སྙན་བཟང་གཡུང་དྲུང་ཚེ་རིང་།
གཅིག
ཁེ་ཉིན་གནམ་གང་གི་དགོང་མོར་ང་ཚོ་བོད་མི་སྐོར་ཞིག་འཛོམས་ནས་ལོ་གསར་རོལ་སྐབས། ངོ་དེབ་བརྒྱུད་ནས་རྟའུ་བློ་བཟང་དཔལ་ལྡན་ལགས་ཀྱི་གྲོངས་གཏམ་ཐོས་བྱུང་། དེ་མ་ཐག་ཕངས་སེམས་དང་བཅས་ཁོང་གི་གཤེགས་རྐྱེན་གང་ཡིན་ནམ་སྙམ་པ་ལས་གཞན་དྲན་རྒྱུ་མེད་པར་གྱུར། དེ་ནས་ངོ་དེབ་དང་སྐད་འཕྲིན་གཉིས་སྣོག་ཁོམ་མ་བྱུང་། ད་ནངས་སྐད་འཕྲིན་དང་ངོ་དེབ་གཉིས་ལ་མིག་བཤེར་ཙམ་བྱེད་སྐབས་བོད་མི་མང་པོ་ཞིག་གིས་ཁོང་ལ་རྗེས་དྲན་བྱེད་པ་མཐོང་། དེ་ལ་རྐྱེན་བྱས་ཏེ་ཁོང་གི་སྐོར་ལ་བསམ་བློ་ཅུང་ཙམ་བཏང་རྗེས། ཉིན་འདི་དག་གི་ཞོར་ལས་སྐོར་ཞིག་ཅམ་འཇོག་གིས་ཁོང་གི་གསུང་བཤད་ཅིག་དང་འབྲེལ་བའི་སྔ་ཕྱིའི་དྲན་སྣང་འགའ་བརྗོད་ན་འདོད་སོང་། འདི་ནི་ཁོང་ལ་རྗེས་དྲན་གྱི་ཚུལ་དུ་བསྔོ་རྒྱུ་ཡིན།
༢༠༡༧ལོའི་ཟླ་༡༢པའི་ནང་། སུད་སིར་གནས་བཞུགས་གྲོགས་བློ་བརྟན་རྣམ་གླིང་ལགས་ཀྱིས་ང་ལ་ཁོང་གི་གླུ་གཞས་ཁག་བོད་ནང་བརྒྱུད་སྤེལ་བྱེད་འདོད་ཡོད་པས། དེ་ལ་རོགས་རམ་གནང་རོགས་ཞེས་འབྲེལ་བ་ཐེངས་ཁ་ཤས་ཤིག་བྱས་སོང་། ངས་ཁོང་ལ་སྐད་ཚོམས་ཤིག་བཟོ་ཐུབ་ན་དགེ་མཚན་ཡོད་རབས་ཞུས་པ་ཡིན། ཁོང་གིས་སྐད་འཕྲིན་བེད་སྤྱོད་བྱེད་ཤེས་ཀྱི་མེད་སྟབས། ངས་སྐད་ཚོམས་ཤིག་གསར་འཛུགས་དང་། ཉིན་ཤས་རིང་ཚོགས་གཙོར་འདུག་རྒྱུའི་ཁས་ལེན་བྱས། དེ་ནས་ཕོ་རོག་དཀར་པོ་ཞེས་པའི་སྐད་ཚོམས་ཤིག་བཙུགས་ཏེ། སྐད་ཚོམས་འདི་ནི་གཞས་པ་སྐུ་ཞབས་བློ་བརྟན་རྣམ་གླིང་ལགས་ཀྱི་ཐུགས་རེ་ལྟར་བཙུགས་པ་ཞིག་ཡིན་པ་དང་། འདིའི་དམིགས་ཡུལ་གཙོ་བོ་ནི་བོད་གཞིས་བྱེས་གཉིས་ཀྱི་གཞས་པ་དང་གཞས་མ་ཚོའི་བར་བསམ་ཚུལ་དང་། གནས་ཚུལ། ཉམས་མྱོང་སོགས་བརྗེ་རེས་ཡོང་ཆེད་དུ་བཙུགས་པ་ཡིན་སྟབས། ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀྱིས་ཁོམ་སྐབས་དང་བསྟུན་ནས་བདུན་ཕྲག་རེ་དང་བདུན་ཕྲག་གཉིས་རེའི་ནང་ཚོམས་འདིའི་གཞས་པ་དང་གཞས་མ་ཚོར་རེ་སྐུལ་ཞུས་ཏེ་གླུ་ལེན་གྱི་དུས་ཚོད་ཅིག་བཀོད་སྒྲིག་ཞུ་རྒྱུ་ཡིན་ཅིང་། སྐབས་རེར་ཚོམས་ནང་བཞུགས་པའི་ཤེས་ལྡན་མི་སྣ་དང་། གཞས་པ་དང་གཞས་མ་ཚོས་བོད་ཀྱི་གླུ་གཞས་སྒྱུ་རྩལ་དང་དེ་ལས་འཕྲོས་པའི་བརྗོད་གཞིའི་སྐོར་ལ་གཏམ་བཤད་གནང་བའི་གོ་སྐབས་ཀྱང་བསྐྲུན་རྒྱུ་ཡིན་ཞེས་ཞུས་ཏེ་སྐད་ཚོམས་དང་འབྲེལ་བའི་གསལ་བསྒྲགས་ཤིག་ཀྱང་སྤེལ།
གསལ་བསྒྲགས་བྱས་པ་ལྟར། གཞས་པ་དང་གཞས་མ་སྐོར་ཞིག་ལ་གླུ་ལེན་གྱི་དུས་ཚོད་གོ་སྒྲིག་བྱས་ཤིང་། གླུ་གཞས་སྒྱུ་རྩལ་གྱི་ཐད་ལ་ཕྱག་ལས་གནང་མཁན་སྐོར་ཞིག་ལ་གཏམ་བཤད་སྤེལ་དུ་བཅུག སྐད་ཚོམས་འདི་བཙུགས་ནས་ཟླ་གཅིག་ལྷག་འགོར་རྗེས། ངས་རྟའུ་བློ་བཟང་དཔལ་ལྡན་ལགས་ལ་ཕོ་རོག་དཀར་པོ་ཞེས་པའི་སྐད་ཚོམས་གསལ་བཤད་དང་འབྲེལ་ཏེ། ཁོང་གི་ལོ་རྒྱུས་མདོར་བསྡུས་ཤིག་དང་། ཁོང་གླུ་གཞས་སྒྱུ་རྩལ་ལ་ཞུགས་དགོས་པའི་རྒྱུ་རྐྱེན། དེ་ནས་བོད་ཀྱི་གཞས་པ་དང་གཞས་མའི་འགན་འཕྲི། ད་དུང་བོད་ཀྱི་གླུ་གཞས་སྒྱུ་རྩལ་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་སྐོར་ལ་གཏམ་བཤད་ཅིག་སྤེལ་ཐུབ་ན་དགེ་མཚན་ཡོད་ཚུལ་སོགས་ཞུས་པར། དེ་མ་ཐག་ཁོང་གིས་ཁས་ལེན་གནང་སོང་ལ། གོ་སྐབས་འདི་གནང་བར་ཐུགས་རྗེ་ཆེ་གསུངས།
ཉིན་ཤས་ཀྱི་རྗེས་སུ་སླར་ཡང་འབྲེལ་བ་ཞུས་ཏེ་གཏམ་བཤད་ཀྱི་དུས་ཚོད་གཏན་འཁེལ་བྱས་ཤིང་། དེ་ནི་༢༠༡༨ལོའི་ཟླ་ ༢ པའི་ཚེས་ ༡༨ རེས་གཟའ་ཉི་མའི་དུས་ཚོད ༨: ༠༠ ལ་གོ་སྒྲིག་བྱས་འདུག དེ་ནས་ཁོང་ལ་གཏམ་བཤད་དང་འབྲེལ་བའི་རེ་བ་ཞིག་ཞུས་པ་ལྟར། ཉིན་ཤས་ཀྱི་རྗེས་སུ་ཁོང་གིས་ལོ་རྒྱུས་མདོར་བསྡུས་ཤིག་བསྐུར་ཡོང་སྟེ་འདིའི་ནང་ན་ཞེ་ཚིག་མང་པོ་ཞིག་བེད་སྤྱོད་བྱས་འདུག་པས། འདི་དག་བཟོ་བཅོས་བྱས་ན་ཆོག་ཚུལ་དང་། ལོ་རྒྱུས་འབྲི་མཁན་ནི་མི་གཞན་ཞིག་ཡིན་ཚུལ་སོགས་གསུངས། ངས་ཕོ་རོག་དཀར་པོའི་སྐད་ཚོམས་ནང་ཞེ་ཚིག་རྣམས་སོར་བཞག་གིས་དག་ཆ་རེ་ཟུང་བཅོས་པའི་ལོ་རྒྱུས་དེ་བསྐུར་བ་ཡིན་ནམ། ཡང་ན་ལོ་རྒྱུས་ཀྱི་ནང་དོན་ལ་འགྱུར་བ་མ་བཏང་བར་ཚིག་གྲུབ་རེ་ཟུང་སྣོན་འཕྲི་ཅུང་ཙམ་གཏོང་ཁུལ་བྱས་པ་དེ་བསྐུར་བ་གང་ཡིན་མི་དྲན་མོད། དོ་དགོང་ཡིག་སྣོད་སྔོག་སྐབས། གཤམ་གྱི་ལོ་རྒྱུས་འདི་རྙེད་སོང་།
བོད་ཀྱི་གཞས་པ་དང་ཕྱི་ལུགས་ཆེད་མཁས་སྨན་པ་རྒན་རྟའུ་བློ་བཟང་དཔལ་ལྡན་ལགས་སྤྱི་ལོ་༡༩༥༡ལོར་བོད་ཤར་ཕྱོགས་མདོ་སྟོད་དུ་སྐུ་འཁྲུངས་ཤིང་། སྤྱི་ལོ་༡༩༥༩ལོར་ཕ་མ་ནང་མི་དང་བཅས་པ་བཙན་བྱོལ་དུ་ཕེབས། ཁོང་གི་ཕ་དམ་པ་ནི་ཚོང་ལས་གཉེར་མཁན་ཞིག་ཡིན་པས་དཔལ་འབྱོར་མི་དམན་ཙམ་ཡོད་སྟབས། ཁོང་ཀ་བློན་སྦུག་ཏུ་ཡོད་པའི་སན་ཁྲི ཨོ་གྷ་སི་ཊན (St. Augustin School ) ཞེས་པའི་སློབ་གྲྭར་འཛུལ་ཞུགས་བྱེད་ཐུབ་པ་བྱུང་། སློབ་གྲྭ་དེ་ནས་ལོ་གཉིས་རིང་སློབ་སྦྱོང་གནང་བ་དང་། དེ་རྗེས་སིམ་ལར་དབུས་བོད་སློབ་ཏུ་སློབ་གཉེར་གནང་། སྤྱི་ལོ་༡༩༦༣ལོར་དགུང་ལོ་བཅུ་གཅིག་ལ་ཕེབས་སྐབས། བུ་དྲུག་དང་བུ་མོ་དྲུག་བཅས་བོད་ཕྲུག་བཅུ་གཉིས་ལ་ཆོས་དགེ་དང་། ཕ་ཚབ་མ་ཚབ་དང་བཅས་ཡུ་རོབ་ཀྱི་རྒྱལ་ཁབ་རྗར་མན་ནང་སློབ་སྦྱོང་ལ་གཏོང་གནང་མཛད་པའི་ཁོངས་སུ་ཕེབས་ཏེ། གཞི་རིམ་དང་འབྲིང་རིམ་ཐོན་རྗེས། སྙན་གྲགས་ཆེ་བའི་གཙུག་ལག་སློབ་གྲྭ་ཧལ་རྡེ་བྷག (Heildelberg, University) ནང་ནུབ་ཕྱོགས་གསོ་རིག་ལ་བསླབ་པ་མཐར་སོན་བྱུང་རྗེས། རྗར་མན་གྱི་གྲོང་ཁྱེར་མང་པོའི་ནང་སྨན་པའི་ཕྱག་ལས་སྣ་ཚོགས་གནང་ཡོད།
ཁོང་གིས་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་དེང་དུས་ཀྱི་གཞས་གསར་པ་ཐོག་མར་གསར་བཏོད་གནང་བ་དང་། གཞས་ཚིག་གསར་རྩོམ་མཛད་པ། གཞས་བཏང་ནས‘‘སྤྲིན་འཁོར’’ཞེས་པ་ཐེངས་ལྔ་འགྲེམས་སྤེལ་གནང་བ་དེ་དག་གི་ཤུགས་རྐྱེན་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ལ་ཁྱབ་ཏེ། གཞིས་ལུས་བོད་པའི་ནང་ཁོང་གི་སྤྲིན་འཁོར་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པར་བརྟེན། སྤྲིན་འཁོར་ཚོང་འགྲེམས་ཡག་པོ་བྱུང་བ་དང་། དེའི་ཡོང་འབབ་རྣམས་བོད་གཞུང་ཤེས་རིག་ལྷན་ཁང་དང་བོད་ཁྱིམ་ལ་ཕུལ་ཡོད།
སྤྱི་ལོ་༡༩༩༥ལོར་ཁོང་དང་ཁོང་གི་བཟའ་ཟླ་ཆོས་ཉིད་ལྷ་མོ་གཉིས་ཀྱིས་མདོ་སྟོད་སྨད་གཉིས་སུ་དྭ་ཕྲུག་ཁྱིམ་སྡེ་གཉིས་གསར་འཛུགས་གནང་ཞིང་། དྭ་ཕྲུག་བདུན་བརྒྱ་ཟིན་ལ་ཉེ་བ་ཡོད་པ་དེ་དག་སློབ་ཆེན་ཐོན་ནས་རང་གི་རྐང་པའི་སྟེང་དུ་ལངས་ཐུབ་པར་འབད་བརྩོན་གནང་། སློབ་མ་སྐོར་ཞིག་སློབ་ཐོན་ཟིན་ནས་སྨན་པ་དང་། དགེ་རྒན། ལས་བྱེད་གནང་མཁན་ཡང་མང་པོ་ཐོན་ཡོད་པ་རེད། ཞིབ་ཕྲའི་གནས་ཚུལ་འབྲེལ་ཐག www.tadra.de འདི་བརྒྱུད་ནས་གཟིགས་རོགས་ཞུ།
ངས་ཉར་ཡོད་པའི་ལོ་རྒྱུས་མདོར་བསྡུས་དེ་ནི་གོང་གི་འདི་ཡིན། རྒྱུ་རྐྱེན་འདི་འདྲ་ཞིག་ལ་བརྟེན་ནས་ངེད་གཉིས་ཀྱི་བར་ལ་གླེང་མོལ་ཐེངས་ཁ་ཤས་བྱུང་། སྔར་ཁོང་དང་མཉམ་དུ་གླེང་མོལ་བྱས་མ་མྱོང་ནའང་། དྲྭ་རྒྱ་ཁག་ནས་ཁོང་གི་གླུ་གཞས་དང་། གཏམ་བཤད། ད་དུང་བོད་ཀྱི་སྲིད་སྐྱོང་གི་འོས་མིའི་གྲས་སུ་ཞུགས་པ་སོགས་དང་འབྲེལ་བའི་གནས་ཚུལ་སྐོར་ཞིག་མཐོང་མྱོང་། འདི་དག་ལས་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་པ་ནི་ཁོང་གིས་བགྲོ་གླེང་ཞིག་གི་སྐབས་སུ་ཚན་རིག་དང་འབྲེལ་བའི་གནས་ཚུལ་སྐོར་ཞིག་ལ་གསལ་བཤད་གནང་བ་དེ་ཡིན། དོ་དགོང་དྲྭ་རྒྱ་ཁག་ཏུ་བགྲོ་གླེང་དེ་ཡོད་མེད་བཙལ་མོད་མ་རྙེད།
རྗེས་སུ་ཁོང་དང་འབྲེལ་འདྲིས་ཟབ་པའི་གྲོགས་པོ་ཧོར་གཙང་ལེགས་བཤད་ཀྱིས་གསུང་གསལ་ལྟར་ན། རྟའུ་བློ་བཟང་དཔལ་ལྡན་ལགས་ནི་བོད་མི་རིགས་ཀྱི་ཆེད་དུ་ལྷག་བསམ་རྣམ་དག་གནང་མཁན་ཞིག་ཡིན། ཐུགས་གཤིས་དེ་ཡང་ཧ་ཅང་དྲང་མོ་ཡོད་མཁན་ཞིག་ཡིན། ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་རིས་དེ་འདྲ་རྩ་ནས་གནང་གི་མ་རེད། གླུ་གཞས་སྒྱུ་རྩལ་ལ་དགའ་བས་མཚན་གང་བོར་གླུ་བླངས་ནས་འདུག་དགོས་ནའང་སུན་སྣང་མེད་མཁན་ཞིག་ཡིན། གནས་ལུགས་ཡོད་ཚེ་ཁོང་ལ་སྐྱོན་བརྗོད་ཅི་ཙམ་བྱས་ཀྱང་བཟོད་བསྲན་གནང་ཐུབ་མཁན་ཞིག་ཀྱང་ཡིན། ཁོང་གི་བཟའ་ཟླ་ལྟ་བུར་མཚོན་ནའང་བོད་ཀྱི་བཞིན་བཟང་མ་ཟེར་བ་མོ་རང་ཡིན། ཁྱིམ་དུ་སོང་ན་རྣམ་འགྱུར་ལེགས་ཤིང་། འགྲུལ་པ་ལ་བཟང་། རྟའུ་བློ་བཟང་དཔལ་ལྡན་ལགས་ཐང་ཆད་ནས་ནང་ལ་སླེབས་སྐབས། ཐ་ན་མོས་ཁོང་གི་རྐང་པའང་བཀྲུ་གི་རེད་ཟེར།
༄༅། རྟའུ་བློ་བཟང་དཔལ་ལྡན་ལགས་སྐུ་འདས་གྲོང་སོང་སྐོར་དྲ་རྒྱའི་ནང་སྙིང་བསྡུས་ཞིག་
བྲིས་འདུག་པ་ཉིན་ཤས་སྔོན་མཐོང་བྱུང་ཡང་ཡིད་ཆེས་མ་བྱུང་།
ད་ཆ་དངོས་འབྲེལ་ཡིན་འདུག་པ་བློ་ཕམ་བྱུང། ཁོང་གི་རང་བརྩམས་ཀྱི་གཞས་སྣ་ཁག་མང་པོ་
ཉན་ཀློག་བྱས་དང་བྱེད་མུས་ཡིན། ཁོང་གི་གཞས་གཅིག་ནི་སྤྲིན་འཁོར་དང་པོ་་་ང་མི་ཡུལ་ལ་
འགྲོ་དགོས་ཚེ་སྔོན་གྱི་ལས་རེད་ཅེས་པ་དང།
༧གོང་ས་མཆོག་བགྲང་བྱ་༨༠ ཕེབས་པའི་བསྟོད་གཞས་ཅིག་ནི་ ་་་ཐུགས་རྗེ་ཆེ། བཀའ་དྲིན་ཆེ་ཞེས་
པ་དེ་ནི་འཛམ་གླིང་ཀུན་ལ་སྐད་དྲག་ཆེ་བ་དང་ ཡིད་སེམས་ཁུག་པ་ཞིག་བྱུང་སོང་བ་རྒྱ་ཆེའི་མང་
ཚོགས་ཀུན་ནས་མཁེྱེན་གསལ་རེད། དེ་བཞིན་གཞས་གཅིག་ནི།
སྐད་གཅིག་སྐད་གཅིག་གིས་འཇིག་ཤིང་འགྲོ། ནམ་མཁའི་འཇའ་ལྟར་ལལ་ནས་འགྲོ།
ཡིན་ཡང་ང་མ་བརྗེད་རོགས་གནང་། ཡིན་ཡང་ང་མ་བརྗེད་རོགས་གནང། ཞེས་མི་རྟག་པའི་སྐོར་གྱི་གཞས་ཚིག་འདི་ནི་དངོས་གནས་
སེམས་ལ་འགྲོ་བོ་སེམས་འགུལ་ཧ་ཅང་ཐེབས་པ་སྙན་པོ་བྱུང།
རྒྱལ་ཞེན་ཡོད་མཁན་རྒྱུ་རྩལ་བ་ཞིག་འདས་གྲོང་ཕྱིན་པ་ནི་ཧ་ཅང་ཕང་པོ་ཡིན།
ཁོང་གི་རྗེས་བཞུགས་ནང་མི་ཚོར་ཐུགས་གསོ་རྗེས་དྲན་ཞུ་རྒྱུ་ཡིན།
༄༅། རྟའུ་བློ་བཟང་དཔལ་ལྡན་ཁོང་འདས་རྐྱེན་ངོ་མ་གང་ཡིན་མདོར་ཙམ་གསུང་རོག་གནང།
རྩ་བའི་འདུས་བྱས་ཐམས་ཅད་མི་རྟག་པ་དང། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་དེ་ལྟར་ཡང་
ཁོང་འདས་པ་སྔ་དྲག་སོང་། བླ་མ་མཁྱེན་བོད་གངས་ཅན་ལྗོངས་སུ་སླར་སྐྱེས་པ་ལེན་པར་སྨོན།
༄༅། སྤྱི་ཚོགས་འགྱུར་བ་དེ་ཡང་སྐད་ཅིག་མ། མི་མང་ཁ་ཡང་ནམ་མཁའི་གློག་དང་འགྲོགས།
ལྟད་མོ་སྐྱོ་ཉམས་ཅན་རྣམས་མཐོང་བ་ཡི། སེམས་ཀྱི་ཁམས་འདི་རི་དགས་སྨས་མ་བཞིན།
འདབ་གཤོག་གཉིས་ལྡན་པ་ཞིག་ཕྱི་མར་ཕེབས་པ་སྔ་དྲག་སོང་། མྱ་ངན་ཞུ། 🎼🏩
རྟའུ་བློ་བཟང་དཔལ་ལྡན་ལགས་རྗེས་སུ་དྲན་པའི་བརྙན་འཕྲིན་འགའ།
https://www.facebook.com/serkyiphonga/videos/pcb.1159122770913704/1159122364247078/?type=3&theater
ལོ་བརྒྱ་དང་གསུམ་ལ་འདུག་དགོས་པ་ཟིག་ཡིན་བསམ།
༄༅། ཚེ་མི་རྟག་སྒྱུ་མའི་གྲོང་འཁྱེར་ན། གསོན་འདོད་པའི་རེ་བ་ཀུན་ལ་ཡོད།
འདུས་བྱས་ཀྱི་ལུས་རྟེན་རིམ་བཞིན་འཇིག་།
འདི་བསམ་བཞིན་ཐུགས་བཞག་སྤུན་གཉེན་ཚོ། བློ་ནང་དུ་བཀུག་ཏེ་འདང་ཞིག་རྒྱོབས།
རང་ཚུགས་ཅན་འདི་འདྲ་དག་གཤེགས་པ་ལ་ཧ་ཅང་ཕངས།