རིན་ཆེན་རྡོ་རྗེ།
འབྲུག༌ཡུལ༌དུ༌བདུན༌ཕྲག༌གཉིས༌ཙམ༌རིང༌ཡུལ༌སྐོར༌དང༌ལྗོངས༌རྒྱུ༌ལ༌སོང༌།དེ༌ནི༌ཏག༌ཏག༌་མི༌ལོ༌བཅུ༌གཉིས༌ཙམ༌གྱི༌རྗེས༌སུ༌སླར༌ཡང༌འབྲུག༌ཡུལ༌དུ༌ཐེངས༌གཉིས༌པ༌ཕྱིན༌པའི༌ལེའུ༌སྟེ། ཁོ༌བོར༌མཚོན༌ན༌འབྲུག༌ཡུལ༌ནི༌མི༌ཡུལ༌དུ༌རྐང༌རྗེས༌ཐོག༌མ༌འཇོག༌སའང༌ཡིན། དེ༌རིང༌འབྲུག༌ཡུལ༌གྱི༌རྒྱལ༌མཚམས༌བརྒལ༌ནས༌ཕྱིར་རྒྱ༌གར༌གྱི་མངའ་སྡེ (west bengal) དུ༌ལོག༌ཡོད། སྐབས༌འདིར༌འབྲུག༌ཡུལ༌ལ་སོང༌བའི་ཟིན༌ཐོ༌ཞིག༌འབྲི༌བར༌འདོད། ཟང་ཟིང་ཆེ་བའི་དུས་རབས་འདིར་འབྲུག༌ཡུལ་ དུ་འབྱོར་མ་ཐག་དམིགས་བསལ་གྱི་ཞི་བ་དང་སོས་དལ་བག་ཕེབས་པའི་ཚོར་བ་ཞིག་སྐྱེས་བྱུང་བས།སླད༌ཕྱིན༌ཆད་ཀྱང༌རྒྱལ༌ཁབ༌དེར༌ཡང༌ནས༌ཡང༌དུ༌འགྲོ༌འོང༌ཐུབ༌པའི༌རེ༌སྨོན་འདེབས་བཞིན། ཟིན༌ཐོ༌འདི་འབྲི་བར་བརྩམས།
འབྲུག་ཡུལ་ནི་ཤར་ཨེ་ཤ་ཡའི་གླིང་གི་ཧི་མ་ལ་ཡི་རི་རྒྱུད་ཀྱི་ཤར་ཕྱོགས་སུ་ཆགས་ཡོད་ཅིང་རྒྱ་གར་དང་བོད་གཉིས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་རེད། འབྲུག་ཡུལ་ཞེས་པའི་མིང་དེ་དུས་རབས་༡༧་པའི་ནང་བོད་ཀྱི་གཙང་སྟོད་རྭ་ལུང་དགོན་པ་ནས་ ཕེབས་པའི་རྒྱལ་དབང་འབྲུག་ཆེན་གྱི་ཡང་སྲིད་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ལྷོ་མོན་ཁ་བཞི་ཞེས་པའི་ཡུལ་སྡེ་དེ་གཅིག་ཏུ་སྦྲེལ་རྗེས་འབྲུག་ཡུལ་ཞེས་ཐོགས་པར་ཡོངས་སུ་གྲགས། ༢༠༡༨་ལོར་མི་འབོར་གྲངས་བཤེར་བྱས་པར་གཞིག་ན་འབུམ་༨ དང་ཆིག་ཁྲི་ལྷག་ཙམ་ལས་མི་འདུག ས་ཆའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་༣༨༣༩༤ དང་ཆོས་ལུགས་ ནང་པ་དང་ རྒྱལ་ཡོངས་ཀྱི་སྤྱི་སྐད་རྫོང་ཁ་རེད། མི་འབོར་གྱི་བརྒྱ་ཆ་དགུ་བཅུ་ལྷག་ནང་པ་རེད། འབྲུག་ཡུལ་དེ་རྫོང་ཁག་༢༠ དང་གྲོང་བརྡལ་༢༠༥ ལས་གྲུབ་པའི་རང་བཙན་དང་ཆོས་ལྡན་རྒྱལ་ཁབ་ཅིག་རེད། སྤྱི་ལོ་༢༠༠༨ལོ་ནས་འབྲུག་ཡུལ་གྱི་ རྒྱལ་པོའི་ལམ་ལུགས་ཀྱི་སྲིད་གཞུང་མང་གཙོའི་ལམ་ལུགས་སུ་བསྒྱུར་ཞིང་དེ་ཡང་མང་གཙོའི་ལམ་ལུགས་ཀྱི་ནང་ནས་གྲོས་ཚོགས་ལམ་ལུགས་ཀྱི་མང་གཙོས་རྒྱལ་ཁབ་ཅིག་ཏུ་གྱུར། ས་ཆའི་བརྒྱ་ཆ་བདུན་ཅུ་ཙམ་ཤིང་ནགས་ཀྱིས་བཀླུབས་ཡོད། ཨེ་ཤ་ཡའི་རྒྱལ་ཁབ་༤༨ གྱི་ནང་ནས་བདེ་སྐྱིད་ཆེས་ཆེ་བའི་རྒྱལ་ཁབ་དེར་བརྩི་ཞིང་འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱལ་ཁབ་ ༡༩༥ནང་གི་བདེ་སྐྱིད་ཆེས་ཆེ་བའི་རྒྱལ་ཁབ་ཨང་བརྒྱད་པ་དེ་བརྩི་ཞེས་གྲགས།
རྒྱལ༌ཕྲན༌དེར༌འབྱོར༌མ༌ཐག༌བདེ༌ཞིང༌ལྷོད༌པ། ཞི༌བ༌དང༌སོས་དལ་བག༌ཕེབས༌པའི༌ཚོར༌བ༌ཞིག༌ངང༌ངམ༌ཤུགས༌ཀྱིས༌སྐྱེས༌བྱུང༌། དེ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་འབྲུག་ཡུལ་གྱི་སྔ་རབས་སྲོལ༌རྒྱུན༌བཟང༌པོའི༌གོམས༌གཤིས༌མ༌ཉམས༌པར༌རང༌ སོར༌ཕ༌མེས༌ཡང་མེས་ནས༌བརྒྱུད༌ད༌ལྟའི༌འབྲུག་པའི་མི༌རབས༌གསར་པ་དག༌གི༌རྒྱུད༌ལ༌རང༌གནས༌སུ་མཁོ་སྤྲོད་བྱེད་ཐུབ་ཡོད་པ༌དང༌།ད་ལྟའི་མི་རབས་གསར་པ་དག་གིས་ཀྱང་རང་ཉིད་ཀྱི་གནའ་བོའི་སྲོལ་རྒྱུན་གྱི་རིགས་གནས་བཟང་པོས་ཁོང་ ཚོར་དམིགས་བསལ་གྱི་ནུས་ཤུགས་དང་ཁེ་ཕན་ཆེན་པོ་བསྩལ་ཡོད་པར་ངོས་འཛིན་དང་གུས་ཞབས་ཆེན་པོ་བྱེད་བཞིན་ འདུག འབྲུག་ཡུལ་ནི་ཆོས་ལུགས་འདྲ་མིན་དང་རྟ་གྲུབ་སྣ་ཚོགས། རིགས་གཞུང་མི་འདྲ་སོགས་མང་པོ་མཉམ་གནས་བྱས་ཡོད་པའི་རྒྱ་གར་ལྟ་བུའི་རྒྱལ་ཁབས་ཞིག་མིན་པར་། ནང་པའི་རྒྱལ་ཁབས་གཅིག་པོ་དང་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཁོ་ན་གནས་ཡོད་པའི་རྒྱལ་ཁབ་དེ་རེད། ལྷག་པར་ཏུ་གསང་སྔགས་རྙིང་མ་བའི་བསྟན་པ་དང་སྒྲུབ་པ་བཀའ་རྒྱུད་ པའི་བསྟན་པ་གཉིས་གཙུག་ཏུ་བཟུང་ནས་ཡོང་བའི་ལོ་ངོ་༤༠༠་བརྒྱ་མ་ཟིན་ཙམ་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་ཆོས་ཀྱི་ རྒྱལ་ཁབ་ཅིག་རེད།
འབྲུག་ཡུལ་གྱི་ཡུལ་ལུང་ཕན་ཚུན་དབར་ཡུལ་སྐད་ཏོག་ཅམ་མི་འདྲ་པ་ཡོད་ཀྱང་རྒྱལ་ཡོངས་ཀྱི་སྤྱི་སྐད་རྫོང་ཁ་ཞེས་པ་དེ་རེད། རྫོང་ཁའི་ཡིག་གཟུགས་དེ་བོད་ཡིག་གི་ཡིག་གཟུགས་དབུ་ཅན་ཡིན་པ་དང་ཐ་སྙད་དང་ཚིག་གྲུབ་བཟོ་སྟངས་ སོགས་ཅུང་ཙམ་རེ་མི་འདྲ་བ་ཡོད་པ་མ་གཏོགས་ཕལ་ཆེ་བ་བོད་ཡིག་གི་བརྡ་སྤྲོད་དང་མིང་ཚིག བརྡ་རྙིང་སོགས་བཀོལ་སྟངས་གཅིག་པ་རེད་འདུག ན་གཞོན་རྣམ་པས་རྫོང་ཁའི་ཡི་གེ་ལ་དོ་སྣང་དང་སྤོབས་པ་བྱེད་ཀྱིན་འདུག སློབ་གྲྭ་སྤྱི་ཡོངས་སུ་སྔོན་འགྲོ་ནས་མཐོ་སློབ་དབར་སྐད་ཡིག་གཙོ་བོ་རྫོང་ཁ་དང་ཨིན་ཡིག་གཉིས་གཙོར་ཁྲིད་བྱེད་བཞིན་འདུག་ལ། དེ༌བཞིན༌ དེང༌དུས༌ཀྱི༌ཤེས་བྱ་རྣམས་ཀྱང་དགོས༌ངེས༌ཀྱིས་མི༌རབས༌གསར༌པ༌ཚོར༌སློབ༌སྦྱོང༌བྱེད་རྒྱུའི་མཐུན་རྐྱེན་ཆ་ཚང་བསྐྲུན་ཡོད་པའི་སྟོབས་འབྱོར་ཅན་གྱི་རྒྱལ་ཁབ་ཞིག་དང་མཚུངས།
འབྲུག་ཡུལ་དུ་ནང་པའི་གནས་རྩ་ཆེན་དང་དགོན་པ་མང་པོ་ཡོད་ཀྱང་བཀའ་རྒྱུད་དང་རྙིང་མའི་ཆོས་རྒྱུད་གཉིས་ལས་གཞན་ དགེ་ལུགས་དང་ས་སྐྱ། ཇོ་ནང་དང་བོན་པོ་སོགས་ཀྱི་ཆོས་རྒྱུད་མི་འདུག བླ་མ་དང་གྲྭ་པ་སོགས་མང་པོས་ཆོས་དང་འཇིག་ རྟེན་གཉིས་ཀྱི་བྱ་བ་སྒྲུབ་བཞིན་འདུག འོན་ཀྱང་དགོན་པ་རུ་བཞུགས་ནས་བཤད་སྒྲུབ་ཀྱི་ལས་ཁོ་ནར་གཞོལ་མཁན་ཡང་ གང་ཙམ་ཡོད་པར་གྲགས། དེ་བཞིན་འབྲུག་ཡུལ་གྱི་གྲྭ་པ་མང་པོ་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བོད་ཀྱི་དགོན་པ། རྣམ་གྲོལ་གླིང་དང་གདན་ས་གསུམ་གཙོས་པའི་དགོན་པ་འདྲ་མིན་དུ་གྲྭ་སར་སློབ་སྦྱོང་གནང་གི་ཕེབས་མཁན་ཡང་མང་པོ་འདུག
འབྲུག་ཡུལ་གྱི་མིའི་གཤིས་ཀ་ཉམས་ཆུང་དང་ཚུལ་མཐུན་ཡིན་ཡང་། མི་མང་ཆེ་བ་ཆང་རག་འཐུང་རྒྱུ་དགའ་པོ་འདུག ཡུལ་དེར་ཆང་རག་ཧ་ཅང་མོད་པོ་དང་ཟ་ཁང་རེ་ན་ཆང་ཁང་རེ་འདུག ཕོ་མོ་ཁྱད་མེད་པར་གང་འདོད་དུ་ཆང་རག་ལོངས་སུ་སྤྱོདཀི། སྤྱིར་ཨེ་ཤ་ཡི་རྒྱལ་ཁབས་མང་ཆེ་བར་ཕོ་མཆོག་མོ་དམན་གྱི་ལྟ་བ་ཤུགས་ཆེན་པོ་ཡོད་ཀྱང་འབྲུག་ཡུལ་དུ་གཞུང་སྒེར་དང་ཁྱིམ་མི་སུས་ཀྱང་སྐྱེས་པ་དང་བུད་མེད་དབར་ལ་དབྱེ་འབྱེད་ཆེར་མེད་པར་གཉིས་ཀར་འདྲ་མཉམ་གྱི་ཐོབ་ཐང་དང་གཅིག་མཚུངས་ཀྱི་ལྟ་སྟངས་ལེགས་པོ་ཡོད་པར་སྣང་། བུད་མེད་དང་སྐྱེས་པ་གཉིས་ཀྱི་སུས་ཆང་བཏང་རུང་སྤྱི་ཚོགས་ཀྱི་ལྟ་སྟངས་གཅིག་པ་ཡིན་པ་ལས་བུད་མེད་ཆུང་འཐུང་ལ་དམིགས་བསལ་གྱི་ལྟ་སྟངས་སྡུག་ཆགས་དང་སྐྱེས་པར་ འཛིན་པའི་སྟ་སྟངས་ལེགས་པོ་གང་ཡང་མི་འདུག དེ་བཞིན་དམིགས་བསལ་སྐྱེས་པ་དང་བུད་མེད་ཀྱི་ལས་ཀའི་དབར་དབྱེ་ འབྱེད་མེད་པར་ཕོ་མོ་གཉིས་ཀས་ཁྱིམ་ལས་ཙག་ཙིག་དང་ཕྱི་ལོག་གི་ཚོང་ལས་སོགས་སུས་འཇོན་ལྟར་རེད། གཉེན་སྒྲིག་ ཀྱང་རང་མོས་རང་འཐད་ཀྱིས་བྱེད་རྒྱུ་ལས་བཙན་བཀའ་དང་གཞན་གྱི་ཐབས་ཇུས་ངན་པ། བསླུ་བྲིད་སོགས་ཀྱི་འོག་འདོད་པ་མེད་པར་བུད་མེད་གནས་ལ་སྦྱིན་རྒྱུའི་སྲོལ་རྒྱུན་དེ་ཆད་འདུག ད་ལྟའི་ཆར་དེ་ནི་ཁྲིམས་འགལ་ཡང་རེད། འོན་ཀྱང་། བཟའ་འཐོར་བྱུང་བའི་གྲངས་ཚད་ཧ་ཅང་མཐོན་པོ་རེད་ལ་དེ་ནི་རྒྱུན་ལྡན་ལྟར་ཡང་ཆགས་འདུག
འབྲུག་རྒྱལ་ཡོངས་སུ་ཁྲིམས་ཐོག་ནས་ཐ་མག་ཉོ་ཚང་བཀག་སྟེ་ཐ་མག་རིགས་ཀྱི་སྨྱོ་རྫས་གཅིག་གིས་ཀྱང་ཚོང་ལས་གཉེར་ཆོག་གི་མི་འདུག་ལ། མི་སྒེར་གྱི་ངོས་ནས་ཐ་མག་འཐེན་མཁན་ཡོད་ནའང་དེ་ནི་ས་དཀྱོག་ལུང་དཀྱོག་ནས་ལྐོག་ལྐོག་སུད་ སུད་ངང་ལོངས་སུ་སྤྱོད་རྒྱུ་ལས་སྲང་ལམ་དང་མི་ཚོགས་འདུས་སྡོད་བྱེད་ས། སྤྱི་དམངས་ཁྱབ་ཁོངས་ཀྱི་ས་ཆ་གང་ནས་ ཀྱང་འཐེན་ཆོག་གི་མི་འདུག་ལ། ཁྲིམས་འགལ་གྱིས་འཐེན་མཁན་ཡང་མཐོང་རྒྱུ་མ་བྱུང་།
འབྲུག་ཡུལ་གྱི་ས་ཆའི་ཆགས་རིམ་དེ་ཧི་མ་ལ་ཡི་རི་རྒྱུད་དུ་གནས་ཡོད་པས་འབྲུག་པ་རྣམ་རི་འཛེག་པར་དགའ་ཞིང་རང་ ནུས་ཀྱིས་ཉི་མ་དང་བདུན་ཕྲག ཟླ་བ་སོགས་བྱས་ཏེ་གླིང་ཀ་གཏོང་གི་རི་ལ་འགྲོ་བའི་གོམས་གཤིས་ཡོད་ཅིང་ཕྱི་རྒྱལ་མགོ་ སེར་ལྟར་རི་འཛེགས་བྱེད་པར་དགའ་པོ་ཡོད་རབས་བརྗོད། དེ་བཞིན་བོད་ཀྱི་ས་མཚམས་སུ་ཁེལ་ཡོད་ཅིང་ཧི་མ་ལའི་ཤར་ ཕྱོགས་དང་ལྷོ་ཕྱོགས་ཀྱི་རི་རྒྱུད་དུ་ཆགས་ཡོད་ཅིང་ཡུལ་གྱི་བཀོད་པ་སྙན་གྲགས་ཆེ་བའི་རང་བྱུང་མཛེས་སྡུག་གི་གངས་རི་མང་པོས་བརྒྱན་འདུག བོད་ཕྱོགས་སུ་ཡོད་པའི་གངས་རི་ཇོ་མོ་བླ་རི། གངས་དཀར་སྤུན་གསུམ། མི་ལ་དཀར་ཆུང་ སོགས་སུ་འཛམ་གླིང་ཤར་ནུབ་གང་ས་ནས་ཕེབས་པའི་གངས་འཛེག་མཁན་ཚོས་འབྲུག་ཡུལ་བརྒྱུད་ནས་གངས་འཛེག་ བྱེད་བཞིན་འདུག
འབྲུག་ཡུལ་ནི་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་སའི་སྟེ་བ་ཞིག་ཏུ་བརྩི་ཞིང་དེ་གའི་འགྲོ་སོང་ཀྱང་ཧ་ཅུང་ཆེན་པོར་བརྩི། ནང་པ་རྣམས་གནས་སྐོར་ལ་འགྲོ་ཞིང་ནུབ་ཕྱོགས་པ་དང་ཤར་ཕྱོགས་པའི་ཕྱུག་བདག་དང་དངུལ་ཡོད་མཁན་ཚོ་འབྲུག་ ཡུལ་དུ་གུང་སེང་གཏོང་གི་འགྲོ། འབྲུག་ཡུལ་ནི་དེང་དུས་ཀྱི་ཟང་ཟིང་ཆེ་བའི་གྲོང་ཁྱེར་ལྟར་ཁང་བརྩེགས་མཐོན་པོ་དང་ ཁྲོམ་ར་རྙོག་པོ། མི་འབོར་མང་ས། རྒྱ་ལམ་ཆེ་ས། སྲང་ལམ་མོད་ས་དེ་འདྲ་ལས་ལྡོག་སྟེ་གནའ་བོའི་གྲོང་ཁྱེར་གྱི་གསོན་ ཉམས་དོོད་ཅིང་སྲོལ་རྒྱུན་གྱི་འཆར་འགོད་མ་ཉམས་པའི་ལྷིང་འཇགས་ཀྱི་རི་གྲོང་ཞིག་ཡིན་པ་དང་། ཡུལ་སྐོར་བ་མང་པོས་ འབྲུག་ཡུལ་གྱི་ལྷིང་འཇགས་དང་གནའ་བོའི་འཚོ་གནས་དག་ལ་ཡིད་སྨོན་ཞིང་དེ་ནི་ཁོང་ཚོའི་བདེ་སྐྱིད་ཆེས་ཆེ་བ་ཞིག་ཏུ་ བརྩི། འབྲུག་ཡུལ་དུ་བདེ་སྐྱིད་འཚོལ་དུ་འགྲོ། བདེ་སྐྱིད་ཆེས་ཆེ་བའི་ཧི་མ་ལིའི་རི་གྲོང་དེར་འགྲོ་ཞེས་འབོད།
འབྲུག་ཡུལ་གྱི་ཆབ་སྲིད་ལམ་ལུགས་སུ་འཛུགས་སྐྲུན་དང་འཕེལ་རྒྱས་ཇི་ཙམ་མགྱོག་ནའང་གནའ་བོའི་སྲོལ་རྒྱུན་གྱི་ འཚོ་གནས་རྣམས་རང་སོར་གནས་རྒྱུ་དང་དེང་དུས་ཀྱི་འཛུགས་སྐྲུན་འཆར་འགོད་ཀྱིས་སྔ་རབས་ཀྱི་འཛུགས་སྐྲུན་འཆར་འགོད་ལ་རམ་འདེགས་བྱས་ཏེ་སྔར་ཡོད་རྣམས་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུ་ལས་སྔར་ཡོད་རྩ་རྫོགས་བཏང་ཏེ་དུས་རབས་གསར་པའི་ཆོ་ལོ་བསྩལ་རྒྱུ་མིན་པར་ཆབ་སྲིད་ཀྱི་ལམ་ལུགས་གལ་ཆེན་ཞིག་ཏུ་བརྩི།
འབྲུག་ཡུལ་དུ་དགུན་དུས་ཀྱི་ནམ་ཟླ་ཅང་ཙམ་འཁྱག་ཅིང་ཡུལ་ལུང་རེ་འགའ་རུ་ཁ་བ་བབས་ཏེ་གྲང་ངར་གྱིས་འགྲིམ་འགྲུལ་གྱི་ལམ་ཁར་འཁྱག་རོམ་ཆགས་ཡོད། མགྲོན་པོ་རྣམ་ཕར་འགྲོ་ཚུར་འོང་ལ་དཀའ་ཁག་འཕྲད་ཅིང་དགུན་དུས་སུ་ཕྱི་གླིང་ནས་ ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་དཀོན་པོ་རེད།
འབྲུག་མི་རྣམ་ཤ་ལ་དགའ་ཞིང་ལྷག་ཏུ་ཤ་སྐམ་གྱིས་བཟོས་པའི་ཟས་རིགས་མོད། འབྲུལ་ཡུལ་རང་གི་ཁ་ཟས་མང་ཆེ་བ་ ཁ་ཚ་པོའི་རིགས་དང་སི་པན་དང་དམར་ཚ་མཉམ་བརྔོས་བྱས་པ་ཤ་སྟག་རེད། ཡུལ་དེར་འབྲོག་པའང་ཡོད་ཅིང་འབྲོག་མི་ རྣམ་སྒོ་ཟོག་འཚོལ་ཏེ་དབྱར་དགུན་སྟོན་དཔྱིད་ཀྱི་ནམ་ཟླ་ལྟར་ས་ཆ་གཅིག་ནས་གཅིག་བརྒྱུད་དེ་འཚོ་གནས་བྱེད་ཀྱིན་འདུག
སྤྱི་ལོ་༢༠༡༩ ཟླ་ ༡ ཚེས་ ༢༢ ཉིན་རྒྱ་གར་ཤར་ཕྱོགས་ཀྱི་མངའ་སྡེ་ (West Bengal) ནང་གི་ (Bagdogra ) རྒྱལ་སྤྱིའི་གནམ་ཐང་ནས་རིན་ཆེན་རྡོ་རྗེའི་མིང་འཛིན་པས་འབྲུག་ཡུལ་དུ་བསྐྱོད་པའི་མཐོང་ཐོས་ཀྱི་ཟུར་ཙམ་ཡི་གེར་ཕབ།
རིན་ཆེན་རྡོ་རྗེ་ལགས་ཀྱི་ཡག་པོ་བྲིས་འདུག ང་ཡང་འབྲུག་ལ་འགྲོ་འདོད་འདུག འོན་ཀྱང་ས་མཚམས་ནས་ཆོག་མཆན་མེད་ན་འགྲོ་ཐུབ་ཀྱི་ཨེ་ཡོད་ན། ང་ལ་ཨ་རིའི་ལག་འཁྱེར་ཡོད། ཕྱི་རྒྱལ་གྱི་མིང་ཐོག་ནས་སོང་ན་འགྲོ་སོང་ཆེན་པོ་ཡོད་པ་ཐོས། །
ཆང་ནི་དམ་ཚིག་ཀུན་གྱི་རྩ་བ་ཡིན།
ཨམ་ཆོག་ཞུམ་པར་བྱས་ནས་འཐུང་བ་བྱ།
ཆང་ནི་ཉེས་པ་ཀུན་གྱི་རྩ་བ་ཡིན།
ཙ་སྟེང་ཟིལ་པ་ཙམ་ཡང་སྤང་བར་བྱ།
དེ་གཉིས་གང་ལ་ཆ་བཞག་དགོས་པ་རེད།
གསུང་མཁན་ཡོད་ན་དགའ་བསུ་ཡོད།