འདི་ལོའི་ཞི་རྒོལ་ཆེན་མོའི་སྐབས་རྒྱ་ནག་གཞུང་གི་འབྲེལ་ཡོད་ཉེན་རྟོག་དང་དམག་མི། བདེ་སྲུང་ལས་ཁུངས་སོགས་ཀྱིས་འཛིན་བཟུང་བཀག་ཉར་འོག་ཡོད་རིགས་ལས། ད་ལམ་མདོ་སྨད་རེབ་གོང་ནས་གཤམ་གསལ་མི་གྲངས་དགུ་ལ་ཁྲིམས་ཐག་བཅད་པ་ཁྱབ་བསྒྲགས་བྱས་འདུག་ཅིང༌། ཁོང་ཚོའི་ནག་ཉེས་ནི། ཞི་བའི་ངོ་རྒོལ་གྱི་ལས་འགུལ་ནང་ངོ་རྒོལ་བ་ཚོའི་སྣེ་འཁྲིད་གཙོ་བོའི་ལས་ཀ་བྱས་པ་དང༌། ངོ་རྒོལ་སྐབས། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་བཙན་དང་རང་དབང་སྤྲོད་དགོས། བོད་རྒྱ་ཞི་མོལ་མྱུར་དུ་བྱེད་དགོས་སོགས་ཀྱི་སྐད་འབོད་བྱས་པ་སོགས་ནི་རྒྱལ་ཁབ་ལ་ངོ་རྒོལ་དང༌། སྤྱི་ཚོགས་བརྟན་བརླིང་ལ་གཏོར་བཤིག་གི་ལས་འགུལ་ཞིག་ཡིན་པའི་ངོས་འཛིན་དང་བཅས་ཏེ་ཁོང་ཚོར་ཁྲིམས་ཐག་བཅད་པའི་སྐོར་ཡོངས་བསྒྲགས་བྱས་ཡོད་འདུག
ད་ལམ་ཁྲིམས་ཐག་བཅད་པའི་མི་གྲངས་དགུ་པོ་ནི། རེབ་གོང་རྒྱལ་པོ་ཀླུ་ཆུ་ས་ཁུལ་ནས་འདི་ལོའི་ཟླ་ ༣ ཚེས་ ༡༧ ཉིན་ཞི་བའི་ངོ་རྒོལ་གྱི་སྐད་འབོད་བྱས་པའི་སྐབས་ཀྱི་ལས་འགུལ་འཆར་འགོད་དང༌། སྣེ་འཁྲིད་བྱེད་མཁན། ལས་འགུལ་དངོས་གཞིའི་སྐབས་སུའང༌། བོད་ཀྱི་རྒྱལ་དར་འཕྱར་བཞིན་སྣེ་འཁྲིད་ནས་མགར་རྩ་ཞང་སྲིད་གཞུང་གི་ནང་བསྒྲེངས་འཛུགས་བྱས་ཡོད་པའི་རྒྱ་ནག་གི་དར་ཆ་མར་ཕབ་ནས་བོད་ཀྱི་རྒྱལ་དར་བསྒྲེངས་མཁན་གཙོ་བོ་ཡིན་པའི་ངོས་འཛིན་འོག་འཛིན་བཟུང་བྱེད་ཉེའི་མཚམས་མགོ་ལོག་ཕྱོགས་ལ་བྲོས་བྱོལ་དུ་ཡོད་པ་ནས་འཛིན་བཟུང་བྱས་ནས་ཡོད་པ་ཀླུ་ཆུའི་གཅོད་པ་ཐར་ལ་ལོ་ ༣ དང༌། དེ་བཞིན་རེབ་གོང་ཕྱོགས་ནས་ཞི་རྒོལ་ལས་འགུལ་སྔ་རྗེས་སུ་སྤེལ་སྐབས་འཛིན་བཟུང་བྱས་པ་བྱེ་དྲིའི་ཤ་བོ་ཀླུ་རྒྱལ་ལ་ལོ་ ༢ སྡོང་ངེ་ནམ་མཁའ་ཚེ་རིང་ལ་ལོ་ ༢ སྡོང་ངེ་ཤ་བོ་བཀྲ་ཤིས་ལ་ལོ་ ༡ དང་ཟླ་ ༦ ངོ་མོ་བཀྲ་ཤིས་རྒྱལ་ལ་ལོ་ ༢ རོང་པོ་དགོན་པའི་གྲྭ་སྦྱིན་པ་ལ་ལོ་ ༡ དང་ཟླ་ ༦ ཀོའུ་སྡེའི་སྐར་རྒྱམ་ལ་ལོ་ ༡ རྒྱལ་པོ་སྒང་ཆོས་ལྡན་ལ་ལོ་ ༢ ཧོར་ནག་ཤ་བོ་རིན་ཆེན་ལ་ ༢ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་པ་ཉིན་ཤས་སྔོན་ཁྱབ་བསྒྲགས་བྱས་ཡོད་འདུག་པའི་གནས་ཚུལ་དུ།
ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༥ ཉིན།
ཁྱོད་ཚོ་ནི་མིའི་རིགས་ཀྱི་དཔའ་བོ་ཡིན་ལ་བོད་རིགས་སྤོབས་པ་ཡིན།
ཁྱོད་ཚོ་ནི་མ་ཡུམ་གངས་རིར་སེམས་པ་གླན་མཁན་དང་ཁ་བ་རི་བར་ལོ་རྒྱུས་གསར་བའི་བདེན་པ་དང་སྟོབས་ཤུགས་བསྩལ་མཁན་རེད།
ཁོ་ཚོས་འོ་བརྒྱལ་མྱངས་སོང༌།
དཀའ་ལས་རེག་སོང༌།
ཡིན་ནའང༌། མ་འོངས་པའི་ལོ་ཟླའི་ཁྲོད་དུ་ཁ་བ་རི་བའི་རི་ཆུ་ནགས་གསུམ་གྱིས་ཁྱོད་ཚོ་བརྗེད་པར་མི་སྲིད་ལ། ས་ཡ་དྲུག་གིས་ཀྱང་ཁྱོད་ཚོ་བརྗེད་པར་མི་སྲིད། ད་ལོའི་ཁྲག་དམར་ལོ་རྒྱུས་ཀྱི་ཡིག་ཕྲེང་རེ་རེས་ཁྱོད་ཚོ་བརྗེད་པར་མི་སྲིད། བདག་གི་ཤ་གསེང་རུས་རྐང་ན་འཕྱུར་གིན་པའི་སྤོབས་པའི་ཁྲག་རྒྱུན་གྱིས་ཁྱོད་ཚོ་གཏན་དུ་བརྗེད་པར་མི་སྲིད།
བོད་མི་རིགས་ཀྱི་བླ་སྲོག་གི་ཆེད་དུ་རང་ཉིད་བློ་གཏོང་མཁན་གྱི་བུ་རྒོད་པོ་ཁྱེད་ཚོའི་ཞལ་ལ་ལྟོས་ནས་ཅི་ཡང་བཤད་རྒྱུ་སྤོབས་པ་མི་འདུག ནམ་ཞིག་ང་ཡང་དེ་ལྟར་ཡོང་ཐུབ་སོང་ན་དེ་ནས་ང་ཚོས་འདྲ་མཉམ་གྱི་གདན་གྲལ་གཅིག་ནས་ཁབ་བརྡ་བྱེད་ཆོག ཁྱེད་ཚོས་ཀྱི་གྲུབ་འབྲས་ཤིག་གི་ཏུ་ཆེད་རང་ཉིད་ཀྱི་སྲོག་བཏང་ནས་ལས་འགུལ་དེའི་མགོ་རྩམས་པ་ལས། དཔའ་མིང་ཐོབ་ཆེད་དང་ཡང་ན་མང་པོ་ཞིག་གིས་ཁ་ཡག་གི་བསྟོད་བསྔགས་ཐོབ་ཆེད་དེ་བས་མིན། དེའི་ཕྱིར་སུ་ཞིག་གིས་མི་དེ་ཚོར་རྗེས་དྲན་དང་བསྔགས་བརྗོད་བྱེད་ན་ཁོ་ཚོས་འགོ་བཙུགས་ཡོད་པའི་ལམ་ཁ་དེའི་ནང་ལ་བསྐྱོད་བཞིན་རྗེན་དྲན་དང་བསྟོད་བསྔགས་བྱེད་རྒྱུའི་ཐོབ་ཐང་ལེན་འོས་ལས། དེ་མིན་རང་ཉིད་བདེ་ས་སྐྱིད་ནས་མི་འགུལ་བཞིན་དུ་ཁ་ཡག་བཤད་བསྡད་ཚེ་སྲོག་ཤོར་མཁན་གྱི་དཔའ་བོ་དེ་ཚོ་དགའ་རྒྱུ་ལས་ལྡོག་ཏེ་ཁ་ཡག་ཁྲེལ་མེད་འདི་ཚོས་ཁོ་བོ་ཅག་གི་ཚེ་སྲོག་དང་ཟུངས་ཁྲག་གི་བསྐྲུན་པའི་སྙིང་སྟོབས་ཀྱི་ལམ་བུ་དེར་མུ་བསྐྱོད་མཁན་མི་འདུག་བསམ་ནས་སེམས་སྐྱོ་ངེས་རེད། བསྟོད་ན་ལག་ལེན་ཞིག་གི་ཐོག་ནས་བསྟོད་དགོས་པ་ལས། དེ་མིན་ཐོབ་ཐང་མེད།
སྟག་སྨྱོན་གྱིས་གསུངས་པ་དེར་རྒྱུ་མཚན་ལྡན།
བོད་ནང་དུ་ཞི་བའི་ངོ་རྒོལ་སྤེལ་མཁན་རྣམས་ཀྱི་ཁྲིམས་ཆད་དེ། ཞིང་ཆེན་དང་ས་ཁུལ་མི་འདྲ་བའི་ནང་དོ་སྙོམས་པོ་ཞིག་ཡོང་གི་མེད་པར་ཁྱད་པར་དགའ་རབ་ཅིག་ཡོད་པའི་མཐོང་ཚུལ་བྱུང་། དཔེ་བཞག་ན། གོ་འཇོ་རྫོང་ཁོངས་ནས་ཁྲིམས་ཆད་བཅད་པ་དེ་ཚོ་ས་ཁུལ་གཞན་དག་ལ་བསྡུར་ན་རྡབ་འགྱུར་གྱིས་མང་བ་ལྟ་བུ་ཞིག་མཐོང་སོང་། དེ་ཅི་ཡིན་ནམ།
ཁོ་རེ་མགོན་ཕྱག ངས་ཀྱང་དེའི་སྐོར་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། གོ་འཇོ་དང་སྨར་ཁམས་སོགས་བོད་རང་སྐྱོངས་ལྗོངས་ཀྱི་ཁོངས་གཏོགས་ཡིན་སྟབས་ཉེན་ཁ་ཆེ་བ་ཞིག་ཏུ་བརྩིས་པ་མིན་ནམ། དེ་ཚོར་འབར་རྫས་བརྒྱབས་ཚུལ་སོགས་ཉེས་འཛུགས་ཀྱང་ཆེན་པོ་བྱས་འདུག དེ་བཞིན་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་བོད་མི་ངོ་རྒོལ་བྱས་མཁན་ཚོར་ཡང་ཉེས་ཆད་རྗིད་པོ་འགེལ་གྱིན་ཡོད་པ་འདྲ། དེ་གཅིག་བྱས་ན་ས་གནས་མང་ཚོགས་ལ་ཤེས་ཡོན་མེད་སྟབས་ཁྲིམས་ལུགས་མི་ཤེས་པ་སོགས་ལ་དམིགས་ནས་བརྙས་བཅོས་བྱས་པ་མིན་ནམ་སྙམ་པ་ཞིག་ཀྱང་འདུག སྤྱིར་བཏང་རྒྱ་མིས་འདི་འདྲ་བྱེད་ཀྱིན་འདུག སྔོན་མ་ཞིག་ལ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་བུ་ཡིན་ནམ་ཞིག་གིས་མི་གཞན་ཞིག་དང་མཉམ་དུ་སྲོག་ཐོག་ལ་འགྲོ་བའི་ཁྲིམས་འགལ་ཞིག་བྱས་སྐབས་གྲུ ང་གོ་རྒྱལ་ཡོངས་ན་འཕགས་པ་ལྷ་གཅིག་ལས་མེད་པ་རེད་ཅེས་བརྗོད་ནས་དེ་ལ་གཟིགས་བསྐྱངས་ཆེད་དུ་ཁོའི་བུ་ཡིན་ནམ་བུ་མོ་ཡིན་ནམ་དེ་སྲོག་ཐོག་ལ་མ་བཏང་བ་དང་། མི་གཞན་དེ་ལྷ་ས་གྲོང་ཁྱེར་གྱི་མགོ་གཙོའི་བུ་ཡིན་ཡང་གྲུ ང་གོ་རྒྱལ་ཡོངས་ན་གྲོང་ཁྱེར་མགོ་གཙོ་ག་ཚོད་དགོས་དགོས་ཡོད་པ་རེད་ཅེས་བརྗོད་ནས་མི་གཞན་དེ་སྲོག་ཐོག་ལ་བཏང་བ་རེད་ཟེར་བ་ཞིག་ཐོས་སོང་། འདིའི་སྐོར་ལ་དོ་སྣང་བྱ་དགོས་ས་ཞིག་དང་ཁྱད་མཚར་ཞིག་ཀྱང་རེད།