གཅིག རྒྱལ་བ་ཡབ་སྲས་བར་གྱི་ཐུགས་བརྩེ།
པཎ་ཆེན་སྐུ་ཕྲེང་བཅུ་པའི་གསུང་འབུམ་བཀྲས་ལྷུན་ཤིང་དཔར་པོད་༼ཁ༽་པའི་ནང༌། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་མདུན་དུ་ཕུལ་བའི་ཕྱག་འཕྲིན་ཁག་ཅིག་བཞུགས་པ་དག་ནི། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་རེད། དེའི་ནང་གི་ཕྱག་འཕྲིན་དེ་ཚོ་མཇལ་ཐེངས་རེར། རྒྱལ་བ་ཡབ་སྲས་རྣམ་གཉིས་ཀྱི་དད་དམ་འོ་ཆུ་གཅིག་ཏུ་འདྲེས་པའི་རོལ་མཚོ་ཆེན་པོ་ཞིག་ཏུ་འཇུག་གིན་པའི་སྣང་བ་བཅོས་མིན་དུ་སྟེར་བ་ཞིག་མཇལ་དུ་ཡོད།
འདིར་དཔེ་མཚོན་ཅིག་བཀོད་ན།
༼༄༅།། ལྷ་མིའི་རྣམ་འདྲེན་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་མཆོག་གི་ཞབས་དྲུང་དུ། ནང་མ་སྤྲོས་མེད་ཀྱིས་ཞུ་བ། བར་དེར་ཐམས་ཅད་མཁྱེན་གཟིགས་མཆོག་གི་སྐུའི་གསང་གསུམ་ཉིན་མོའི་དབང་ཕྱུག་གི་དཔལ་ལྟར་གསལ་ཞིང༌། བོད་ལྗོངས་བསྟན་འགྲོ་སྤྱི་སྒོས་ཡོངས་ལ་ཕན་བདེའི་སྣང་བ་ཅི་འདོད་དུ་སྩོལ་བའི་མཛད་བཟང་གི་ཟེར་བརྒྱ་སྤྲོ་བཞུགས་བཀའ་དྲིན་ཆེ། ཕྲན་བདག་ཅག་ཀྱང་དེ་གར་སྡོད་རིང་གང་ཅིའི་གཟིགས་སྐྱོང་དང༌། དངོས་མཇལ་སློབ་སྟོན་གྱི་རིམ་པ་ནང་མ་ལྷུག་རྗེན་དུ་ཕེབས་པ་རྣམས་ཡིད་ངོར་བཅགས་བཞིན་པར་གཙང་ཕྱོགས་སུ་བསྐྱོད་པར་ལམ་བར་ཉེ་ཞོ་མེད་པའི་བདེ་བགྲོད་ཀྱིས་རྗེ་གོང་མ་ན་རིམ་གྱི་གདན་ས་ཆོས་སྡེ་ཆེན་པོའདི་ཉིད་དུ་སྣྲོན་ཟླའི་ཡར་ཚེས་གཅིག་ཉིན་ལེགས་འབྱོར་ལགས་པར་རྗེ་གོང་མ་རྣམས་ཀྱི་མཚན་གྱིས་བྱིན་བརླབས་ལ་བརྟེན་དད་སྤྲོར་རློམས་པའི་སྐྱེ་བོ་སེར་སྐྱ་མཆོག་དམན་གྱི་འདུ་ཚོགས་ཀྱང་མང་ཙམ་དང་ལྷག་པར་དེ་ནས་དགྱེས་བརྩེའི་སྐུ་ཚབ་བཀའ་བློན་བླ་མ་ལས་བཅས་ཆེད་སྩལ་ནས་ཀྱང་བཀའ་ཐམ་ལེ་ཚན་གནང་སྐྱེས་གྱ་ནོམས་ཀྱི་སྟོན་མོ་གཟབ་པ་སོགས་འཆར་འཕར་གྱི་དགའ་སྟོན་འདུ་ལོངས་ཀྱི་དཔལ་ལ་མཐུན་སྣང་ཅི་དགར་སྤྱོད་དུ་ཡོད་པ་དང༌། དགེ་འདུན་བགྲེས་གཞོན་སོགས་དད་ཞེན་རྣམས་ཀྱི་བཞེད་པ་དང་བསྟུན་འདུས་པ་རྒྱ་མཚོའི་ཚོགས་དབུར་བསྐྱོད་དེ་རྟེན་འབྲེལ་གྱི་ཁྱད་ཟབ་ལམ་དགའ་ལྷའི་རྣལ་འབྱོར་གྱི་ལུང་འབྲེལ་ཞིག་ཀྱང་བྱས་པ་བཅས་མགོན་པོ་གང་གི་ཐུགས་རྗེར་ངེས། འདིར་བཞུགས་རྟེན་གསུམ་བྱིན་ཅན་ཚང་མར་མཆོད་སྤྲིན་ཅུང་ཟད་སྤྲོ་བ་དང་ཆབས་ཅིག ངོ་བསྐྱོད་ཀྱིས་སྤྱི་སྒོས་བསྟན་འགྲོའི་རྒུད་ཚོགས་ཞི་ཞིང༌། མཐུན་རྐྱེན་ལེགས་ཚོགས་གོང་དུ་འཕེལ་བའི་སྨོན་འདུན་དང་བཀྲ་ཤིས་ཞུས་ཁུལ་གྱི་དེང་སྐབས་བདེ་ཆེན་སྐལ་བཟང་ཕོ་བྲང་དུ་སྔོན་ལས་བཞིན་བསྐྱོད་བསྡད་ལགས་པ་བཅས་གནས་བབས་ནང་ཞུ་ཙམ་དང༌། སླད་དུ་ཡང། མགོན་པོ་མཆོག་གི་སྐུ་འཚོའི་འགལ་སྤོངས་ཟབ་བཞེས་མི་འདོར་ཞིང༌། དུས་མཐར་རིས་མེད་བསྟན་འགྲོའི་བདེ་ཐབས་ལ་གཅིག་ཏུ་སྨན་པའི་མཛད་སྐྱོང་དང༌། ལྷག་པར་བདག་ཉིད་འདུས་སྡེ་འཁོར་འབངས་དང་བཅས་པའི་བདེ་རྩ་ཉམས་པ་སོར་ཆུད།མི་ཉམས་གོང་འཕེལ་འབྱུང་བའི་སྐྱབས་འཇུག་གང་ཟབ་ཀྱི་འདིར་ཡང་ནང་མའི་ལེགས་སློབ་དངོས་རྗེན་དུ་སྩོལ་བ་མ་ཟད་འཕྲིན་ལས་ཀྱི་མཛད་པོ་ཕྱི་ནང་ཁག་ལའང་དེ་དོན་ལེགས་ཆེའི་བཀའ་འཁོར་ཟབ་འདོམས་ཅི་ནས་ཀྱང་ཡོང་བ་སོགས་འཕྲལ་ཡུན་དགེ་བའི་སྐྱབས་འཇུག་ཞར་ཡང་མི་ལྷོད་པ་མཁྱེན། ཞུ་འདེགས་ལྷ་རེག་ནང་མཛོད། སྨད་གསེར་ཐུར་སྲང་གང་བཅས། ཆུ་འབྲུག་བོད་ཟླ་དྲུག་པའི་ཚེས་བརྒྱད་དགེ་བར་ཕུལ།༽ ༼༡༽ ཞེས་བཀོད་གནང་འདུག
གཉིས། ཀུན་གཟིགས་རིན་པོ་ཆེའི་སྐུ་ཚེ་གཅིག
ས་སྐྱ་འཁོན་གྱི་གདུང་རྒྱུད་བིས་མདོ་དཔོན་ཡབ་གུར་མགོན་ཚེ་བརྟན་དང༌། ཡུམ་བསོད་ནམས་སྒྲོལ་མ་གཉིས་ལ། སྲས་མགོན་པོ་ཚེ་བརྟན། སྲས་མགོན་པོ་སྐྱབས། སྲས་མོ་པདྨ་མཚོ་བཅས་སྲས་སྲོས་གསུམ་འཁྲུངས། སྲས་མགོན་པོ་ཚེ་བརྟན་ནི། བོད་རབ་བྱུང་དྲུག་པའི་ས་སྟག་ལོའི་ཧོར་ཟླ་ ༡ ཚེས་ ༣ ཉིན་༼ཕྱི་ལོ་ ༡༩༣༨ ཟླ་ ༢ ་ཚེས་ ༢༩༽འཁྲུངས་ཤིང༌། དགུང་ལོ་གསུམ་གྱི་སྐབས་ན། པཎ་ཆེན་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མའི་ཡང་སྲིད་དུ་ངོས་འཛིན་ཞུས། སྲས་མོ་པདྨ་མཚོ་ནི་དགུང་ལོ་ཆུང་ངུ་ནས་གཤེགས། ཕྱི་ལོ་ ༡༠༤༩ ཟླ་ ༦ ཚེས་ ༣ ཉིན་རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ་མཆོག་གིས་དབུ་སྐྲ་གཙུག་ཕུད་བཞེས་གནང་སྟེ། མཚན་ལ་བློ་བཟང་འཕྲིན་ལས་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ། ཕྱི་ལོ་ ༡༩༥༡ ཟླ་ ༤ ཚེས་ ༢༨ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས། ཉིན་མོ་དེ་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་སྟེ། ཕོ་བྲང་པོ་ཏཱ་ལར་རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་དང་པཎ་ཆེན་བཅུ་པ་ཆེན་པོ་རྣམ་གཉིས་ཡབ་སྲས་དགྱེས་འཛོམས་ཀྱི་མཇལ་མོལ་ཐོག་མ་གནང༌། ལོ་དེ་གའི་ཟླ་ ༦ ་ཚེས་ ༢༣ ཁོང་གི་གདན་ས་བཀྲ་ཤིས་ལྷུན་པོར་ཞབས་སོར་བཀོད། ཕྱི་ལོ་ ༡༩༦༡ ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུའི་མ་ཟིབ་ཕྱག་རྩོམ་མཛད་གྲུབ་སྟེ། ཕྱི་ལོ ༡༩༦༢ ཟླ་ ༥ ཚེས་ ༡༨ ཉིན་རྒྱ་གཞུང་ལ་ཕུལ། ཕྱི་ལོ་ ༡༩༦༣ ཟླ་ ༡༠ པ་ནས་ ཕྱི་ལོ ༡༩༦༤ ཟླ ༩ བར། ཡིག་འབྲུ་ཁྲི་བདུན་ལས་འཕྲོས་པའི་སྐྱོན་བརྗོད་དང༌། བཟང་བཙོན་གྱི་སྐུ་ངལ་ངང་བཞུགས། ཕྱི་ལོ ༡༩༦༤ ལོ་མཇུག་ནས་ཕྱི་ལོ་ ༡༩༦༥ ལོའི་ལོ་མཇུག་བར་རྣམ་པ་འདྲ་མིན་གྱི་འཐབ་རྩོད་ཁྲོད་ལྷུང༌། ཕྱི་ལོ ༡༩༦༦ ཟླ་ ༨ པ་ནས་ ཕྱི་ལོ ༡༩༧༧ ཟླ ༡༠ བར་བཙོན་ཁང་དུ་བཞུགས་དགོས་བྱུང་ཡོད། ཕྱི་ལོ ༡༩༨༠ ལོར་སྟག་འཚེར་དུ་ཆེད་ཕེབས་ཀྱིས་ྋགོང་ས་མཆོག་གི་གཉེན་ཉེ་ཚོར་འཚམས་གཟིགས་མཛད། ཕྱི་ལོ་ ༡༩༨༩ ཟླ་ ༡ ཚེས་ ༢༨ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༨ དང་སྐར་མ་ ༡༠ སྟེང་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་བཞུགས་གནས་བདེ་ཆེན་སྐལ་བཟང་ཕོ་བྲང་དུ་སྐུ་གཤེགས། སྐབས་དེར་དགུང་གྲངས་ ༥༡ ཡིན།
གསུམ། བོད་འབངས་སྐྱོབ་པའི་ཐུགས་རེ།
པཎ་ཆེན་སྐུ་ཕྲེང་བཅུ་པའི་ཐུགས་སྤོབས་ནི། གཞོམ་གཞིག་བྲལ་བ་ཞིག་སྟེ། འཐབ་རྩོད་དང་རྡུང་རྡེག བཙོན་འཇུག་དང་མནར་གཅོད་གང་གིས་ཀྱང་འགྱུར་བ་གཏོང་མ་ཐུབ་པ་ཞིག་ཡིན། འདིར་ཐུགས་སྤོབས་ཀྱི་དཔེ་མཚོན་ཙམ་བཀོད་ན། ཕྱི་ལོ་ ༡༩༨༧ ལོའི་ཟླ་ལྔ་པར། ཚེ་ཏན་ཞབས་དྲུང་རིན་པོ་ཆེ་པེ་ཅིན་ནས་ཀུན་གཟིགས་མཆོག་ལ་མཇལ་མོལ་གསུང་ཚིག་ཏུ། ༼ང་རང་སྐྱེས་པ་ཡང་བསྟན་འགྲོའི་དོན་ཡིན་པར་ཁྱེད་ཅག་གིས་འདོད། ད་ཤི་ན་ཡང་རྒྱལ་བའི་བསྟན་པ་དང་རང་གི་མི་རིགས་ཀྱི་ཆེད་དུ་སེམས་ཐག་རྦད་ཆོད་ཡིན་ལ་ངའི་བབ་ཀྱང་ཡིན།༽༼༢༽ཞེས་གསུངས་གནང་འདུག་པ་ལྟར། ཁོང་ཉིད་སྐུ་འཚོ་གཞེས་ཀྱི་བགྲང་བྱ་ང་གཅིག་དེའི་རིང༌། དགེ་འདུན་པའི་སྡེ་ལ་གཟས་ཏེ། ༼རྒྱ་ཆེའི་མང་ཚོགས་རྣམས་ཀྱི་ཆོས་དད་འཚོ་བའི་དགོས་མཁོ་ལེགས་པར་སྐོང་ཐུབ་པ་བྱ་རྒྱུ་དང༌། ནང་པ་སངས་རྒྱས་པའི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་རྒྱུད་འཛིན་དང་གོང་སྤེལ་བྱེད་རྒྱུ་དེ་གཙོ་བོར་བྱ་དགོས།༽༼༣༽ཞེས་དང༌། སློབ་གྲྭ་ཁག་ལ་གཟས་ཏེ། ༼མི་རིགས་ཀྱི་སྟེང་ནས་བཤད་ན། མི་རིགས་ཀྱི་ལ་རྒྱ་ཡོད་དགོས། སློབ་གྲྭ་ལ་འགྲོ་དུས་བོད་ཡིན་པ་ལ། མར་ཡོང་དུས་རུས་པ་བོད་ཡིན་ཀྱང་བོད་དྲི་མི་བྲོ་བ་མ་བྱེད། ཕ་མས་སློབ་གྲྭར་བསྐྱལ་དུས་བོད་ཡིན་ནའང༌། སློབ་གྲྭ་ནས་ཐོན་སྐབས་རྒྱ་དང་ཁྱད་མེད་པ་དེ་འདྲ་མ་བྱེད། བོད་ཡིན་ན་བོད་ཀྱི་བྲོ་བ་ཞིག་ཡོད་དགོས། བོད་ལ་ཤ་ཚ་དགོས།༽༼༤༽་ཞེས་དང༌། དེ་མཚུངས་རྒྱ་ཆེའི་བོད་རིགས་བྱིངས་ལ་གཟས་ཏེ། ༼མི་རིགས་རང་ལ་རང་གི་སྐད་ཡིག་དང་ཆབ་སྲིད། རང་གི་ཁྱད་ཆོས། རང་གི་འདུ་ཤེས་དེ་དག་མེད་སོང་ན། མི་རིགས་དེ་ལྷུང་འགྲོ་བ་དང༌། མི་རིགས་དེ་མེད་འགྲོ།༽༼༥༽ཞེས་གསུངས་འདུག་པས་མཚོན། རོང་འབྲོག་ཁུལ་གྱི་ས་རྩོད་ཆུ་རྩོད་གཏན་འགོག་གིས་མཚོན་པའི་སྤྱི་ཚོགས་བདེ་དོན་དང༌། བོད་རིགས་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་ཏུ་བསྒྲིལ་དགོས་པའི་གནད་འགག་གསལ་སྟོན། བོད་ཀྱི་ཆོས་རིག་ཡུལ་གོམས་སྲུང་གཅེས་ཀྱི་རིན་ཐང༌། ཤེས་ཡོན་རིག་གནས་སློབ་གཉེར་ཐད་རྟིང་སྐུལ། སྤྱི་ཚོགས་འཚོ་བ་ཡར་སྐུལ་གྱི་ལག་བསྟར་སོགས་མི་རིགས་འདི་ཡུན་རིང་འཚོ་གནས་ཀྱི་གནད་ལས་འཕྲོས་ཏེ། གཞིས་ལུས་རྒྱ་ཆེའི་མི་མང་ལ་བཀའ་སློབ་ལམ་སྟོན་རྒྱ་ཆེ་གནང་ཡོད་པ་དང༌། གཞན་ཡང་ཁོང་གིས། ༼ཁྱེད་རང་ཚོ་རང་དབང་ལུང་པའི་ནང་སྡོད་མཁན་ཚོས་བསམ་མི་ཕོད་པའི་གནས་ཚུལ་མང་པོ་ཞིག་ང་ཚོས་བཤད་ཕོད་པ་བྱས་ཏེ་གནས་ཡོད༽༼༦༽ཅེས་བཀའ་གནང་མྱོང་བ་སོགས་ལ་བསམས་ན། ཇི་འདྲའི་བློས་མི་འཁྱུད་པ་ཞིག་རེད་ཨང། ཕྱི་ལོ་ ༡༩༨༩ ཟླ་ ༡ ཚེས་ ༢༤ ཉིན་སྐུ་ཚེ་འདི་ཉིད་ཀྱི་དབང་དུ་བྱས་པའི་མཐའ་མའི་བཀའ་སློབ་བསྩལ་གནང་བའི་ནང༌། ༼ད་ནི་ང་རང་མི་སྡོད་པར་འགྲོ་རན་པས་ཁྱེད་རྣམས་ཀྱིས་རང་མགོ་ཐོན་པ་བྱེད་དགོས་པ་ལས། ལས་དོན་ངས་མ་སྒྲུབ་ཀྱང་རྗེས་ནས་པཎ་ཆེན་བླ་མས་བསྒྲུབ་རྒྱུ་རེད་སྙམ་པའི་གཞན་བརྟེན་གྱི་བསམ་བློ་འདོར་བའི་དུས་ལ་བབ་ཡོད་པས་ཚང་མས་ཧུར་ཐག་བྱེད་རོགས།༽ཞེས་སྐུ་ཚེ་འདིའི་དབང་དུ་བྱས་པའི་བཀའ་སློབ་མཐའ་མ་དེ་གནངས་ནས་ང་ཚོ་དང་གཏམ་བྲལ་དུ་ཕེབས་པའི་ཁོང་ལ་རྗེས་དྲན་ཞུ་བའི་སྐབས་དག་ཏུ། ང་ཚོས་ཁོང་གིས་སྐུ་ངལ་ག་ཚད་ཅིག་བསྐྱོན་པ་དང༌། ཁོང་གིས་ཐུགས་རེ་ག་ཚད་ཅིག་བསྐྱོན་གནང་བ། མཛད་རྗེས་ག་ཚད་ཅིག་བཞག་གནང་བ་བཅས་ངེས་པར་ངོས་འཛིན་གསལ་པོ་ཞིག་ཞུ་ཐུབ་དགོས་པ་དང༌། དེ་མཚུངས་ཁོང་གིས་ཐུགས་རེ་གནང་ཡུལ་གྱི་ང་ཚོས་ཁོང་གི་ཐུགས་རེ་ག་ཚད་ཅིག་སྒྲུབ་ཀྱིན་ཡོད་མེད་ལ་བསྐྱར་ཞིབ་རེ་ནི་ངེས་པར་གནང་ཐུབ་དགོས། འདི་ནི་རྗེས་དྲན་དང་དགོངས་གཞི་བསྒྲུབ་པའི་ལས་སུ་བྱ་བ་དང་པོར་མཐོང༌།
བཞི། གསུང་ངག་ལེགས་བཤད་ཀྱི་སྐྱེས།
བོད་ཀྱི་གོམས་གཤིས་ལ། མི་ཞིག་འདས་གྲོངས་ཀྱི་རྗེས་དེར་གཞི་ནས་གདེང་འཇོག་བྱེད། གཞི་ནས་ཕངས་སེམས་བྱེད། གདེང་འཇོག་དེ་དང་ཕངས་སེམས་དེ་གང་ཞིག་གི་རླབས་ཆེན་དགོངས་གཞི་དང༌། དེའི་ཐུགས་རེ་བསྒྲུབ་པའི་གྲོགས་སུ་འཁྱེར་བའི་གོམས་གཤིས་དང་སེམས་ཁམས་དེ་ནི་ང་ཚོར་དེ་ཙམ་གྱི་བརྟན་རི་བ་ཞིག་མེད། པཎ་ཆེན་རིན་པོ་ཆེར་མཚོན་ན། ད་སྐབས་ཡོངས་ཁྱབ་མཇལ་དུ་ཡོད་པའི་གསུང་འབུམ་གྱི་དབང་དུ་བྱས་ན། གཞིས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་ནས་ཤིང་དཔར་དུ་བཏབས་པ་ལ། གསུང་འབུམ་པོད་ཆེན་གསུམ་དང། དེ་དག་ཆ་ཚང་ནང་ཁྱོན་བསྡོམས་གསུང་རྩོམ་རྣམ་གྲངས་ ༦༡ བཞུགས་སུ་གསོལ་༼༧༽ཡོད་པ་དང༌། གཞན་ཡང་གསུང་འབུམ་དེ་གསུམ་ནང་མ་ཚུད་པར་ཡོད་པ། རོང་འབྲོག་མང་ཚོགས་ལ་གནང་བའི་བཀའ་སློབ་དང༌། སློབ་གྲྭ་ཁག་ལ་གནང་བའི་བཀའ་སློབ། ལས་ཁུངས་ཁག་ཅིག་ལ་ཆེད་དུ་གནང་བའི་བཀའ་སློབ། བླ་སྤྲུལ་ཁག་གི་མཛད་སྤྱོད་ཡར་སྐུལ་སོགས་ལ་གནང་བའི་བཀའ་སློབ་སོགས་ལ་མཚོན་ནའང། གཞིས་བཞུགས་པ་ཁག་ཅིག་ནས་བོད་ས་སྟོད་སྨད་བར་གསུམ་ནས་འཚོལ་བསྡུ་གནང་བའི་བཀའ་སློབ་དེབ་ཆེན་ཆེ་བ་གཅིག་གིས་མཚོན་པའི་གསུང་ངག་ལེགས་བཤད་ཀྱི་སྐྱེས་མང་དུ་བཞག་གནང་མཛད་དེ་ཡོད་པ་རྣམས་ནི། ང་ཚོས་གཞི་རྒྱ་གང་ཆེར་དཔར་འགྲེམས་དང༌། སློབ་སྦྱོང། ཉམས་ལེན་བཅས་བྱེད་པ་ནས་དབུ་བཙུགས་ཏེ། ཁོང་གི་ཐུགས་དགོངས་རྫོགས་པའི་ལས་སུ་འཇུག་དགོས་པ་ནི་གལ་ཆེ་བར་མཐོང༌།
བཞི། ཁྲི་བདུན་ཡི་གེའི་སྙན་ཞུ།
ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཞེས་ཡོངས་གྲགས་ཡིག་ཆ་འདིའི་ཐོག་མའི་ཁ་བྱང་ལ༼མཛའ་ཞིང་བརྩེ་བའི་ཀྲོའུ་ཙུང་ལི་བརྒྱུད་ནས་བོད་ལྗོངས་དང་བོད་རིགས་ས་ཁུལ་གཞན་པའི་མང་ཚོགས་ཀྱི་སྡུག་བསྔལ་དང་རྗེས་ཀྱི་བྱ་བའི་བསམ་འཆར་སྐོར་ཀྲུང་དབྱང་ལ་སྙན་སེང་ཞུ་བ༽ཞེས་བཀོད་ཡོད། སྙན་ཞུ་དེར་ཁྱོན་བསྡོམས་རྒྱ་ཡིག་གི་ཡིག་འབྲུ་ཁྲི་བདུན་ཡོད་པས་ན། ཕྱིས་ན་ཡོངས་གྲགས་ལ་༼ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ༽ཞེས་འབོད།
ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ནི། ཕྱི་ལོ་ ༡༩༤༩ ལོ་ནས་ཕྱི་ལོ་ ༡༩༥༩ ལོའི་བར། རྒྱ་ནག་གཞུང་གིས་བོད་ཁམས་ཡོངས་ལ་དྲག་པོའི་བཙན་འཛུལ་དང། གཏོར་བཅོམ། མི་སྤྱོད་ལས་འདས་པའི་མནར་གཅོད། དམར་གསོད་བཅས་བྱས་པ་དེས། བཟོད་སྒོམ་ཐེག་དཀའ་བའི་གནས་སུ་གྱར་དགོས་བཟོས་ཤིང༌། གནས་སྟངས་དེར་ཕྱོགས་ཡོངས་ནས་གཟིགས་ཞིབ་མཛད་པའི་གཟིགས་སྣང་སྐོར་དེ། ཕྱི་ལོ་ ༡༩༦༠ ལོར་རྒྱ་ནག་གི་དཔོན་རིགས་ཚོར་ཐེངས་དང་པོར་ཐད་ཀར་གསུངས་ཤིང༌། ཕྱི་ལོ་ ༡༩༦༡ ལོར་ཐེངས་གཉིས་པ་གསུངས། ཐེངས་གཉིས་པའི་སྐབས་དེར་གནད་དོན་ལྟེ་བ་དྲུག་རྩལ་འདོན་གནང་ཡོད་ནའང༌། རྒྱ་གཞུང་ནས་བདག་སྤྲོད་གང་ཡང་མ་བྱས་སྟབས། མཐའ་མ་དེར། ཡིག་ཐོག་ཏུ་བཀོད་ནས། ངེས་པར་བདག་སྤྲོད་ཡོང་ངེས་དང་དེ་ལྟར་ཡོང་དགོས་ངེས་ཀྱི་ཐུགས་རེ་ཆེན་པོས་ཕུལ་ནའང༌། ཐོག་མའི་ཆར་བདག་སྤྲོད་ཀྱི་རྣམ་པ་ཅུང་མངོན་པ་ལས། མཐའ་འཇུག་གི་འབྲས་བུ་ནི་སྙན་ཞུ་དེ་བདག་མེད་དུ་ལྷག་བཅུག་པ་དང༌། སྙན་ཞུ་འབུལ་མཁན་ལ་ཚབས་ཆེའི་ཉེས་འཛུགས་ཀྱིས་བཙོན་དུ་བཅུག་ནས་གྲགས་འགུལ་ཅི་ཡང་མེད་པར་བྱས། ཡིན་རྒྱུ་ནི། བོད་ཀྱི་ལོ་རྒྱུས་ནང་གི་ལེའུ་གལ་ཆེན་ཞིག་ནག་བསུབ་ཁོ་ནའི་ཆེད་ཡིན་ནའང༌། ཐབས་ཤེས་གང་གིས་ཀྱང་མ་ཐུབ་ནས་སྙན་ཞུ་དེ་འཛམ་གླིང་མི་མང་གི་མདུན་དུ་སླར་མངོན་པར་གྱུར།
ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ནི། དོན་ཚན་ཆེན་པོ་བརྒྱད་ཀྱིས་གྲུབ་ཡོད་ཅིང༌། དེའི་ནང་དོན་ཁག་ནི། ཕྱི་ལོ་ ༡༩༤༩ ལོ་ནས་ཕྱི་ལོ་ ༡༩༥༩ ལོ་བར་གྱི་ལོ་ངོ་བཅུའི་རིང་གི་བོད་ཁམས་ཡོངས་ཀྱི་གནས་སྟངས་དང༌། གནས་སྟངས་དེ་ལས་སྐྱོབ་ཐབས་གཉིས་གཙོ་བོར་བསྟན་ཡོད་པ་ཞིག་ཡིན། པེ་ཅིན་གཞུང་ལ་ཕུལ་བའི་སྙན་ཞུ་དེར་སྐྱོན་བརྗོད་ཀྱི་རྣམ་པ་ཐོག་མ་ནི། མའོ་ཙེ་ཏུང་ནས་མགོ་བཙུགས་ཡོད། མའོ་ཡིས། གྲལ་རིམ་འཐབ་རྩོད་གཏན་ནས་བརྗེད་མི་རུང་བའི་སྐུལ་སློང་དང། གྲལ་རིམ་འཐབ་རྩོད་སྒྲུབ་དགོས་པ་ལས་མགོ་འདོགས་རིང་ལུགས་སྒྲུབ་མི་རུང་ཟེར་བ་སོགས་ནས་མགོ་བཙུགས་ཏེ། སྐྱོན་བརྗོད་དང་རྡུང་རྡེག་གི་སྐུལ་སློང་བྱས་ཡོད། པཎ་ཆེན་རིན་པོ་ཆེ་དང་རྒྱ་ནག་དབུས་གཞུང་གི་མགོ་ཁྲིད་བར་དང༌། བོད་ལྗོངས་ཀྱི་མགོ་ཁྲིད་ཚོའི་བར་གྱི་འགལ་ཟླའི་མགོ་དེ་ཡང་དུས་སྐབས་དེ་ནས་ཚུགས་ཡོད། པཎ་ཆེན་རིན་པོ་ཆེ་ལ་སྐྱོན་བརྗོད་ནི་རྒྱ་ནག་དབུས་གཞུང་གི་ཆོག་མཆན་ཐོབ་པའི་འོག་ནས་སྤེལ་ཡོད་ནའང༌། པཎ་ཆེན་རིན་པོ་ཆེར་མཚོན་ན། སྙན་ཞུ་འདིར་རྒྱ་གཞུང་ནས་ངེས་པར་ཆ་འཇོག་བྱེད་དགོས་པ་ཞིག་ལས་སྣང་མེད་དུ་གཡུག་སྐྱུར་ན་མི་འགྲིག་པར་གཟིགས་ཏེ། རྟིང་སྐུལ་ལན་ཤས་བྱས་ནའང༌། གནས་སྟངས་ནི་ཇེ་སྡུག་ནས་ཇེ་སྡུག་ཏུ་གྱུར་ཏེ། མཐའ་མ་དེར་བགྲང་བྱ་དགུའི་རིང་བཙོན་ནས་བཞུགས་དགོས་པ་བཟོས། ཁོང་གིས་སྔ་རྗེས་སུ་མྱངས་པའི་སྐུ་ངལ་དེ་ཚོ་ནི། རྣམ་འགྱུར་མི་བཟང་བ། རྒྱལ་ཁབ་ལ་ངོ་ལོག་པ། དམག་འཐབ་གྲ་སྒྲིག དམག་ཁྱི་གསོ་ཉར་བྱས་པ། གསར་བརྗེར་ངོ་ལོག་པའི་དཔུང་ཁག་གསོ་སྐྱོང་བྱས་པ་སོགས་གཞི་མེད་ཀྱི་སྐྱོན་འཛུགས་བྱས་པ་ལས་བྱུང་ཡོད། སྐབས་དེར་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་དེ་ནི། ཏང་ལ་ངོ་རྒོལ། མི་མང་ལ་ངོ་རྒོལ། སྤྱི་ཚོགས་རིང་ལུགས་ལ་ངོ་རྒོལ་གྱི་ཞྭ་མོ་གསུམ་གྱི་ཡོང་རྐྱེན་ཆགས། ཁོང་གི་སྐུ་སྲོག་ལ་ཉེན་ཁ་ཆེར་མ་བྱུང་བ་དེ་ཙམ་ནི། སྐབས་དེའི་སྲིད་བློན་ཀྲོའུ་ཨེན་ལེ་ཡི་ལྟ་སྐྱོང་དང་འབྲེལ་བ་ཡོད་པ་ལས། གཞན་ནི། ཁོང་ལ་རྒྱབ་རོགས་གང་ཡང་བྱུང་མེད། མཐའ་མ་དེར་བཙོན་ནས་གློད་མཁན་ནི་ཏིང་ཞོ་ཕིན་རེད། དེར་པཎ་ཆེན་རིན་པོ་ཆེས། ༼བློ་མཐུན་ཏིང་ཞོ་ཕིན་གྱིས་ང་རང་བཙོན་ལས་གྲོལ་ཆེད་ཤུགས་ཆེན་པོ་བརྒྱབ་སོང། ང་རང་བཙོན་ཁང་དུ་མ་ཤི་བ་ནི་ཀྲོའུ་ཨེན་ལེ་ཡི་བཀའ་དྲིན་ཡིན༽༼༨༽་ཞེས་གསུངས་ཡོད།
ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ནི། མི་ལོ་བཅུའི་རིང་གི་བོད་ཀྱི་གནས་སྟངས་མཚོན་པའི་ལོ་རྒྱུས་ཤིག་དང། བོད་ལ་ཕོག་པའི་གྱོང་གུད་ཀྱི་ལོ་རྒྱུས་ཤིག དེ་ཕྱིས་བོད་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ལམ་ཐིག་ཅིག་ཀྱང་ཡིན་ནའང། དེ་ལ་རྒྱ་ནག་གཞུང་གིས་ལོ་ངོ་ལྔ་བཅུའི་རིང་བདག་སྤྲོད་གང་ཡང་བྱས་མེད། ད་ལྟ་ང་ཚོར་ལྷག་ཡོད་པ་ནི། རྒྱ་ནག་གཞུང་ལ་ཕུལ་བའི་སྙན་ཞུ་དེ་བོད་མི་རིགས་རང་གི་ལག་ཏུ་སོན་ནས་ཡོད་སྟབས། དེར་བལྟ་ཀློག་དང༌། སློབ་སྦྱོང༌། ཞིབ་འཇུག་བཅས་བྱས་ཏེ། སྙན་ཞུ་འདི་བོད་མི་རེ་རེའི་སེམས་ནང་ཟུག་པ་ཞིག་དང༌། མི་རབས་ནས་མི་རབས་བར་བོད་མི་རིགས་ཀྱི་སེམས་ནང་ནས་མི་ཡལ་བ་ཞིག་བྱ་དགོས་པ་ནི། གལ་གནད་ཆེན་པོ་རེད།
སྙན་ཞུ་འདི་འབྲི་རྩོམ་གྱི་དུས་དེར། པཎ་ཆེན་རིན་པོ་ཆེ་དགུང་གྲངས་ཉེར་གསུམ་ལྷག་ཙམ་ལས་མིན་ནའང། ན་ཚོད་གཞོན་པའི་ཁོང་གིས་བོད་ཀྱི་གནས་སྟངས་ཆ་ཚང་ཐུགས་ངོར་བླངས་ཤིང༌། བོད་ཀྱི་མ་འོངས་པ་དེར་རྒྱང་གཟིགས་གནངས་ཡོད། དགོངས་པ་བཞེས་སྟངས་དེ་ནི། ཇི་འདྲའི་རྒྱ་ཆེ་བ་ཞིག་རེད་ཨང་།
ལུང་སྦྱར་གྱི་ཁུངས།
༼༡༽ པཎ་ཆེན་སྐུ་ཕྲེང་བཅུ་པའི་གསུང་འབུམ་བཀྲས་ལྷུན་ཤིང་དཔར། ཤོག་ངོས་ ༥༡༠ ནས ༥༡༢ བར།
༼༢༽ མ་ཧཱ་པཎ་ཊི་ཏ་འཇིགས་མེད་རིག་པའི་བློ་གྲོས་ཀྱི་གསུང་འབུམ། ཤོག་ངོས་ ༣༤༩
༼༣༽ པཎ་ཆེན་སྐུ་ཕྲེང་བཅུ་པའི་རྟག་བརྟན་གྱི་མཛད་འཕྲིན་རྗེས་སུ་དྲན་པ། ཤོག་ངོས ༢༣༥
༼༤༽ པཎ་ཆེན་སྐུ་ཕྲེང་བཅུ་པའི་རྟག་བརྟན་གྱི་མཛད་འཕྲིན་རྗེས་སུ་དྲན་པ། ཤོག་ངོས ༢༥༨
༼༥༽ པཎ་ཆེན་སྐུ་ཕྲེང་བཅུ་པའི་རྟག་བརྟན་གྱི་མཛད་འཕྲིན་རྗེས་སུ་དྲན་པ། ཤོག་ངོས ༢༥༢
༼༦༽ སློབ་དཔོན་ཟམ་གདོང་རིན་པོ་ཆེའི་གསུང་བཤད་དང་ལམ་སྟོན་སོགས་གལ་ཆེ་ཁག་པྱོགས་བསྒྲིཊ། དེབ་གཉིས་པའི་ཤོག་ངོས་ ༤༩༢
༼༧༽ བཀྲ་ཤིས་ལྷུན་པོའི་ཤིང་དཔར་དཔེ་རིང་བོད་ཆེན་གསུམ་གྱི་དཀར་ཆག་གཞིར་བཞག
༼༨༽ རྩེར་སྣེག ༡༩༩༠ ལོའི་འདོན་ཐེངས་གསུམ་པ། ཤོག་ངོས་ ༤༧
བསེ་བསྟན་ཚེ་ལགས་ནས་་བོད་མི་རིག་གི་དངོས་བྱུང་ལོ་རྒྱུད་ཀྱི་ཟིན་ཐོ་བྲིས་གནང་བར་ཐུག་རྗེ་ཆེ
ཀུན་གཟིགས་པཎ་ཆེན་ལགས་ ཁྱེད་ཀྱི་སྐུ་ཡི་བཀོད་པ་གང་ལྗོང་ས་མཐོའི་མི་བུའི་ལས་དབང་ནས་བྲལ་ཡང་ ཐུགས་ཀྱི་བྱམས་བརྩེ་ཤ་ཚ་ངེད་གང་་ལྗོང་བུ་ཕྲུག་ལས་ཀྱི་མཐའ་ལ་ཟད་པ་ངེད་མི་ཆེད་་ཡིད་མི་ཆེད་ཀུན་གཟིགས་པཎ་ཆེན་ལགས་དེ་བས་ཀྱང་ཁྱེད་ཀྱི་གསུང་གི་བཀོད་པ་ངེད་ཅགས་གང་ཅན་པ་གཡུལ་ས་མདུན་མར་གནས་པའི་བུ་ཕྲུགས་བདག་གི་ནམ་ཡང་མི་ནུབ་པར་གནས་ངེས་ཡིན་
བོད་མི་རིགས་ཀྱི་རིག་གནས་དང་། དཔའ་སྤོབས་བསྐྱར་དར་གྱི་རུ་དཔོན་བསྙོན་མེད། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་བླ་མེད་མཛད་རྗེས་ལ་རྗེས་དྲན་དང་། བཀའ་དྲིན་དྲན་ཤེས་བྱེད་པ་ནི་བོད་མི་ཡོངས་ཀྱི་ལྡོག་མེད་ཀྱི་འོས་འགན་ཡིན་ལ། ཐེངས་འདིར་རྒྱ་གར་གྱི་ལྡེ་ར་ལྡུན་མདོ་སྨད་ས་གནས་རྒྱུན་ལས་དང་། ཨ་རིར་བཞུགས་པའི་བོད་མི་ལྷག་བསམ་ཅན་རེ་ཟུང་གི་སྣེ་ཁྲིད་ཀྱིས་པཎ་ཆེན་རིན་པོ་ཆེར་སྐུ་མྱ་ངན་ལས་འདས་ནས་བགྲང་བྱ་སུམ་ཅུ་འཁོར་བའི་རྗེས་དྲན་དོན་སྙིང་ལྡན་པ་བྱས་སོང་པ་ནི་རྗེས་སུ་ཡི་རང་གི་གནས་ཡིན། འོན་ཀྱང་། ནམ་རྒྱུན་དགྲ་ལ་མི་རྩུབ་པར་གཉེན་ལ་རྩུབ་མཁན་གྱི་དོལ་སྟོད་པ་རེ་འགའ་ཕྲག་དོག་གིས་ཀུན་ནས་མྱོས་ཏེ་ཀུ་ཅོ་འབའ་ཞིག་འདོན་བཞིན་པ་ནི་ཁོ་བ་ཚོའི་རང་གཤིས་ཡིན་ཏེ། ཁོ་བ་ཚོས་དུས་ནས་དུས་སུ་བོད་མི་རིགས་ཀྱི་ཆིག་སྒྲིལ་དང་། ཡར་རྒྱས་ལ་འགལ་རྐྱེན་བཟོས་དང་བཟོ་བཞིན་པ་ཟུར་བལྟས་ལེབ་མཐོང་ཡིན།
པཎ་ཆེན་སྐུ་ཕྲེང་བཅུ་པའི་རྗེས་དྲན་ལ་མདོ་དབུས་གཉིས་ལས་ཁམས་རིགས་དེ་ཚོ་མཉམ་ཞུགས་མི་བྱེད་དོན་གང་ཡིན་ནམ། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཁམས་ཕྱོགས་ལ་གཟིགས་སྐྱོང་གནང་མེད་པ་ཡིན་ནམ། མཁྱེན་མཁན་ཡོད་ན་གསུངས་རོགས་།
༈༧ཀུན་གཟིགས་པཎ་ཆེན་བཅུ་བ་ཆེན་པོའི་བླ་ན་མེད་པའི་མཛད་རྗེས་ཆེན་པོ་བཅུ།
ནམ་ཡང་སྙིང་དབུས་སུ་གསོན་པོར་བཞུགས་དགོས་པའི་པཎ་ཆེན་རིན་པོ་ཆེའི་མཛད་རྗེས་ནི་ནམ་མཁའི་ཁྱོན་ལྟར་དཔག་པར་དཀའ་ཡང་། རང་ཉིད་ཀྱིས་བློ་རྒྱ་ཆུང་ངུའི་མེ་ལོང་ལ་ཡང་ཡང་ཤར་བའི་ཡོན་ཏན་བཅུ་ནི།
༡༽སྟག་ཕྲུག་ལེན་པ་ལ་སྟག་ཚང་དུ་འཛུལ་ཐུབ་པའི་ཐུགས་སྟོབས། འདི་ཨ་མདོའི་དཔེ་ཀུན་ལ་གྲགས་པ་ཞིག་ཡིན་ཀྱང་ལག་ལེན་དངོས་སུ་གནང་ཐུབ་མཁན་ཁྱོད་ཙམ་དུ་ངེས།
༢༽བསྟན་འགྲོའི་དོན་དུ་ལུས་སྲོག་གཏོང་ཐུབ་པའི་ཐུགས་སྟོབས། མཆོག་གིས། ང་རང་སྐྱེས་པ་ཡང་བསྟན་འགྲོའི་དོན་ཡིན་པར་ཁྱེད་ཅག་གིས་འདོད། ད་ཤི་ན་ཡང་རྒྱལ་བའི་བསྟན་པ་དང་རང་གི་མི་རིགས་ཀྱི་ཆེད་དུ་སེམས་ཐག་རྦད་ཆོད་ཡིན་ལ་ངའི་བབ་ཀྱང་ཡིན་ཅེས་གསུངས་པ་ནམ་ཡང་སྙིང་ནས་དྲན།
༣༽བོད་རིགས་ཀྱི་ལ་རྒྱ་སྲུང་བའི་ཐུགས་སྟོབས། སྤྱི་སྟེགས་དང་སྒེར་བ་སུ་ལ་ཐུག་ཀྱང་སྐད་ཡིག་གི་སྲོག་རྩ་བྱས་པའི་མི་རིགས་ཀྱི་ཁྱད་ཆོས། གོམས་གཤིས། ལ་རྒྱ། བཟང་སྤྱོད་སྲུང་བར་འབོད་བསྐུལ་དང་་སྐུ་ཉིད་ཀྱིས་སྣེ་ཁྲིད་དེ་ཕྱག་ལེན་གནང་། ༤༽ཐབས་ལ་མ་རྨོངས་པའི་ཁྱད་ཆོས། བསྟན་འགྲོའི་དོན་སྒྲུབ་པར་ཞི་བ་དང་དྲག་པོ། དངོས་སམ་བརྒྱུད་དེ་གང་ལ་གང་འོས་ཀྱིས་དུས་ལས་མི་ཡོལ་བར་ཕྱག་ལེན་དུ་འདེབས་ཐུབ་པ།
༥༽སྒེར་དོན་ཡལ་བར་དོར་བའི་བདེན་དོན་སྐྱོང་བ། སྐུ་ཉིད་ཀྱི་འཕྲོད་རྟེན་དང་དུས་ཚོད། ཕྱག་དངུལ་དང་། སྐུ་ཡོན་ཐམས་ཅད་སྤྱི་བའི་ཆེད་དུ་གཏོང་བའི་ཐུབས་སྟོབས་ལ་རྒྱུས་ཡོད་མེད་ཀུན་ཀྱིས་བསྔགས་པ་བརྗོད། ༦༽བོད་མི་རིགས་ལ་གསོན་ཤུགས་སྦྱིན་པའི་ཁྱད་ཆོས། སྐུ་ཉིད་ཀྱིས་སྣེ་ཁྲིད་དེ་གྲོང་ཁྱེར་ནས་གྲོང་གསེབ་བར་བོད་ཀྱི་བསྟན་པ་ཉམས་གསོ་དང་མི་རིགས་རྒྱུན་གནས་ཆེད། ལ་རྒྱ་བརྗོད་དེ་སྙིང་སྟོབས་སྦར། རེ་བ་བཏོན་ནས་བསྐུལ་མ་བྱས། སྐྱོན་མཚང་བརྗོད་དེ་ཁ་སྐྱེང་པར་བྱས། ཉེན་ཁ་ལས་སྐྱོབས་པའི་ཆེད་བཀའ་སྐྱོན་དྲག་པོས་ཚར་གཅོད་པ་སོགས་ཀྱིས་བོད་མི་རིགས་ཀྱིས་གཞུང་སྒེར་སུ་ཡིན་ཡང་མ་འགུལ་ན་ཐབས་མེད། མ་བྱས་ན་ངོ་ཚ་བའི་མཛད་པ་བསྐྱང་།
༧༽བསྟན་པ་ཉམས་གསོ་གནང་བའི་མཛད་པ། སྐུ་ཉིད་ལ་རྒྱ་གཞུང་ནས་དཀར་འདོན་མ་བྱས་པར་བཟང་བཙོན་དུ་བཞུགས་པའི་སྐབས་ནས། ཡོངས་འཛིན་ཚང་སོགས་བརྒྱུད་བསྐུལ་གྱིས་ཟི་ལིང་བླ་ཆེན་དགོངས་པ་རབ་གསལ་གྱི་གནས་ནས་བཀྲ་ཤིས་གསོ་སྦྱོང་ལེན་བཅུག་ནས་བསྟན་པ་ཉམས་གསོའི་རྟེན་འབྲེལ་བསྒྲིགས། རྒྱ་བོད་སོགས་གསུམ་གྱི་ནང་བསྟན་གྱི་དགོན་སྡེ་ཉམས་པ་རྣམས་གསོ་བའི་ཆེད་རྒྱ་གཞུང་ལ་ཞི་དྲག་གིས་སྙན་ཞུ་ལན་མང་ཕུལ་ཏེ། ཆག་རལ་ཏུ་གྱུར་པའི་དགོན་སྡེ་སྟོང་ཕྲག་དུ་མ་ཉམས་གསོའི་ཆོག་མཚན་ཐོབ་པར་མ་ཟད་དངོས་ཤུགས་བརྒྱུད་གསུམ་ནས་རོགས་རམ་བྱས་ཏེ་དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་བསྟན་པ་གཞིར་བཞེངས་སུ་སློང་བར་མཛད།
༨༽བསྟན་པ་དར་རྒྱས་གནང་བའི་མཛད་པ། རྒྱ་ནག་ཞིང་ཆེན་སོ་སོར་ནང་བསྟན་སློབ་གྲྭ་འཛུག་པ་དང་། པེ་ཅིང་དུ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གྲྭ་གསར་འཛུག བླ་རུང་སྒར་ལ་མཚན་དང་ཆོག་མཆན་གནང་པ་སོགས་རྒྱ་བོད་སོག་གསུམ་གྱི་ས་གནས་སོ་སོར་འཆད་ཉན་གྱི་ཆོས་སྒྲ་ལྷང་ལྷང་སྒྲོགས་པའི་འཕྲིན་ལས་བསྐྱངས།
༩༽བོད་ཀྱི་རིག་གཞུང་རྒྱུན་གནས་ཀྱི་རྨིང་གཞི་བཏིང་། བོད་ལྗོངས་སློབ་གྲྭ་ཆེན་མོ། བོད་ལྗོངས་སྨན་རྩིས་ཁང་སོགས་བོད་ཀྱི་རིག་གཞུང་འཆད་སྤེལ་ཀྱི་ལྟེ་གནས་ཁང་རྣམས་ལ་གཟིགས་སྐྱོང་། མཐུན་རྐྱེན། འཆར་གཞི། འབོད་བསྐུལ་བྱས་ཏེ་རིག་གཞུང་མི་ཉམས་རྒྱུན་སྐྱོང་དང་ཉམས་པ་སླར་གསོ་ལ་ཁ་ཚ་དགོས་གཏུག་གི་ཕྱག་ལེན་གནང་༎ དཔེར་ན་སྒྲ་ཀཱ་ཙན་དབྱངས་གསུམ་དང་། རྒྱུད་བཞིའི་བཤད་པ་ལག་ལེན་དུས་ལས་མི་ཡོལ་བར་གནང་བཅུག་པ་ལྟ་བུའོ། །
༡༠༽མཐུན་སྒྲིལ་དམ་གནས་ཀྱི་མཛད་པ། མི་རིགས་དང་། བོད་རིགས། ཆོས་རྒྱུན། གཞུང་དང་བླ་བྲང་སོ་སོའི་བར་གྱི་འགལ་བ་ནི་བཟང་སྤྱོད་དང་། གུ་ཡངས་ཀྱིས་བཅོས་ཤིང་། ལྷག་མ་བསྟན་པ་དང་མི་རིགས་ཀྱི་ལ་རྒྱས་མེ་དཔུང་གིས་བཞུས་ཏེ་མཐུན་སྒྲིལ་ལྕགས་ཀྱི་གོང་བུ་འཐོར་ཞིག་མེད་པ་ཞིག་ཏུ་བསྐྲུན་པའི་ཐུགས་བསྐྱེད་བླ་ན་མེད་པ་ནམ་ཡང་གཞོམ་ཞིག་བྲལ་བར་གནས་སོ། །༼ཆེད་ཞུ༽པཎ་ཆེན་རིན་པོ་ཆེ་ལ་དད་གུས་ཡོད་མཁན་ཀུན་གྱིས་ཁོང་གི་བཀའ་གསུང་ནམ་ཡང་མི་བརྗེད་པ་དང་། ཆུང་སྲིད་རིན་པོ་ཆེ་བཙོན་གྲོལ་གནང་རྒྱུ་དང་། རྒྱ་གཞུང་གིས་ངོས་འཛིན་གནང་པའི་པཎ་ཆེན་ནི་འོས་སྤྲུལ་ལམ། ༼འབྲི་གུང་ཆེ་ཚང་ཆུང་ཚང་ལྟ་བུ༽འཕྲིན་ལས་སྤྲུལ་བ། ཁྲི་ཚབས། ཡང་ན་འཕྲིན་ལས་ཀྱི་བྱེད་པོ་ཞིག་ཏུ་ངོས་འཛིན་བྱས་ན་པཎ་ཆེན་རིན་པོ་ཆེའི་ཐུགས་བཞེད་དང་མཐུན་ཅིང་། བོད་མི་རིགས་ཆོས་བརྒྱུད་བཅས་པའི་མཐུན་སྒྲིལ་ལ་ཕན་པ་མཐོང་བས་ཀུན་གྱིས་འབད་པ་གནང་རོགས་ཞུ། དྲི་མེད་ལྷག་བསམ་གྱིས།
རྒྱལ་ཁབ་མི་རིགས་རྩ་དོན་ཆེད་དུ་རྒྱ་ཡིས་བརྩོན་དུ་མི་ལོ་བཅོ་བརྒྱད་བཞུགས།
རྒྱལ་ཁབ་མི་རིགས་རྩ་དོན་ཆེད་དུ་ཡིག་འབྲུ་ཁྲི་བདུན་སྙན་ཞུ་རྒྱ་ལ་ཕུལ།
རྒྱལ་ཁབ་མི་རིགས་རྩ་དོན་ཆེད་དུ་བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབས་མཛད།
རྒྱལ་ཁབ་མི་རིགས་རྩ་དོན་ཆེད་དུ་གཟུགས་སྐུའི་བཀོད་པ་རང་ཡུལ་གཞིས་རྩེར་བསྡུས །
འོད་དཔག་མེད་ཀྱི་ཐུགས་སྲས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་བོད་ལ་བཀའ་དྲིན་ཆེ།
ཡང་སྲིད་མཆོག་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མ་ཆོས་མེད་ཀླ་ཀློའི་བཙན་འཁྲིད་འོག།
མི་ལོ་གསུམ་བཅུ་གར་སོང་ཆ་མེད་ཁྱེད་ཀྱི་སྐུ་ལ་ཉེན་འཚེ་མེད་པ་ཤོག།
མཆོག་གསུམ་རྒྱལ་བ་སྲས་དང་བཅས་པའི་བདེན་པའི་སྟོབས་ལ་མགོན་སྐྱབས་མཛོད།
རྡོ་རྗེ་དྲག་ལྡན་མ་ཅིག་དཔལ་ལྷ་སྲིད་རྒྱལ་མོ་ཚེ་རིང་ཆེད་ལྔ་བསྟན་མ་བཅུ་གཉིས་བོད་ཀྱི་ལྷ་ཙན་རྣམས།
བོད་ཡུལ་མུན་པའི་ཀླ་ཀློའི་བཙན་གྱིས་འོག་ནས་བདེན་པའི་ཉི་མ་ཤར་ལ་གྲོགས་འཕྲིན་མཛོད།
རྒྱལ་བ་ཡབ་སྲས་དཔལ་གྱི་ལྷ་ས་ནོར་བུའི་གླིང་དུ་ཕོ་བྲང་ཆེན་པོ་པོ་ཏ་ལ་་རུ་ཞལ་འཛོམས་ཐུབ་པའི་སྨོན་ལམ་ཞུ།