མ་བྱས་ན་མཛའ་མཐུན་ངང་གནས་ཐབས་མེད། དད་ལྡན་ཆོས་པ་ཞིག་ཡིན་ཚེ་རང་ཉིད་ཀྱི་ཆོས་ལུགས་ལ་དམིགས་བསལ་དད་པ་བྱ་རྒྱུ་དང་། ཆབས་ཅིག་ཆོས་ལུགས་གཞན་ལ་སེམས་གཏིང་ནས་གུས་བརྩི་བྱ་རྒྱུ་ཤིན་ཏུ་གལ་ཆེ།
ཆོས་ལུགས་གཞན་ལ་གུས་བརྩི་དགོས་པའི་བསམ་ཚུལ་འདིར་ཡོངས་གྲགས་ཀྱི་རྒྱུ་མཚན་གཉིས་ཡོད། དང་པོ་ནི། གོང་དུ་བརྗོད་པ་ལྟར། ཆོས་ལུགས་དེ་དག་གིས་མི་ས་ཡ་མང་པོར་སེམས་གསོ་དང་སེམས་རྒྱུད་ཡར་རྒྱས་བཏང་བར་མ་ཟད་བསྔགས་པར་འོས་པའི་བཟང་སྤྱོད་ཀྱི་རྣམ་གཞག་མཁོ་སྤྲོད་བྱས་པ་དང་། སྔོན་དཔག་རུང་བའི་མ་འོངས་པར་ཡང་མུ་མཐུད་མཁོ་སྤྲོད་བྱེད་ངེས་པའི་རྩོད་མེད་ཀྱི་དོན་དངོས་དང་། གཉིས་པ་ནི། ཆོས་ལུགས་དབར་གྱི་གྲུབ་མཐའི་ཁྱད་པར་དེ་དག་ལ་མ་ལྟོས་པར། སོ་སོའི་ཆོས་ལུགས་ཀྱི་གྲུབ་མཐས་རང་ཉིད་ལ་བཟང་སྤྱོད་ཀྱི་མི་ཚེ་སྐྱེལ་སྟངས་ཤིག་སློབ་སྟོན་གནང་བ་ལྟར། ཆོས་ལུགས་གཞན་གྱི་གྲུབ་མཐས་ཀྱང་གཅིག་མཚུངས་སུ་བཟང་སྤྱོད་ཀྱི་ལམ་སྟོན་གནང་གི་ཡོད་པ་དེ་ཡིན།
ཆོས་ལུགས་གཞན་ལ་གུས་བརྩི་བྱེད་དགོས་པའི་མཐའ་མའི་རྒྱུ་མཚན་ནི། རང་གི་ཆོས་ལུགས་བརྒྱུད་ནས་རང་རྒྱུད་ལ་སྐྱེད་ཐབས་བྱེད་པའི་ཁྱད་ཆོས་དེ་དག་དང་འདྲ་བར། ཆོས་ལུགས་གཞན་གྱིས་ཀྱང་མིའི་སེམས་རྒྱུད་ཀྱི་ཁྱད་ཆོས་བཟང་པོ་རྣམས་སྐྱེད་དུ་འཇུག་པ་དང་སྙིང་རྗེ་དང་བྱམས་བརྩེ་གཅེས་སྐྱོང་བྱེད་ཀྱི་ཡོད་པ་དེ་ཡིན།
ཉམས་ལེན་པ་སྒེར་ཞིག་ལ་མཚོན་ན། བདེན་དོན་གཅིག་དང་ཆོས་ལུགས་གཅིག་ཅེས་པའི་ལྟ་ཚུལ་དེ་འཚམ་ཤོས་ཤིག་ཡིན། འོན་ཀྱང་སྤྱི་ཚོགས་ཤིག་ལ་མཚོན་ན། བདེན་པ་མང་པོ་དང་ཆོས་ལུགས་མང་པོ་ནི་རན་པོ་ཡོད་པ་ཙམ་མ་ཟད་དགོས་གལ་ཆེན་པོ་ཆགས་ཡོད། དེ་ལྟར་བྱས་པས་བདེན་གཅིག་ཆོས་གཅིག་དང་བདེན་མང་ཆོས་མང་གཉིས་མཐུན་སྒྲིག་བྱེད་ཐུབ།
འཛམ་གླིང་ནང་གི་ཆོས་ལུགས་ཁག་གིས་དམངས་གཙོའི་སྲིད་དོན་རིག་པའི་ལམ་ལུགས་ཐོག་ནས་སློབ་སྦྱོང་ལེན་རྒྱུ་ཡོད་དེ། སྲིད་དོན་གྱི་ཚོགས་པ་མི་འདྲ་བ་ཁག་གིས་མངོན་གསལ་དོད་པོར་ལྟ་ཚུལ་མི་འདྲ་བར་ཕྱོགས་འཛིན་བྱེད་ནའང། ཁོང་ཚོ་ཆབ་སྲིད་ཀྱི་ལམ་ལུགས་གཅིག་གི་ནང་འཆམ་མཐུན་ངང་གནས་ཤིང་། སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་རྒྱུར་ནུས་པ་གཅིག་ཏུ་སྤུང་ཐུབ་ཀྱི་ཡོད། འཛམ་གླིང་གི་ཆོས་ལུགས་ཁག་གིས་ཀྱང་དེ་དང་གཅིག་མཚུངས་ཤིག་བྱེད་མི་ཐུབ་པའི་རྒྱུ་མཚན་མེད།
ཆོས་ལུགས་ཁག་གིས་མཆོག་འཛིན་རིང་ལུགས་ཀྱི་ལྟ་བ་དོར་ནས་དཔུང་པ་མཉམ་གཤིབ་བྱེད་དགོས་པ་དང་། དེ་ཡང་སྙིང་རྗེ་ནི་སེམས་དོན་དང་གོང་གསལ་ཚང་མའི་རྩ་དོན་དུ་བཟུང་ནས་དད་ལྡན་མི་རེ་ངོ་རེའི་ཉམས་ལེན་ཁྲོད་དེར་གཙིགས་སུ་བཟུང་སྟེ་ལས་དོན་སྒྲུབ་དགོས་པ་གསལ་པོ་ཡིན།
དྲུག་པ། ཆོས་ལུགས་ལ་བརྟེན་མ་བརྟེན་དབར་གྱི་འབྲེལ་བ།
འགྲོ་བ་མིའི་རིགས་ཀྱི་བདེ་དོན་དང་འཛམ་གླིང་འདིའི་མདུན་ལམ་དང་འབྲེལ་བའི་གལ་གནད་ཅན་གཞན་ཞིག་ནི། ཆོས་དད་ཅན་དང་ཆོས་དད་མེད་མཁན་ནམ་ཆོས་ལུགས་ལ་མ་བརྟེན་མཁན་དབར་གྱི་འབྲེལ་ལམ་དེ་ཡིན། ཆོས་ལུགས་ལ་མ་བརྟེན་པ་(Secular)ཞེས་པའི་གོ་དོན་ནི། ནུབ་ཕྱོགས་པའི་འདོད་ཚུལ་ལྟར་ཆོས་ལུགས་ངོས་ལེན་མི་བྱེད་པའི་དོན་མིན་པར། ཆོས་ལ་ཡིད་ཆེས་ཡོད་མཁན་དང་མེད་མཁན་ཚང་མ་དང་། ཆོས་ལུགས་ཚང་མར་འདྲ་མཉམ་གྱི་གནས་སྟངས་ཡོད་པ་ཞིག་ལ་གོ་དགོས། ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་ལ་སླར་ཡང་རང་བཙན་ཐོབ་རྗེས་རྒྱ་གར་གྱིས་གོ་དོན་དེའི་ཐོག་ནས་ཆོས་ལུགས་ལ་མ་བརྟེན་པའི་རྩ་ཁྲིམས་གཏན་ལ་ཕབ་ཡོད།
ཆོས་དད་ཅན་ནི་འཇིག་རྟེན་ལས་འདས་པའི་ཁྱད་ཆོས་དང་ལེན་བྱེད་པ་ཐེ་བའི་འཇིག་རྟེན་གྱི་ལྟ་ཚུལ་ནང་རྩ་བ་ཚུགས་པ་དང་། གཞན་དེ་ནི་ང་ཚོའི་ཕྱིའི་གཟུགས་དང་ལུས་པོའི་གྲུབ་ཆའི་དོན་དངོས་ལ་གཞིགས་པའི་མིའི་གནས་ལུགས་ཤེས་རྟོགས་བྱེད་པའི་ཁྲོད་རྩ་བ་ཚུགས་ཡོད། འཛམ་གླིང་ནང་གི་ཆོས་ཀྱི་རྗེས་འབྲང་བ་ཚོས་སྙིང་རྗེའི་ཚུལ་ཁྲིམས་ཀྱི་ཐོག་ནས་སྣ་མང་རིང་ལུགས་དང་ལེན་བྱས་ན། ཆོས་ལུགས་ལ་མ་བརྟེན་པའི་ཐོག་ནས་མི་ཚེ་སྐྱེལ་བར་གདམ་ཀ་བྱེད་མཁན་ཚོའི་གཅིག་གྱུར་གྱི་གནས་བབས་ངོས་ལེན་མི་བྱེད་པའི་རྒྱུ་མཚན་མེད། ཆོས་ལུགས་ལ་མ་བརྟེན་མཁན་ཚོས་ཆོས་ལུགས་ཀྱི་རྙོག་འཛིངས་ཆེ་བའི་ལོ་རྒྱུས་རྣམས་ཟུར་འདོན་བྱ་རྒྱུའི་ཚབ་ཏུ། ངེས་པར་དུ་ཆོས་ཕྱོགས་ཀྱི་དགེ་མཚན་དང་བཟང་ཕྱོགས་ཀྱི་ཁྱད་ཆོས་རྣམས་ངོས་འཛིན་ཐུབ་པ་བྱེད་དགོས།
མདོར་ན། ཆོས་ལ་ཡིད་ཆེས་ཡོད་མཁན་ཚོས་སོ་སོའི་ཕ་མེས་ཀྱི་ཆོས་ཀྱི་བསླབ་བྱར་བརྩི་བཀུར་ཞུས་ཏེ། དེའི་སྙིང་པོ་སྟེ། གཞི་རྩའི་འགྲོ་བ་མིའི་སེམས་ཀྱི་ཁྱད་ཆོས་བཟང་པོ་རྣམས་ར་འཕྲོད་པའི་སྒོ་ནས་རང་རྒྱུད་ལ་ཡར་རྒྱས་གཏོང་དགོས། ལྟ་གྲུབ་ཀྱི་ཁྱད་པར་གང་ལྟར་ཡང། སོ་སོའི་ཆོས་ལུགས་ནང་གསུངས་པའི་སྙིང་རྗེ་ལྡན་པའི་བཟང་སྤྱོད་ཀྱི་བསླབ་བྱ་དང་མ་འགལ་བར་གནས་དགོས།
ཆོས་དད་ཡོད་མེད་ཀྱི་མི་ཚང་མས། མི་ཀུན་གྱི་སེམས་དབུས་སུ་གནས་པའི་འགྲོ་བ་མིའི་ཐུན་མོང་བའི་རང་གཤིས་དེ་ལ་གཅེས་སྤྲས་དང་། འགྲོ་བ་མིའི་ཁྱིམ་ཚང་འདིའི་གཅིག་གྱུར་གྱི་གནས་བབས་དེ་ངོས་ལེན་བྱེད་དགོས། རང་གཞན་གྱི་དགོས་མཁོ་དང་མངོན་འདོད་ལ་བསམ་ཞིབ་ནན་པོ་བྱས་ཏེ། ང་ཚོའི་སེམས་རྒྱུད་འདི་སྙིང་རྗེའི་ཆུས་བརླན་པར་བྱེད་དགོས་སོ།།
འབྲིང་བ་འཇིགས་མེད་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༠ ལ།
འབྲིང་བ་འཇིགས་མེད་མཆོག་གིས་ཧ་ལས་པ་ཡག་པོ་ཞིག་བྲིས་འདུག འཛམ་གླིང་ཆོས་ལུགས་ཡོད་ཚད་ལ་རྒྱུས་ལོན་བྱ་རྒྱུ་གལ་ཆེན་རེད་སྙམ། ངས་ནམ་རྒྱུན་ཧིནྡུའི་ཆོས་ལུགས་འདི་དང་ཞང་ཞུང་གི་ཆོས་ལུགས་གཉིས་ལ་འབྲེལ་བ་ཧ་ཅང་དམ་པོ་ཞིག་འདུག་སྙམ། ལྷག་པར་དུ་གསང་སྔགས་ཀྱི་ཆོས་སྐོར་འདི་ཧིནྡུ་དང་ནང་པ་གཉིས་ཧ་ཅང་གི་འདྲ་ས་མང་པོ་ཡོད་པས་བྱུང་ཁུངས་གཅིག་པ་ཨེ་ཡིན་ནམ་སྙམ། ལྷག་པར་དུ་ང་ཚོས་དོ་སྣང་བྱེད་དགོས་རྒྱུ་ཞིག་ལ་ཧིནྡུ་བ་ཚོས་ལྷ་དབང་ཕྱུག་གི་བསྟི་གནས་གངས་དཀར་ཏི་སེར་འདོད་པ་འདིའི་མཚོན་སྔོན་ཆད་ཞང་ཞུང་ནི་མུ་སྟེགས་པའི་ཆོས་ལུགས་ཀྱི་བྱུང་ཁུངས་ཡིན་པར་རྟོགས་ཐུབ། སྡོམ་ཞིག་རྒྱབ་ན་གསང་སྔགས་ཀྱི་ཆོས་སྐོར་ཡོད་ཚད་ཀྱི་ཁུངས་ཞང་ཞུང་ཨེ་ཡིན་སྙམ་པའི་དོགས་པ་ཞིག་རང་བཞིན་གྱིས་སྟེར། གདོད་མའི་བོན་གྱི་ཆོས་ལུགས་དེར་གསང་སྔགས་ཀྱི་ཆོས་སྐོར་དེ་ཧ་ཅང་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡོད་ཚུལ་བོན་གྱི་ལོ་རྒྱུས་དག་ལས་གསལ། འོན་ཀྱང་ཆག་འཇིགས་ཀྱིས་རྐྱེན་པས་ད་ལྟ་གངས་དཀར་ཏི་སེ་གཡས་གཡོན་ནི་རྒྱལ་ཁབ་ཆེན་པོ་ཞིག་གི་རྒྱལ་ས་ཡིན་ཟེར་ན་ཡིད་ཆེ་དཀའ་ཙམ་མོ། །
འཇིགས་མེད་ལགས་ཀྱིས་ཡག་པོ་བྲིེས་འདུག ཐུགས་རྗེ་ཆེ། འདི་འདྲ་ང་ཚོའི་སྤྱི་ཚོགས་ནང་དུ་མཁོ་བར་འདུག ཡེ་ཤུ་དང་ཁ་ཆེ་ཆོས་ལུགས་གཉིས་ཀས་ལྷ་ཡུལ་དུ་སྐྱེ་བ་ལ་དཀོན་མཆོག་ཁོ་ན་རག་ལས་དགོས་པར་འདོད། ནང་པས་ནི་རང་གི་མགོན་སྐྱབས་རང་ཡིན་ཟེར། དཔེར་ན་ཆུ་བོ་ཆེན་པོ་ཞིག་བརྒལ་བ་ལ་རང་གི་རྩལ་དང་ནུས་པ་ལ་བརྟེན་དགོས། ཡེ་ཤུ་དང་ཁ་ཆེ་གཉིས་ཀས་དཀོན་མཆོག་ལ་གསོལ་བ་བཏབ་ནས་དཀོན་མཆོག་གིས་ཆུའི་ཕ་རོལ་དུ་བསྐྱལ་བར་འདོད། འོན་ཀྱང་ནང་པ་བརྒྱ་ཆ་གོ་དགུ་ནས་ཆུའི་ཕ་རོལ་དུ་འགྲོ་བར་འདོད་པ་ཙམ་དང་ཡང་ན་རྩོལ་བ་གཏན་ནས་བྱེད་ཀྱི་མེད། ཆོས་ལུགས་ཕན་ཚུན་ལ་ཁྱད་པར་འདི་ཙམ་ཡོད་པ་རེད། །
འབྲིང་བ་འཇིགས་མེད་མཆོག་ལ་ཐུགས་རྗེ་ཆེ་ཞུ། བརྗེད་ཐོ་འདི་ལས་གསུང་དེབ་དེའི་སྐོར་གྱི་དོན་གནད་མང་པོ་ཞིག་ངོ་འཕྲོད་པ་བྱུང་སོང་། དངོས་ནས་བཀའ་དྲིན་ཆེ། ཉིད་ཀྱི་ཕྱག་རྩོམ་དག་གང་ནས་མཐོང་བ་དེ་ནས་བཀླགས་ཏེ་བློ་སྐྱེད་ལེན་མུས་ཡིན། མུ་མཐུད་ནས་གནང་རོགས་ཞུ་བ་ཡིན།
འབྲིང་བ་འཇིགས་མེད་ལགས་སུ་ཡིན་ཤེས་འདོད་འདུག གོང་གི་རྩོམ་འདི་ལ་བལྟས་ན་ཁོང་ནི་ཧ་ཅང་གི་རྣམ་དཔྱོད་ཀྱི་སྤྱན་དང་ལྡན་པ་ཞིག་ཡིན་པར་རྟོགས་ཐུབ། །
རང་བྱུང་རིག་རྡོར་གྱི་མཆན་ལའང་རྒྱུ་མཚན་འདུག སྔོན་ཆད་ཞང་ཞུང་ཡུལ་ན་ལྷ་ཆེན་དབང་ཕྱུག་མཆོད་མཁན་ཡོད་པ་ཚོད་དཔག་བྱས་ན་ཤེས་ཐུབ། གལ་ཏེ་མཆོད་མཁན་མེད་ན་ལྷ་དབང་ཕྱུག་གི་བསྟི་གནས་གངས་ཏི་སེ་ཡིན་པར་འདོད་མི་སྲིད་པ་ལྟ་བུ་རེད་སྙམ། །
ཆོས་ལུགས་ཚང་མར་ཉམས་ལེན་བྱེད་མཁན་ཚོའི་དུད་འགྲོ་
སེམས་ཅན་གྱི་ཤ་ཟ་བཞིན་པ་དེ་སྙིང་རྗེ་ལ་ངོས་འཛིན་བྱས་ན་
ཆོས་ལུགས་དང་མཐུན་པ་ཞིག་ཨ་ཡིན།
འབྲིང་བ་འཇིགས་མེད་ལེགས་ཀྱིས་རྣམ་དཔྱོད་ཆེན་པོས་བྲིས་པའི་འཇིག་རྟེན་ཆོས་ལུགས་ངོ་སྤྲོད་བོད་སྐད་དུ། བྲིས་ཡོད་པ་དེ་ལ་ངེད་ཅག་གིས་ངོམས་ཆོག་པས། འབྲིང་བ་འཇིགས་མེད་མཆོག་ལ་ཐུགས་རྗེ་ཆེ་ཞུ།
བོད་སྐད་དངོས་མ་དེ་ས་སྟེང་ན། མེད་པར་ཆགས་པ་ལ་མངོན་དུ་འགྱུར།
དབར། ཞེས་པའི་མིང་ཚིག་དེ་བོད་ཀྱི་མཁས་པས་བྲིས་པ་གང་ན་ཡང་མ་མཐོང་། འདི་ཉིད་ལ་ལན་ཞིག་དགོས།
གཤམ་གསལ་རྣམས་ལ་ཡང་དཔྱད་པ་དགོས། དམངས། ཕྱི་ལོ། ངོ་མ། བརྗོད་བྱ་མ་ཟད། ཡིག་ཕྲེང་སོགས་སོ།
དུད་འགྲོ་སེམས་ཅན་གྱི་ཤ་ཟ་རྒྱུ་དེ་སྙིང་རྗེ་ཡིན་ནམ།
འཇིག་མེད་ལགས་ནས་བྲིས་པ་ལེགས་ འོན་ཀྱང་ངའི་ལྟ་ཚུལ་བྱས་ན་༼དད་པ༽ནི་སའི་གོ་ལ་འདི་ཡིས་སྟིང་གི་ཆོས་ལུགས་པ་ཚོ་་གཅིག་ཏུ་འདུས་་ས་དེ་རེད་བསམ་སྙིང་རྗེ་ནི་ཁ་ནང་གི་སྒྲ་དེ་མ་ཡིན་་པའི་འཚོར་བ་ཞིག་རེད་དེ་རྒྱུད་ལྡན་ཀྱི་སེམས་པ་ཅན་ལ་དངོས་གཙོ་སྨ་བའི་རིང་ལུགས་པ་ཡང་ཡོད་པས་་དེ་ན་ ༧་་གོངས་ས་སྐྱབས་མགོན་ཆེན་པོ་མཆོགས་ནས་སྙིང་རྗེ་བརྗོད་ཞིར་ཞགས་ནས་ཆོས་ལུགས་དང་མ་འབྲེལ་་བའི་བཀའ་སློབས་རབས་དང་རིམས་པ་གནང་བ་རྣམས་དོན་རྙིང་ལྡན་པ་ཞིགས་ཡིན་པ་འཚོར་གི་འདུག་་་
འདིར་སྨྲ་འདོད་པ་ནི་ནང་ཆོས་ནི་ལམ་ལུགས་ཙམ་་ལ་ངོས་འཛིན་ན་དེ་ནི་བཇོད་པོ་རང་ཉིད་ཀྱི་བསམས་པའི་དཔལ་ཡོན་གྱི་འཁོར་རྒྱ་ས་མི་འདངས་པ་དང་ནང་ཆོས་ལ་་ཞིབ་ཏུ་མ་དཔྱད་པར་མངོན་་ཡིག་ཚོགས་མང་བས་ན་འདོར་ཙམ་ཞུས་ན་བོད་ཀྱི་དགོན་བདེ་ཁགས་ཀྱི་བཤད་གྲ་ཁག་དང་མཚན་ཉིད་གྲ་ཚང་ལ་སློབས་སྦྱོང་གནང་མཁན་རྣམས་ལམ་ལུགས་ཙམ་དང་ཆོས་ལུགས་པ་ཙམ་ངོས་འཛིན་གནང་ན་དེ་ནི་ནོར་བ་རེད་བསམ་
གཞུང་པ་ལགས། ང་ཚོ་བཅོམས་ལྡན་འདས་ཀྱི་རྗེས་འབྲངས་ལྟར་སྣང་ཙམ་རེད། ཁ་ནས་སྙིང་རྗེ་བཤད་ཞོར་དུ་ཟས་སུ་ཤ་ཁྲག་བསྟེན། ཁ་ནས་གཞན་དོན་བཤད་ཞོར་དུ་རང་ཉིད་སྐྱིད་ཐབས་བདེ་ཐབས་ཁོ་ནར་དམིགས། དོན་ལ་བོད་ཀྱི་བླ་སྤྲུལ་དགེ་བཤེས་སུ་ཡིན་ཀྱང་རྒྱུ་ནོར་ལ་འཁོར། བླ་མ་ཚོའི་བཞུགས་ཁྲི་གཅིག་པོར་ལྟོས་དང་ཧ་ཅང་གི་རྟོགས་སླ། བོད་ཀྱི་བླ་མ་ཚོ་བཞུགས་བཞིན་པའི་ཁྲི་དེ་རྒྱལ་པོའི་ལུགས་རེད། བཅོམས་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་གི་ལུགས་མ་རེད། ཧ་གོ་སོང་ངམ། བོད་པའི་ཆོས་པ་ཚོའི་གྲལ་ན་་ཡེ་ཤུ་ཆོས་ལུགས་ཀྱི་རྗེས་འབྲངས་མ་ངྷར་ཕྲུ་རེ་བཟའ་ལ་འགྲན་ཐུབ་མཁན་ཞིག་ནམ་མཁའི་མེ་ཏོག་གི་ཟླ་བོར་སོང་། mother Teresa མོའི་བཞུགས་ཤག་དུ་ཅོག་ཙེ་སྟབས་བདེ་ཞིག་དང་ཅ་ཕོར་ཞིག་ལས་མེད་ཟེར། སྤྱིར་མོ་ལ་ཆོས་ཚོགས་འཛམ་གླིང་གང་ས་གང་ན་ཡོད་པ་རེད། ཨ་སྒོར་ས་ཡ་མང་པོ་ཡོད་ས་རེད། ཡིན་ཡང་མོའི་ཆེད་དུ་འགྲོ་སོང་གང་ཡང་བཏང་གི་མ་རེད་ཟེར། །
ཁྱེད་ཀྱི་གསུང་པ་ལ་མངོན་པར་བསྟོད་དོ།
བོད་གངས་ཅན་དུ། སྐྱེས་ཕོ་མོ་ཤི་བའི་ཕུངོ་པོ་བྱ་རྒོད་ལ་སྟེར་བ་དེ་ཉིད། ཛོ་ར་སིའི་ཆོས་ལུགས་ནས་དར་བ་ཡིན་པ་བདག་སེམས་སོ།
ལ་དྭགས་འཇམ་དཔལ་ལགས། སྲོག་ཆགས་ཚང་མས་ཟ་བ་དང་གཤང་ལྕི་འདོར་བ་འདི་སུའི་ལུགས་རེད། སེམས་ཅན་དུད་འགྲོ་ཤི་བའི་རོ་རྣམས་བྱ་དང་འབུས་ཟ་བ་འདི་འཇིག་རྟེན་གྱི་ཆོས་ཉིད་ཅིག་རེད། དེ་དང་དེ་བཞིན་མིའི་རོ་བྱ་ཡིས་ཟ་བའང་ཆོས་ཉིད་རེད། འགྲོ་བའི་སྲོག་ཆགས་ཡོད་ཚད་ཀྱི་ལུགས་རེད། མི་རིགས་བྱེ་བྲག་པ་ཞིག་གི་ལུགས་རེད་ཟེར་ན་གད་མོ་ཤོར་བའི་གནས་སོ། རིམ་བཞིན་རྒྱས་སྤྲོས་ཀྱི་རྣམ་པས་རོ་སྒམ་བཟོས་པ། སྦྱིན་སྲེག་བྱེད་པ། ཆུ་ལ་སྐྱུར་བ། དམར་གདུང་བཟོས་པ། རྒྱན་ཆ་སྣ་ཚོགས་ཀྱིས་བརྒྱན་པ། ཐ་ན་་མི་དྲག་གི་རིགས་ཤི་ཚེ་གཡོག་པོ་གཡོག་མོ་གསོན་པོར་དུར་འཇུག་བྱས་པ་སོགས་ནི་ལུང་པ་བྱེ་བྲག་པར་ལུགས་སྲོལ་ཡོད་ས་རེད། །
ངས་བཤད་པ་ལ་རྒྱུ་མཚན་ཞིག་ཡོད། བོད་གནས་མང་པོར་རོ་སྦས་པའི་དུད་ཁྲོད་མང་པོ་ཡོད་པ་བརྟག་བྱེད་པའི་བློ་རྒྱུས་མཁན་པོས་བཤད་པ་ཐོས། རྡོལ་བོན་དང་འཁྱར་བོན་ཞེས་གཉིས་སུ་གསལ་བ་ཞིག་ཀྱང་ཐོས། འཁྱར་བོན་དེ། པར་སི་ཡུལ་ནས་དར་སེམས། རྒྱ་གར་བེམ་བའི་གྲོང་ཁྱེར་དུ་ཡོད་པའི་པར་སི་ཆོས་ལུགས་པ་དག་གིས་ཤི་བའི་ཕུང་པོ་ད་ལྟ་ཡང་བོད་ལྟར་ད་ལྟར་ཡང་བྱ་རྒོད་སྟེར། ཛོ་ར་སིའི་ཆོས་ལུགས་ནས་ཕུང་པོ་བྱ་རྒོད་ལ་སྟེར་ཚུལ་དར་བ་མ་ཡིན་ན། སྔར་ བོད་ཀྱིས་ཤི་བའི་ཕུང་པོ་ས་ལ་སྦས་ཚུལ་དེ་ཇི་ལྟར་མེད་པར་སོང་ནས། བྱ་རྒོད་ལ་སྟེར་བའི་ལུགས་ཆགས་སམ།
ཤི་བའི་ཕུང་པོ་་བོད་ལྟར་ད་ལྟར་ཡང་བྱ་རྒོདལ་སྟེར། ཞེས་་བཅོས་སོ།
རྟ་བདུན་དབང་པོས་བོད་ཀྱི་བླ་མ་ཁྲི་དགའ་ཚོ་བསད་བཞག
དེང་གི་གྲུབ་མཐའ་ཟོར་དགའ་དང་གཅིག རྒྱོ་དགའ་དང་གཉིས། ཁྲི་དགའ་དང་གསུམ། འཁྲུག་དགའ་དང་བཞི། བརླ་དགའ་དང་ལྔ་ལ་སྙིང་རྗེའི་སྐད་ཆ་འདི་དེ་ཙམ་འགྲོ་ས་མེད། སྙིང་རྗེའི་བསྟན་པའི་བདག་པོ་ངོ་མ་དེ་དེང་སང་རྩ་ཡལ་དུ་ཕྱིན་པའི་ཇོ་བོ་བཀའ་གདམས་པ་དེ་ཚོ་རེད། སྔོན་མར་ཁོང་ཅག་ས་དར་གནམ་དར་ཡིན་དུས། སྙིང་རྗེ་ཉམས་ལེན་གྱི་མཐིལ་དུ་འཛིན་བྱེད་ཀྱི་གདམས་ངག་ཟབ་མོ་དེང་སང་གི་གསེར་ཆོས་གཏེར་ཆོས་སུ་གྲགས་པ་འདི་ཚོ་རི་བཞིན་སྤུངས་ཤིང་མཚོ་ལྟར་བསྐྱིལ་ཀྱང་འགྲན་ཟླ་མེད་པ་ཞིག་ཡོད་ནི། དགྲ་གཉའ་རེངས་སུ་ཐོངས། ཞིང་ཐ་རེངས་སུ་ཐོངས། ཞེས་པ་འདིའོ།།
རང་བྱུང་རིག་པའི་རྡོ་རྗེ་ལགས།
གསང་སྔགས་སྐོར་ལ་ནང་པ་དང་ཧིནྡུའི་དབར་ཕྱིའི་རྣམ་པའི་ཐོག་འདྲ་ས་མང་ལ། ཕྱི་ནང་ཐུན་མོང་གི་ལྷའང་ཡོད་མོད་དེ། ཁྱད་པར་གཙོ་བོ་ནི་གསང་སྔགས་སྒྲུབ་པའི་སྐབས་དང་ཉམས་སུ་ལེན་པའི་སྐབས་སྟོང་པ་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་མ་ཟིན་གྱི་ཁྱད་པར་ཆེ་བ་ཡོངས་གྲགས་ལྟར་ཡིན་ངེས། མུ་སྟེགས་པའི་ཆོས་ལུགས་ཀྱི་འབྱུང་ཁུངས་ཞང་ཞུང་ཡིན་མིན་ལ་དཔྱད་པ་གཏོང་འོས་ཤིང་། འཁྱར་བོན་ནི་མུ་སྟེགས་དབང་ཕྱུག་པའི་ལུགས་ལས་བྱུང་ཞེས་གསུང་སྲོལ་ཡང་ཡོད་པ་ལྟར་དེ་ཚོའི་དབར་འབྲེལ་བ་ཞིག་ཡོད་སྲིད།
རྟ་བདུན་དབང་པོ་ལགས།
ནང་པས། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས་གཙོ་བོ་རང་ཉིད་ཀྱིས་སྐྱབས་དངོས་ཏེ་ཆོས་ཉམས་སུ་བླངས་ནས་འགྲོ་དགོས་པས། བདག་ཉིད་བདག་གི་མགོན་ཡིན་ཞེས་གསུངས་པ་རེད། ནང་པར་ཁས་འཆེ་ནའང་ནང་ཆོས་ལྟར་མི་བྱེད་མཁན་མང་པོ་ཡོད་ཀྱང་བརྒྱ་ཆ་གོ་དགུ་ཟེར་ན་མངས་དྲགས་པར་སྙམ།
སྲིན་པོ་རྫ་རྒན་ལགས།
བརྗེད་ཐོ་འདི་རགས་འབྲི་ལས་ཞིབ་འབྲི་བྱེད་ཐུབ་མེད་ནའང་མི་གཅིག་ལ་ཕན་པས་ཀྱང་སྤྲོ་བ་བརྟས།
གཞུང་པ་ཚེ་དབང་ལགས།
དུད་འགྲོའི་ཤ་ཟ་བ་སྙིང་རྗེ་ལ་ངོས་འཛིན་སུས་ཀྱང་བྱས་མེད། ༧གོང་ས་མཆོག་གི་ཕྱག་དེབ་དེའི་ནང་གསུངས་མེད་ལ། བརྗེད་ཐོ་འདིའི་ནང་དུའང་བྲིས་མེད།
ལ་དྭགས་འཇམ་དཔལ་ལགས། ཐ་སྙད་དེ་དག་ཡོངས་གྲགས་ཤ་སྟག་ཡིན་པས་འགྲེལ་བཤད་ཞུ་དགོས་མ་མཐོང་།
བོད་ཀྱི་ཕུང་པོ་བྱ་ལ་སྟེར་སྲོལ་འདི་ཛོ་ར་སིའི་ཆོས་ལུགས་ནས་དར་བ་ཡིན་མིན་མ་ཤེས་ཀྱང་། ཆོས་ལུགས་དེ་ལ་སྲོལ་འདི་ཡོད་ཚུལ་༧གོང་ས་མཆོག་གི་བཀའ་རྩོམ་འདིའི་ནང་གསལ།
རྒྱ་མ་ཚང་ལགས།
སྙིང་རྗེ་ནི་ཆོས་ལུགས་རྣམས་གཅིག་ཏུ་འདུ་ས་རེད་ཅེས་པའི་དོན་ནི། ཆོས་ལུགས་རྣམས་ཀྱིས་སྙིང་རྗེའི་སྐོར་གསུང་གི་ཡོད་པ་ཙམ་གྱི་དོན་མིན་པར། ཆོས་ལུགས་ཆེ་ཁག་གིས་གཞན་ལ་སྙིང་རྗེའི་སྒོ་ནས་ཕན་པ་སྒྲུབ་དགོས་ཚུལ་བསླབ་བྱའི་གཙོ་བོར་གསུང་གི་ཡོད་པའི་དོན་རེད། དེས་ན་དད་པ་ནི་ཆོས་ལུགས་ཁག་གི་ནང་ཡོད་པ་བདེན་ཡང་སྙིང་རྗེ་ལྟར་བསླབ་བྱའི་གཙོ་བོར་གསུང་གི་མེད་པ་འདྲ།
༧གོང་ས་མཆོག་གིས། ཆོས་ལུགས་དང་མ་འབྲེལ་བའི་སྐབས་སྙིང་རྗེ་ནི་མི་རྣམས་ཀྱི་རང་གཤིས་ལ་ཡོད་ཚུལ་གཙོ་བོར་གསུང་ཞིང་། འདིར་ཆོས་ལུགས་ཁག་གིས་སྙིང་རྗེའི་སྒོ་ནས་གཞན་ཕན་སྒྲུབ་ཚུལ་གཙོ་བོར་གསུང་གི་ཡོད་པས་གསུང་གི་གནད་མི་འདྲ། སྔ་མའི་ཐད་ལ་༧ཁོང་གི་ཕྱག་དེབ་འདིའི་ནང་དུའང་། “སྙིང་རྗེ་ནི་ལྷན་སྐྱེས་དང་འགྲོ་བ་མི་ཀུན་ལ་རིགས་རྒྱུད་ནས་འཇགས་པ་ཞིག་ཡིན་ཞིང་། ཆོས་ལ་ཡིད་ཆེས་ཡོད་མེད་གང་ལྟར་ཡང་། རིམ་པ་དེའི་ཐོག་ལ་ཁྱད་པར་ཅི་ཡང་མེད།” ཅེས་གསུངས།
ནང་ཆོས་ནི་ཆོས་ལུགས་ཙམ་ཡིན་ཞེས་༧གོང་ས་མཆོག་གི་ཕྱག་དེབ་དེའི་ནང་གསུངས་མེད་ལ། འདིར་བརྗེད་ཐོའི་ནང་དུའང་བྲིས་མེད། འོན་ཀྱང་ཆོས་ལུགས་ཆེ་ཁག་བགྲང་སྐབས་སུ་ནང་ཆོས་ཀྱང་བགྲང་དགོས་པ་རྩོད་མེད་རེད།
ཀླུ་སྨྱོན་ལགས།
ཡེ་ཤུ་མ་ཤི་ཀས་ཀྱང་། རང་གི་དགྲ་ལ་བྱམས་སེམས་སྐྱེད། རང་ལ་འཚེ་བ་བྱེད་མཁན་ཚོར་སྨོན་ལམ་ཐོབས། ཞེས་གསུངས་ཡོད་འདུག