སྙན་བཟང་གཡུང་དྲུང་ཚེ་རིང་།
གཉིས།
ཕོ་རོག་དཀར་པོའི་སྐད་ཚོམས་ནང་ཁོང་གི་གཏམ་བཤད་ཀྱི་གསལ་བསྒྲགས་བཏང་ནས་ཅང་མ་འགོར་བར། བོད་ཀྱི་ལོ་གསར་སླེབས་སོང་། སྐབས་དེར་ང་ཧྥ་རན་སིའི་གངས་རི་ཡོད་ས་ཞིག་ན་ཡོད། ངས་ཁོང་ལ་གངས་རི་བླངས་པའི་པར་འགའ་བསྐུར་ནས་ལོ་གསར་ལ་འཚམས་འདྲི་བྱེད་སྐབས། ཁོང་གིས་ཀྱང་བོད་ཀྱི་ལོ་གསར་ལ་གྲ་སྒྲིག་ག་རེ་གནང་གིན་ཡོད་མེད་དང་འབྲེལ་བའི་གསལ་བཤད་མདོར་བསྡུས་ཤིག་གནང་སོང་།
དེ་ནས་བརྗོད་གཞི་གང་ཞིག་ལས་འཕྲོས་པ་མི་དྲན་མོད། རྒན་ནེ་ལུང་ཚེ་རིང་སྟོབས་ལྡན་དང་ཁོང་གཉིས་ཀྱིས་བོད་ཀྱི་གླུ་པ་གྲགས་ཅན་འདས་པོ་རྒན་བདུད་བྷེ་ལགས་སྐུ་གཤེགས་པའི་མྱ་ངན་རྗེས་དྲན་དུ‘‘ཁྱེད་རང་ཕེབས་པ་སྔ་སོང’’ཞེས་པའི་གླུ་གཞས་ཤིག་བཏང་ཡོད་པ་དེའི་སྐོར་ལ་འགྲེལ་བཤད་དང་། རྒན་བདུད་བྷེ་ལགས་སྨན་ཁང་དུ་བཞུགས་སྐབས་ཁོང་གིས་ཞལ་འདེབས་ཕྲན་བུ་བསྡུས་ནས་རོགས་སྐྱོར་གནང་བའི་སྐོར་ལ་འགྲེལ་བཤད་ཐུང་ཐུང་ཞིག་ཀྱང་གནང་། སྐབས་དེར་ཁོང་གིས་འགྲེལ་བཤད་གནང་སྟངས་ལ་ཉན་ན། ཁོང་རྒན་བདུད་བྷེ་ལགས་ལ་ཧ་ཅང་ཐུགས་མོས་ཡོད་པས་རོགས་སྐྱོར་དང་། རྗེས་དྲན་དེ་དག་རྩ་ཆེན་པོ་གནང་ཞིང་། དེ་དག་ལ་སྤོབས་པའང་ཆེན་པོ་གནང་གི་མེད་དམ་སྙམ། དེ་ནས་དེང་སང་ང་ཚོའི་བཙན་བྱོལ་སྤྱི་ཚོགས་རྦད་དེ་འཁྲུགས་འདུག འདི་ཁྱོན་ནས་ཡག་པོ་མིན་ཚུལ་གྱི་གསུང་སྐད་ཅིག་ཀྱང་ཤོར་བ་ད་དུང་ཡང་དྲན།
དེ་ནས་ཅུང་མ་འགོར་བར་ཕོ་རོག་དཀར་པོའི་སྐད་ཚོམས་སུ་གོ་སྒྲིག་བྱས་པའི་གཏམ་བཤད་ཀྱི་དུས་ཚོད་སླེབས་ཤིང་། ངས་ཁོང་གི་གཏམ་བཤད་དེར་རེ་བ་ཆེན་པོ་བྱས་པ་ཡིན། རེ་བ་བརྒྱབ་པ་ཇི་བཞིན་དུ། ཁོང་གིས་ཀྱང་ཕྱོགས་ངོས་ཁ་ཤས་ཀྱི་ཐད་ནས་གསུང་བཤད་ཡིད་དབང་འཕྲོག་པ་ཞིག་གནང་སོང་། ངའི་ཚོར་སྣང་ལ་ཁོང་གིས་རང་ཉིད་གླུ་གཞས་སྒྱུ་རྩལ་གྱི་ཕྱོགས་སུ་ཞུགས་དགོས་པའི་སྐོར་ལ་རི་མོ་ཁྲ་ཁྲ་ཞིག་བྲིས་སོང་སྙམ།
ཁོང་གིས་གཏམ་བཤད་འགོ་འཛུགས་གནང་སྐབས། བོད་ནང་གི་གཞས་པ་བསམ་འགྲུབ་ཚེ་རིང་དང་གཞས་མ་ཀླུ་མོ་འཚོ་གཉིས་ཀྱིས་བསྐྱར་ལེན་གནང་བའི‘‘ལ་དྭགས་བུ་མོ་’’ཞེས་པའི་གླུ་གཞས་ཧ་ལས་པ་ཞིག་འདུག་སྟབས། དེ་གང་ས་གང་དུ་བརྒྱུད་སྤེལ་བྱེད་བཞིན་པ་མཐོང་། དེ་བས། ཕལ་ཆེར་ཕོ་རོག་དཀར་པོ་ཚང་གིས་གཞས་དེའི་སྐོར་ལ་གླེང་སློང་ཞིག་གནང་ཡོད་པ་འདྲ། དེ་ལ་བརྟེན་ནས་ཚོགས་གཙོས་ང་ལ་འབྲེལ་བ་བྱས་ཏེ་སྐད་ཆ་ཞིག་བཤད་པར་རེ་བ་བཏོན་པ་མིན་ནམ་ལྟ་བུ་ཞིག་གསུངས་སོང་མོད། ངས་རྒྱུ་མཚན་དེ་ལ་བརྟེན་ནས་ཁོང་ལ་གཏམ་བཤད་སྤེལ་དུ་བཅུག་པ་མིན། ཡིན་ནའང་ཁོང་གིས་ཚོད་དཔག་དེ་འདྲ་ཞིག་གནང་འདུག
དེ་ནས་ཁོང་གིས་རང་ཉིད་བོད་དུ་སྐྱེས་པ་ནི་སྐལ་བ་བཟང་པོ་ཡིན་ཚུལ་ལས་འཕྲོས་ཏེ་མི་ཚེའི་བརྒྱུད་རིམ་མདོར་བསྡུས་ཤིག་གསུངས། དེ་ནི་ཁོང་གིས་ང་ལ་བསྐུར་བའི་གོང་གི་ལོ་རྒྱུས་དང་གཅིག་མཚུངས་ལྟ་བུར་སྣང་བས་ཡིག་ཚོགས་བསྐྱུངས་པ་ཡིན།
དེ་ནས། ཁོང་གིས་རང་ཉིད་ཀྱི་ལས་ཀ་ནི་སྨན་པའི་ལས་ཀ་ཡིན་པ་ལས་གླུ་གཞས་སྒྱུ་རྩལ་རིགས་ཀྱི་ལས་ཀ་མིན་ནའང་། གླུ་གཞས་སྒྱུ་རྩལ་གྱི་སྐོར་ལ་དོ་སྣང་བྱུང་དོན་ཐད་ལ། ཁོང་ཆུང་ཆུང་ཡིན་དུས། བོད་ཀྱི་ལོ་གསར་གཙོས་པའི་དུས་ཆེན་སོགས་ཀྱི་སྐབས་སུ་བོད་མི་ཚོར་གཞས་སྣ་ཁག་གཏོང་བའི་གོམས་གཤིས་ཤུགས་ཆེན་པོ་ཡོད་པས། ཁྱིམ་དུ་ཨ་མ་དང་ཨ་ཞང་སོགས་ཀྱིས་ཁམས་གླུ་དེ་འདྲ་ཞེ་དྲག་སྙན་མོ་གཏོང་གི་ཡོད་ཅིང་། སྐབས་དེར་ཉན་པའི་གླུ་གཞས་དེ་དག་སེམས་ནས་མ་ཡལ་བར་ཟུག་ནས་ཡོད་སྟབས། ཁོང་རྗར་མན་དུ་སླེབས་སྐབས་བྱིས་པ་ཡིན་ནའང་། མཚམས་རེར་ནང་མི་དྲན་སྐབས་ཐོག་མར་སེམས་ལ་སྔར་ཐོས་མྱོང་བའི་གླུ་གཞས་དེ་ཚོ་ལྷང་ལྷང་དྲན་པར་བྱེད། གླུ་གཞས་ཞེས་པར་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་དྲན་པ་གསལ་པོར་གནས་པར་ནུས་སྟོབས་ཤིག་འདུག དེ་བས་སྔར་གྱི་གཞས་དེ་ཚོ་ལེན་སྐབས། ནང་མིའི་ཚོའི་གདོང་རས་དང་། ནང་མི་གནས་སའི་ཁོར་ཡུག་སོགས་ཇི་ལྟར་ཡོད་པ་སོགས་མིག་གི་མདུན་དུ་ཁྲ་ལེམ་མེར་མངོན། དེ་ཙམ་མ་ཟད། གླུ་གཞས་དག་གིས་སེམས་གསོ་བྱེད་ཅིང་། སྐྱོ་རོགས་ལྟ་བུ་བྱེད་པས། གླུ་གཞས་འདི་ཉིད་མི་ཚེའི་ནང་གི་རིན་ཐང་ཆེན་པོ་ཞིག་ཏུ་གྱུར་ནས་ཟླ་ནས་ལོར་བསྟུད་ནས་ལེན་སྐབས། སོ་སོར་མཚོན་ནའང་གླུ་གཞས་ཀྱི་ཐད་ནས་ཡར་རྒྱས་སུ་འགྲོ་ཡི་འདུག་ཅེས་ཆུང་དུས་ཀྱི་གནས་ཚུལ་སྐོར་ཞིག་གསུངས།
སྤྱི་ལོ་༡༩༦༣ལོར་ཁོང་ཡུ་རོབ་ཏུ་སླེབས་སྐབས། འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་ནས་ལོ་བཅོ་བརྒྱད་ཙམ་ལས་ཕྱིན་མེད་པ་དང་། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་མི་ས་ཡ་དྲུག་ཅུ་རེ་ལྔ་ཙམ་འདས་གྲོངས་སུ་གྱུར་པས། མི་རྣམས་ཀྱི་སེམས་ལ་སྟོང་ཆ་ཞིག་སླེབས་ནས་ས་ཕྱོགས་གང་དུ་འགྲོ་མིན་ཤེས་དཀའ་བའི་གནས་སྐབས་ཤིག་ཡིན་པ་དང་། སྐབས་དེར་ནུབ་ཕྱོགས་སྤྱི་ཚོགས་ཁྲོད་དུ་མདུན་བསྐྱོད་བྱེད་མཁན་ནི་གཞོན་སྐྱེས་ཚོ་ཡིན་ཞིང་། སྐབས་དེའི་གཞོན་སྐྱེས་ཚོའི་སེམས་ན་འདུན་པ་དྲག་པོ་ཞིག་འཕྱོ་བ་ནི་སྔར་ལྟར་སྲོལ་རྒྱུན་གྱི་ལྟ་བར་འཐམས་ནས་མདུན་བསྐྱོད་བྱེད་མི་འོས་པར་བསམ་བློ་གསར་པ་ཞིག་གཏོང་དགོས་ཤིང་། སྤྱི་ཚོགས་ཀྱི་འགན་འཁྲི་ཡོད་ཚད་རྒན་པ་དག་གི་སྟེང་ལ་འགེལ་མི་འོས་པ་དེ་རེད།
ཐོག་མར་ཨ་རིའི་གཞོན་སྐྱེས་ཚོས་བསམ་བློ་དེ་འདྲ་ཞིག་བཏང་ནས་སྣེ་ཁྲིད་དེ། སྒྱུ་རྩལ་གྱི་ཐད་ནས་གསར་བཏོད་མང་པོ་ཞིག་བྱས་པ་རེད། དཔེར་ན་གླུ་གཞས་སྒྱུ་རྩལ་ལ་མཚོན་ན་རོལ་ཁེན་རོལ (ROCK’ N ROLL)ལྟ་བུ་དང་། ལྗད་ཟི (Jazz) ཟོལ(soul) བྷི་ལོབ་རྫི(Blues) སོགས་ཀྱིས་མཚོན་པའི་དེང་རབས་ཀྱི་གཞས་མི་འདྲ་བ་སྐོར་ཞིག་གསར་བཏོད་བྱས་ནས་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་སྤེལ་བཏང་། སྐབས་དེའི་ཡུ་རོབ་ཁུལ་གྱི་གཞོན་སྐྱེས་དག་གིས་ཨ་རིའི་གཞོན་སྐྱེས་ཚོས་ག་རེ་བྱེད་ཀྱི་ཡོད་མེད་ལ་མིག་དཔེར་བལྟས་ཤིང་། ཐ་ན་གྱོན་གོས་ཚུན་ཆད་ནས་ལད་ཟློས་བྱས། ཨ་རིའི་གཞོན་སྐྱེས་ཚོས་བཏང་བའི་གཞས་དེ་དག་གི་ནང་དོན་སོགས་གོ་བ་ལོན་མིན་ཇི་ལྟར་ཡང་། ཨ་རིའི་གླུ་གཞས་ཡིན་པ་ཙམ་གྱིས་རྩ་ཆེན་དུ་བརྩིས་ཡོད། སྐབས་དེར་ཨ་རི་ནས་གཞས་པ་གཞས་མ་གྲགས་ཅན་མང་པོ་ཞིག་བྱོན། གཞས་པ་དེ་ཚོ་ལྷ་ལྟ་བུར་ངོས་འཛིན་བྱས། ཡང་། གླུ་གཞས་སྒྱུ་རྩལ་དང་མ་འདྲ་བའི་གནས་ཚུལ་གཞན་ཞིག་ནི། ཧྥ་རན་སི་ནས་ལྟ་གྲུབ་སྨྲ་བ་ཁ་ཤས་བྱུང་བ་རེད། དཔེར་ན་གཞང་སྤོ ཟ་ཋག (Jean Paul Sartre)དང་། ཨ་བྷིལ ཀཱ་མོབ་(Albert Camus)སོགས་བྱོན་ཏེ་ཁོང་ཚོས་རིག་གནས་པའི་སྡེ་ལ་ཤུགས་རྐྱེན་ངེས་ཅན་ཞིག་སྤྲད།
རྗན་མན་གྱི་གཞོན་སྐྱེས་ཚོ་ཡང་གླུ་གཞས་ཀྱི་སྐོར་ལ་དོ་སྣང་ཡོད་པ་ཙམ་དུ་མ་ཟད། ཆབ་སྲིད་ཀྱི་ཐད་ལ་དབྱིངས་ཞུགས་པའི་དུས་སྐབས་ཤིག་ཡིན་ཅིང་། ལྷག་པར་དུ་སྤྱི་ཚོགས་རིང་ལུགས་དང་དམངས་གཙོ་རིང་ལུགས་ཀྱི་སྐོར་ལ་ཚ་ཚ་འུར་འུར་གྱིས་བགྲོ་གླེང་གནང་མུས་ཡིན་སྟབས། སྐབས་དེའི་སྤྱི་ཚོགས་ནི་ཡིད་སྨོན་སྐྱེ་དགོས་པ་ཞིག་ཡོད། དེ་ལྟ་བུའི་སྤྱི་ཚོགས་ནང་གསར་བརྗེའི་ལྟ་བ་ཞིག་བྱུང་སྐབས་སྒྱུ་རྩལ་ལའང་ཤུགས་རྐྱེན་ངེས་ཅན་ཐེབས་ཀྱི་འདུག དཔེར་མཚོན་ཞིག་བཤད་ན། ༡༩༧༡ལོར་ངྷུ་བྷེ་ཁྲལ(The Beatles)ཞེས་པའི་གླུ་གཞས་རོལ་ཚོགས་ཀྱི་ཚོགས་མི་འཇོན ལེས་ནན་(John Lennon)ཟེར་བའི་གཞས་པ་སྐད་གྲགས་ཅན་ཞིག་བྱོན། ཁོང་གིས‘‘དམིགས་པ་གནང་དང’’(Imagine)ཞེས་པའི་གཞས་ཤིག་བཏང་ཞིང་། གཞས་དེའི་ཚིག་དང་གདངས་གཉིས་ཤིན་ཏུ་ཕྱུག་པོ་དང་སྙན་མོ་ཡོད་པས་འཛམ་གླིང་ལ་ཁྱབ་པ་རེད། གཞས་དེའི་ནང་དོན་སྙིང་བསྡུས་ནི། འགྲོ་བ་ཡོངས་ཀྱིས་ཕན་ཚུན་ལ་སྤུན་ལྟ་བུའི་འདུ་ཤེས་འཛིན་དགོས་ཤིང་། ཆོས་ལུགས་དང་མི་རིགས་ཀྱི་དབྱེ་འབྱེད་ལ་སོགས་སྤངས་ན་ཅི་མ་རུང་སྙམ་པ་སོགས་རེད། དེར་བརྟེན་གཞས་ཚིག་འདིས་ནུབ་ཕྱོགས་གཞོན་སྐྱེས་ཚོར་ཤུགས་རྐྱེན་ཟབ་མོ་ཞིག་ཐེབས་ཚུལ་གསུངས།
དེ་བས། ‘‘དམིགས་པ་གནང་དང’’(Imagine)ཞེས་པའི་གཞས་ཚིག་འདི་སྐལ་བཟང་ལྷ་མོ་ལགས་ཀྱིས་བོད་ཡིག་ཏུ་བསྒྱུར་པ་འདིར་དྲངས་ན།
ཚོད་བགམ་ཞིག་བྱོས་དང་དཀའ་བ་མེད།
སྟེང་དུ་ལྷ་ཡུལ་འོག་ཏུ་དམྱལ་བ་མེད།
ང་ཚོའི་སྟེང་ན་ནམ་མཁའ་ཁོ་ན་ཡིན།
དེ་རིང་ཚང་མས་དམིགས་པ་ཞིག་བྱོས་དང་།
Imagine there’s no heaven
It’s easy if you try
No hell below us
Above us only sky
Imagine all the people
ཡུལ་ལུང་འདི་ཞེས་རིས་སུ་བཅད་པ་མེད།
ཁྱོད་ཤི་ང་གསོན་འཐབ་རྩོད་དེ་བས་མེད།།
གང་ཕྱིར་གསོད་དང་དེ་ཕྱིར་འཆི་དོན་མེད།།
དེ་བཞིན་འདི་ན་ཆོས་ལུགས་རྨོངས་དད་མེད།།
འཛམ་གླིང་ཧྲིལ་པོ་ཞི་བདེའི་ཁྱིམ་ཚང་གཅིག།
Imagine there’s no countries
It isn’t hard to do
Nothing to kill or die for
And no religion too
Imagine all the people
Living life in peace…
ཁྱོད་ཀྱིས་ཁོ་བོ་སྟོང་བསམ་མཁན་དུ་བརྩི།།
ཡིན་ཡང་ང་ནི་ཁེར་རྐྱང་ཡིན་སྙམ་མེད།
རེ་ཞིག་ཁྱོད་ཀྱང་ཐེ་ཚོམ་སྐྱེ་སྲིད་མོད།།
ནམ་ཞིག་ང་དང་ལྷན་དུ་འགྲོགས་པའང་སྲིད།།
འཛམ་གླིང་ཧྲིལ་པོ་ཞི་བདེའི་ཁྱིམ་ཚང་གཅིག།
You may say I’m a dreamer
But I’m not the only one
I hope someday you’ll join us
And the world will be as one
དམིགས་པ་གནང་དང་་་ ་་་།
བདག་ཏུ་བཟུང་བའི་ངར་འཛིན་མེད་པ་གཅིག
ང་ཡིས་དཔགས་ན་ཁྱེད་ཀྱིས་ཐུབ་པར་སེམས།།
འདོད་རྔམས་ཅན་གྱི་ཕྱུག་བདག་མེད་པ་དང་།
སྐྱི་ཞིང་གཡའ་བའི་དབུལ་ཕོངས་དེ་བས་མེད།།
ཕུ་ནུ་བཞིན་དུ་སྐྱིད་སྡུག་མཉམ་མྱོང་ངང་།
འཛམ་གླིང་ཧྲིལ་པོ་ཁྱིམ་ཚང་གཅིག་ཏུ་འཚོ།།
དམིགས་པ་གནང་དང་་་ ་་་།
Imagine no possessions
I wonder if you can
No need for greed or hunger
A brotherhood of man
Imagine all the people
Sharing all the world…
Imagine there’s no heaven
It’s easy if you try…
Imagine there’s no countries
It isn’t hard to do…
Imagine no possessions
I wonder if you can…
ངའི་དྲན་སྣང་ལ། ན་ནིང་གཞེས་ནིང་སྐུ་ཞབས་འཇམ་དབྱངས་ནོར་བུ་ལགས་ཀྱིས་ཀྱང་ཞལ་རས་ནག་སེ་བ་ཞིག་བྱས་ནས་གླུ་གཞས་ཤིག་ལེན་བཞིན་ཡོད་པའི་བརྙན་ཞིག་ཁྱབ་འགྲོ་བ་དེའི་གཞས་དེ་གོང་གི‘‘དམིགས་པ་གནང་དང’’ཞེས་པ་འདི་ཡིན་སྙམ།
ཁོང་གིས་མུ་མཐུད་དུ་གསུང་རྒྱུར། ལྷོ་ཨ་ཧྥི་རི་ཀ་ལྟ་བུར་མཚོན་ནའང་། རྒྱལ་ཁབ་དེའི་ནང་མི་རིགས་དཀར་ནག་གཉིས་མཉམ་སྡོད་བྱེད་ཀྱི་ཡོད་ནའང་། མི་རིགས་དཀར་པོ་ཉུང་ཤས་ཤིག་གིས་དབང་ཆ་ཡོད་ཚད་བཟུང་ནས་མི་རིགས་ནག་པོར་གཉའ་གནོན་དང་བཤུ་གཞོག་གཏོང་གིན་ཡོད། དེ་ནི་དྲང་བདེན་མིན་སྟབས། དེ་ལ་ངོ་རྒོལ་བྱེད་མཁན་གྱི་མི་རིགས་ནག་པོའི་དབུ་ཁྲིད་ནལ་སོན་མན་ཌལ(Nelson Mandela)ལགས་དང་སྐྱེས་བུ་གཞན་འགའ་བྱུང་། དེར་བརྟེན་ཁོང་ཚོ་ཚང་མ་བཙོན་ཁང་དུ་བཅུག སྐབས་དེའི་གཞུང་འཛིན་དེའི་མིང་ལ་ཨིན་སྐད་དུ་ཨུ་ཕ་ཊེ་ཌུ(apartheid)ཟེར་ཞིང་། དེའི་དོན་ནི་དབྱེ་འབྱེད་ཡིན་ཞིང་། གཞན་ལ་ཐོབ་ཐང་མེད་པ། དྲང་པོ་མིན་པའི་སྲིད་ཇུས་ཤིག་ཡིན་སྟབས། དེ་ལ་འགལ་ཟླ་བྱེད་མཁན་ཇེ་མང་དུ་གྱུར་པ་དང་བསྟུན་ནས། འཛམ་གླིང་གི་མི་མང་པོ་ཞིག་གིས་རོགས་འདེགས་ཞུས་ཡོད། གཞས་པ་གྲགས་ཅན་ཞིག་གིས་གླུ་གཞས་སྒྱུ་རྩལ་བརྒྱུད་ནས་ལྷོ་ཨ་ཧྥི་རི་ཀར་གནས་ཚུལ་དེ་ལྟ་བུ་ཞིག་བྱུང་ཡོད་པ་དང་། དེ་དྲང་པོ་མིན་པ། ནལ་སོན་མན་ཌལ་ལགས་སོགས་བཙོན་ཁང་དུ་ཡོད་པ་སོགས་ཁྱབ་བསྒྲགས་བྱས། སྐབས་དེར་སྤྱི་ཚོགས་དྲྭ་རྒྱ་སོགས་མེད་པས་མྱུར་བུལ་མེད་ནའང་། གླུ་གཞས་ཀྱི་ཉེར་ལེན་ལ་བརྟེན་ནས་རིམ་གྱིས་གནད་དོན་འདི་གོ་ལའི་གནས་ཚུལ་ཤིག་ཏུ་གྱུར། མཐར་རྒྱལ་ཁབ་མང་པོའི་རྒྱབ་སྐྱོར་ལ་བརྟེན་ནས་གཞུང་དེ་མགོ་རྟིང་སློག་པ་རེད།