པདྨ་ཚེ་དབང་ཤཱསྟྲིས།
ཉེ་སྔོན་ཨ་རིའི་ནང་བོད་ཀྱི་སྐད་ཡིག་སྐོར་གྱི་བགྲོ་གླེང་ཞིག་གི་སྐབས་སུ། བོད་པའི་ན་གཞོན་ཞིག་གིས་བོད་ཀྱི་རིག་གཞུང་དང་། ཡུལ་སྲོལ་གོམས་གཤིས། རྒྱལ་རབས་ལོ་རྒྱུས་སོགས་དབྱིན་ཡིག་བརྒྱུད་ནས་སྦྱངས་པ་དང་། བོད་ཡིག་བརྒྱུད་དེ་སྦྱངས་པ་གཉིས་ལ་ཁྱད་པར་གང་ཡོད་དང་། བོད་ཡིག་ཤེས་ན་དགེ་མཚན་དམིགས་བསལ་ཅི་ཡོད་དམ། ཞེས་དྲི་བ་ཞིག་གནང་སྐབས་ཕྲན་གྱིས་བུ་རམ་གྱི་བྲོ་བ་དེ་བུ་རམ་བཟའ་མཁན་གྱིས་མྱོང་བ་ལས་རོ་ལ་འགྲེལ་བཤད་བརྒྱབ་ནས་གཞན་གྱིས་བྲོ་བ་དེ་ཇི་བཞིན་མྱོང་དཀའ་བ་དང་གཅིག་མཚུངས་རེད་ཅེས་བརྗོད་པ་ཙམ་ལས། མང་པོ་ཤོད་རྒྱུའི་གོ་སྐབས་མ་བྱུང་། འོན་ཀྱང་དྲི་བ་དེ་མ་བརྗེད་པར་ཡིད་ལ་ཡང་ཡང་འཁོར་ཙང་། རང་གི་རྨོངས་འཆར་ཇི་ཡོད་འདིར་བཀོད་པ་ཡིན།
དེ་ཡང་ཇི་སྐད་དུ།
གཞི་ཞིང་ས་སྐྱོན་མེད་བཟང་དང་གཅིག །
རྒྱུ་ས་བོན་ནུས་པ་ལྡན་དང་གཉིས།།
རྐྱེན་ཆུ་ལུད་དྲོད་གཤེར་འཛོམས་དང་གསུམ།།
ཆོས་དེ་གསུམ་ཚོགས་ཤིང་དུས་བབ་ན།།
ལོ་ཏོག་ལ་མི་ལེགས་པའི་རང་དབང་མེད།།
ཨ་ལ་ལ་རྟེན་འབྲེལ་གྱི་ཆོས་ཉིད་མཚར།།
ཞེས་གསུངས་པ་ལྟར། ལོ་ཏོག་ཕུན་སུམ་ཚོགས་པ་དང་། གྱ་ནོམ་པ་ཞིག་ཡོང་བ་ལ། ཐོག་མར་ཞིང་ས་དེ་གཤིན་པོ་དང་ལས་རུང་ཡིན་པ། བར་དུ་ས་བོན་ལ་སྐྱོན་མེད་པར་ནུས་པ་ལྡན་པ། དེ་ནས་རྐྱེན་ཆུ་ལུད་དྲོད་གཤེར་དང་། ཞིང་པའི་འབད་སྩོལ་བཅས་ཚང་མ་འཛོམས་ན། ད་གཟོད་ལོ་ཏོག་ཕུན་སུམ་ཚོགས་པ་ལེན་རྒྱུ་ཡོང་བ་དེ་ཆོས་ཉིད་རེད།
འཇིག་རྟེན་གྱི་དངོས་པོ་ཡོངས་རྫོགས་རྒྱུ་རྐྱེན་ལས་སྐྱེས་པའམ། རྟེན་འབྲེལ་ལྟོས་གྲུབ་ཡིན་ཙང་། འཇིག་རྟེན་གྱི་སྐད་ཡིག་ཇི་འདྲ་ཞིག་ཡིན་ཀྱང་། འཚོ་གནས་དར་གསུམ་བྱེད་པ་ལ། གཞི་ཁོར་ཡུག་བཟང་པོ་དང་། རྒྱུ་རང་ཉིད་ལ་སྐད་ཡིག་དེ་སྦྱང་འདོད་ཀྱི་འདུན་པ་དང་དོན་གཉེར། རྐྱེན་སྐད་ཡིག་དེ་དང་མཚུངས་ལྡན་སྤྱི་ཚོགས་ཀྱི་འཚོ་བ་ཕུན་སུམ་ཚོགས་པ་ཞིག་དགོས།
དེས་ན། སྤྱིར་རྒྱ་གར་དང་བལ་ཡུལ་ཁུལ་དང་། ཡང་སྒོས་ནུབ་ཕྱོགས་སུ་སྐྱེད་སྲིང་འཚར་ལོངས་བྱེད་བཞིན་པའི་བོད་པའི་གཞོན་སྐྱེས་ཚོ་ལ། རང་གི་ཕ་ཡུལ་ལ་རང་དབང་མེད་པ་དང་། མི་ཚེའི་འཚོ་བའི་ནང་དུ་རང་སྐད་བཀོལ་སའི་ཁོར་ཡུག་མེད་པའམ་དཀོན་པ། གཞོན་སྐྱེས་ཚོར་དོན་གཉེར་དང་འདུན་པ་ཡོད་ཀྱང་། ཉིན་ཞག་ཕྲུགས་གཅིག་གི་ནང་དུ་རྒྱལ་ཁབ་གཞན་ཞིག་གི་སྐད་ཡིག་བཀོལ་སྤྱོད་མི་བྱེད་ཐབས་མེད་ཡིན་པ། བོད་མིའི་འཚོ་བ་དངོས་དང་བྲལ་བ་བཅས་ལ་བརྟེན་ནས་བོད་རིགས་གཞོན་སྐྱེས་ཚོར་བོད་ཀྱི་སྐད་ཡིག་ལ་གོམས་འདྲིས་མི་ཡོང་བ་དེར་ཐུགས་ཁག་མེད།
འོན་ཀྱང་རང་རེའི་ཁ་དཔེ་ལ། ཕ་ཡུལ་སྤངས་ཀྱང་། ཕ་སྐད་མ་བརྗེད། ཅེས་ཟེར་བ་ལྟར། རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས་དང་། རང་གི་ཕ་སྐད་སྦྱང་འདོད་ཀྱི་འདུན་པ་དང་། སྤྲོ་བ་ཡོད་ན། མཐུན་རྐྱེན་རྩ་བ་ནས་མེད་པ་དེ་འདྲའང་མ་རེད། གལ་ཏེ་ཕྱི་རྒྱལ་བ་ཚོས་བོད་སྐད་དང་བོད་ཡིག་སྦྱངས་ནས་ཤེས་ཀྱི་ཡོད་ན། བོད་པས་ཅིའི་ཕྱིར་མི་ཡོང་། འོན་ཀྱང་དེ་ཡོང་བ་ལ་འདུན་པ་དང་། སྤྲོ་བ། བརྩོན་འགྲུས། བཀོལ་སྤྱོད་བཅས་རྒྱུན་མ་ཆད་པར་གནང་དགོས། དེ་ལྟར་ཡོང་བ་ལ་ཐོག་མར་སྐད་ཡིག་དེའི་དགེ་མཚན་དང་རིན་ཐང་མཁྱེན་དགོས་པར་མངོན། བོད་སྐད་དང་བོད་ཡིག་ཤེས་པའི་དགེ་མཚན་དུ་མ་ཡོད་ཀྱང་། མདོར་བསྡུས་ཙམ་དུ་དང་པོ་འཇིག་རྟེན་གྱི་ཕྱོགས་ནས་ཞུས་ན།
༡༽ རང་གི་རྒྱལ་ཁབ་དང་མི་རིགས་ལ་ཤ་ཞེན་ལྡན་པ་ཞིག་ཡིན་ན། རྒྱལ་ཞེན་དང་རིགས་ཞེན་བྱེད་ཡུལ་གྱི་ལུང་པ་དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་རང་སྐད་བརྒྱུད་ནས་ཤེས་པ་ལས་ལྷག་ཅིག་སྐད་ཡིག་གཉིས་པ་ཞིག་བརྒྱུད་དེ་མི་ཡོང་བ་དང་།
༢༽ བོད་མིའི་ངག་རྒྱུན་དུ། ལུང་པ་གང་ཡིན་སྐད་ཀྱིས་ཤེས། ཞེས་བརྗོད་པ་ལྟར། བོད་ཀྱི་སྐད་ཡིག་གིས་བོད་མི་རིགས་ཀྱི་ངོ་བོ་མཚོན་པ་དང་། བོད་པ་ཡིན་པའི་ངོས་འཛིན་གསལ་སྟོན་ཐུབ་པ།
༣༽ བོད་ཀྱི་སྐད་ཡིག་ཤེས་ན། བོད་ཀྱི་ལེགས་བྱང་དང་། བྱུང་རབས། ཁོར་ཡུག སྤྱི་ཚོགས་ཀྱི་དཔལ་ཡོན། འཚོ་བ་སོགས་དང་འབྲེལ་བའི་སྐོར་ལ་ལྟ་རྒྱ་མཐོང་རྒྱ་ཆེ་བ་ཡོང་རྒྱུ།
༤༽ གལ་སྲིད་བོད་རིག་པའི་ཐོག་ལ་ཁྱད་མཁས་པ་ཞིག་བྱེད་འདོད་ནའང། བོད་ཡིག་མ་ཤེས་ཐབས་མེད་ཡིན།
༥༽ འཛམ་གླིང་འདིའི་ནང་སྐད་ཡིག་མང་དག་ཅིག་ཡོད་པའི་ནང་ནས་ལེགས་སྦྱར་དང་དོ་མཉམ་པ་དེ་བོད་པའི་སྐད་ཡིག་ཁོ་ན་ཡིན་པ།
༦༽ དབྱངས་བཞི་དང་། གསལ་བྱེད་སུམ་ཅུ་ལས་གྲུབ་པའི་བོད་ཀྱི་སྐད་ཡིག་དེར་ལུང་དུ་སྟོན་པའམ། བརྡ་སྤྲོད་ཀྱི་རྣམ་གཞག་ཡང་དག་པ་དང་ལྡན་པ།
༧༽ ད་ལྟ་ང་ཚོར་ཡོད་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། ལེགས་བྱང་གི་འབྱུང་ཁུངས་དེ་བོད་ཀྱི་སྐད་ཡིག་ཡིན་པ།
༨༽ སྐད་ཡིག་འདི་ལ་བརྟེན་ནས་བོད་ཆོལ་གསུམ་ཆིག་སྒྲིལ་དུ་དེ་སྔ་གནས་ཐུབ་པ་བྱུང་ཡོད་ལ། འབྱུང་འགྱུར་ཡང་གནས་ཐུབ།
༩༽ ཚོགས་ཐོག་གམ། སྒེར་ཕན་ཚུན་བཀའ་མོལ་གནས་སྐབས་གཞན་སྐད་ཀྱི་བསྲེས་ལྷད་མེད་པར་བོད་སྐད་གཙང་མ་བཀོལ་ཐུབ་པ།
གཉིས་པ་ཆོས་ཕྱོགས་ནས་ཞུས་ན།
༡༽ མངོན་མཐོ་ལྷ་མི་དང་། ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་རམ་འདེགས་བྱེད་པའི་ལག་ཆ་མེད་དུ་མི་རུང་བ་ཞིག་ཡིན་པ།
༣༽ ནང་ཆོས་རྣལ་མ་བྱེད་མཁན་ཞིག་ཡིན་ན། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག དཔེར་ན། གཞི་དངོས་པོའི་གནས་ལུགས། བདེན་གཉིས་དང་། རྟག་དངོས། འདུས་བྱས་འདུས་མ་བྱས་སོགས་དང་། གསང་སྔགས་ལ་སོགས་པ་ལམ་ཇི་ལྟར་ཉམས་ལེན་བྱེད་དགོས་པའི་གནས་ལུགས་བོད་ཡིག་ལ་བརྟེན་ནས་ཤེས་ཐུབ་པ་ནང་བཞིན་སྐད་ཡིག་གཞན་ནས་མི་ཡོང་།
༤༽ དེ་ལ་བརྟེན་ནས་གང་ཟག་དེ་རང་བཞིན་གྱིས་ཡ་རབས་བཟང་སྤྱོད་དང་ལྡན་པར་འགྱུར་བ།
༥༽ གནས་སྐབས་སུ་ནད་ན་ཚ་དང་། རྐྱེན་ངན་གོད་ཆག་སོགས་ཀྱི་དཀའ་ངལ་འཕྲད་སྐབས་སུའང། ཁ་འདོན་དགེ་སྦྱོར་སོགས་གཞན་ལ་རེ་མི་དགོས་པར་བར་ཆད་བཟློག་ཐབས་རང་གིས་བྱེད་ཐུབ་པ་སོགས་དགེ་མཚན་དུ་མ་ལྡན་པར་མངོན།
ལྷག་པར་དུ་སྐད་ཡིག་ནི་མི་རིགས་དེ་དང་དེའི་བླ་སྲོག་ཡིན་པས། གལ་ཏེ་མི་རིགས་བྱེ་བྲག་པ་ཞིག་དང་དེའི་ལེགས་བྱང་དང་། ཡུལ་སྲོལ་གོམས་གཤིས། སྲོལ་རྒྱུན་སོགས་འཇིག་རྟེན་འདིར་ཡུན་རིང་འཚོ་དགོས་ན། ཐོག་མར་མི་རིགས་དེའི་སྐད་ཡིག་དེ་འཚོ་དགོས་པ་གདོན་མི་ཟ། ལར་ནས་ཕ་སྐད་ནི་ཤིང་སྡོང་གི་རྩ་བ་ལྟ་བུ་ཡིན། གལ་ཏེ་ཤིང་སྡོང་གི་རྩ་བ་དེ་སྲ་བརྟན་ཡོད་ན། ད་གཟོད་སྡོང་པོ་ཚུགས་ཐུབ་ནུས་ལྡན་དེའི་སྟེང་དུ་མཛེས་ལྡན་གྱི་ལོ་འདབ་རྒྱས་པ་དང་བཅུད་ཅན་གྱི་འབྲས་བུ་གཡུར་དུ་ཟ་བ་ཡོང་ཐུབ་པ་ནི་ཆོས་ཉིད་ཡིན།
མདོར་ན། སྐད་ཡིག་གི་རིན་ཐང་དང་། གལ་གནད། ཆེ་བ་བཅས་ངོ་འཕྲོད་ན། ད་གཟོད་སྐད་ཡིག་དེ་སྦྱོང་རྒྱུའི་འདུན་པ་སླེབས་སྲིད་ལ། བོད་རྒྱལ་ཁབ་དང་། མི་རིགས། བོད་པའི་ཆོས་དང་རིག་གཞུང་། ལེགས་བྱང་དང་བཅས་པ་དེ་མི་རབས་ནས་མི་རབས་འཚོ་བར་བྱེད་པའི་བླ་སྲོག་དེ་བོད་པའི་སྐད་དང་ཡི་གེ་ཡིན་པའང་མཁྱེན་སྲིད།
རང་སྐད་རྩ་བ་ས་ལྟར་རབ་བརྟན་ཅིང་།།
རང་གི་ལེགས་བྱང་ལྗོན་པ་མ་གཡོས་ཤིང་།།
རང་གཞན་སྐད་ཀྱི་ལོ་འདབ་རྒྱས་གྱུར་ན།།
རང་དབང་འབྲས་བུ་ལོན་པར་ཐེ་ཚོམ་ཅི།།
དེ་ལྟར་ཡང་ཇི་སྐད་དུ། དབུལ་བའི་ནོར་གྱིས་རིན་མི་ཁུག ། ཉམ་ཆུང་ཚིག་གིས་བརྡ་མི་འཕྲོད། ཟེར་བ་ལྟར་མང་པོ་ཞིག་ལ་ཕན་ཐོགས་ཡོང་བའི་རེ་བ་མེད་ཀྱང་། རང་དང་སྐལ་མཉམ་རེ་ཟུང་ལ་བློ་སྐྱེད་ཡོང་རེའི་དོན་དུ་བྲིས་པས་ཐམས་ཅད་ཤིས་གྱུར་ཅིག །།
དེས་ན་བོད་པ་ཚང་མས་ཆོས་ཅན། བོན་ཆོས་ཉམས་ལེན་བྱེད་དགོས་པར་ཐལ། བོད་རང་གི་མ་ཆོས་ཡིན་པའི་ཕྱིར། རིགས་པ་མཚུངས། ལན་དུ་འདོད་རྟགས་མ་གྲུབ་མ་ཁྱབ་འགལ་ཁྱབ་གང་འདེབ།
ཕ་མའི་སྐད་ཡིག་བུ་ཕྲུག་བླ་སྲོག་རེད།
ཕ་མའི་རིག་གཞུང་བུ་ཕྲུག་རྒྱན་ཆ་རེད།
ཕ་མའི་སྐད་ཡིག་དོར་ན་བླུན་པོ་རེད།
ཕ་མའི་རིག་གཞུང་དོར་ན་སྨྱོན་པ་རེད།
ཕ་མའི་སྐད་ཡིག་མི་ཚེའི་མདུན་ལམ་རེད།
ཕ་མའི་རིག་གཞུང་མི་ཚེའི་འགྲུལ་རོགས་རེད།
ཕ་མའི་སྐད་ཡིག་ནོར་བུ་དགོས་འདོད་འདྲ།
ཕ་མའི་རིག་གཞུང་ཡིད་བཞིན་ནོར་བུ་འདྲ།
ཉ་ཉོག་མང་པོ་ཞིག་བྲིས་འདུག་སྟེ་དྲི་བ་གནང་མཁན་དང་ཀློག་མཁན་རྣམས་ཀྱི་ཡིད་ཚིམས་པ་མི་འདུག
བོད་ཀྱི་སྐད་ཡིག་ཤེས་པའི་དགེ་མཚན་ཟེར་བ་དེས་ཁ་བྱང་སྙན་པོ་འདུག ཡིན་ནའང་བོད་སྐད་ཡིག་གི་རིན་ཐང་གི་དོན་ཚན་ལྔ་བྲིས་པ་དེ་འདྲའི་གནད་ལ་ཁེལ་བ་ཞིག་བྱུང་མི་འདུག