རྒྱ་ནག་གི་དམངས་གཙོའི་གནད་དོན་དང་དེ་མིན་མི་རིགས་གནད་དོན་དབར་གྱི་འབྲེལ་བ།
ལ་མོ་དགོན་པ་ཚང་བསྟན་འཛིན་ལམ་བཟང་གིས་བརྩམས། ནགས་ཤོད་སད་མི་ཡིས་བསྒྱུར།
ཐོག་མར་རྒྱ་ནག་གི་དམངས་གཙོའི་བརྒྱུད་རིམ་རགས་ཙམ་ཤོད་ཀྱི་ཡིན། ཆིང་དུས་མཇུག་ཏུ་སྐུ་ཞབས་སུན་ཀྲུང་ཧྲང་གིས་དབུ་ཁྲིད་པའི་ལྕགས་ཕག་གསར་བརྗེ་ནས་རྒྱ་ནག་དམངས་གཙོའི་གསར་བརྗེ་མགོ་བརྩམས་པ་རེད་ཅེས་བརྗོད་ཆོག་པ་ཡིན། ཡིན་ནའང་། བཀས་བཀོད་རྒྱུད་འཛིན་གྱི་སྒེར་གཅོད་བསམ་བློའི་ཤུགས་རྐྱེན་གྱི་དམག་ཤུགས་འོག་ཡོན་ཧྲི་ཁེ་དང་ཁོང་གི་སྐུ་ཚབ་བཀས་བཀོད་རྒྱུད་འཛིན་བསྐྱར་འཛུགས་རིང་ལུགས་པས་གཅིག་མིན་གཉིས་མིན་གྱིས་གཏོར་བཅོམ་བཏང་བ་རེད། དེའི་རྗེས་ནས་ཅཱང་ཅེ་ཧྲིས་ཕལ་ཆེར་རྒྱ་ནག་ཡོངས་གཅིག་གྱུར་བཟོས་ཡོད་ནའང་།
འོན་ཏེ་གོ་མིན་ཏང་གི་དཔོན་རིགས་ཚོ་རུལ་སུངས་ཇེ་འཕེལ་ལ་སོང་བ་དང་། སོ་སོའི་དབང་ཆ་སྒེར་གཅོད། ཕན་ཚུན་གཅུན་རེས་བྱེད་པ་སོགས་ཀྱི་ཉེར་ལེན་གྱིས་མི་དམངས་ཀྱི་འཚོ་བ་རྒྱུན་ལྡན་གྱི་ལམ་བུར་བགྲོད་ཐུབ་མེད། དེ་བཞིན་དུ་ཆབ་སྲིད་ཀྱི་ཐད་ནས་དེ་བས་ཀྱང་ཁ་ཐོག་ལག་བཞག་གི་དམངས་གཙོ་བཅོས་བསྒྱུར་བྱ་མ་ཐུབ། དེ་བརྟེན་གོ་མིང་ཏང་གི་དབང་སྒྱུར་སྐབས་རྒྱ་ཆེའི་མི་དམངས་དོན་དམ་པའི་དམངས་གཙོ་དང་རང་དབང་ལ་བགྲོད་ཐུབ་མེད་པ་མ་ཟད། འཚོ་བའི་ཆུ་ཚད་ཀྱང་གོང་མཐོར་འགྲོ་ཐུབ་མེད།འདི་ལྟ་བུའི་གནས་སྟངས་རྒྱུན་མཐུད་དུ་བྱུང་བས་གོ་མིང་ཏང་སྐམ་ས་ནས་རྦད་དེ་ཕམ་པ་རེད། མི་དམངས་དཀྱུས་མ་ཕལ་མོ་ཆེའི་འཚོ་བ་དཀའ་ཁག་ངང་ཡོད་པས། གུང་ཁྲན་ཏང་གིས ༼ དབུལ་ཕོངས་མི་དམངས་ཀྱི་ཆེད་དུ་འཐབ་རྩོད་བྱ་དགོས ༽ ཞེས་པའི་གཞུང་ལུགས་ལ་སྐྱེ་འཕེལ་གྱི་རྨང་གཞི་ཚུགས་པ་རེད། དེ་ནས་རིམ་བཞིན་འཁོས་ཞན་ནས་སྟོབས་ལྡན་དུ་འཕེལ་རྒྱས་སོང་བ་རེད། མ་གཞི་དང་ཐོག་གོ་མིང་ཏང་གིས་རྒྱ་ནག་གི་འཕེལ་རྒྱས་ལ་བཙན་པོའི་སྒོ་ནས་དྲག་གནོན་གྱི་ཐབས་ལམ་སྤྱད་པ་ཡིན་ནའང་། གོ་མིང་ཏང་གིས་མི་དམངས་ཀྱི་འཚོ་བ་ཡར་རྒྱས་འགྲོ་བའི་སྲིད་ཇུས་ནམ་ཡང་འདོན་ཐུབ་མེད། དེའི་རྐྱེན་གྱིས་དམངས་སེམས་གུང་ཁྲན་ཏང་གི་ཆབ་སྲིད་ལམ་ལུགས་ཀྱིས་་ཡིད་དབང་ཕྲོགས་ཡོད། གོ་མིང་ཏང་གིས་དེ་སྔོན་སྟོབས་དང་ལྡན་པའི་དམག་ཤུགས་བེད་སྤྱད་ནས་རྒྱ་ནག་གུང་ཁྲན་རིང་ལུགས་རྩ་མེད་གཏོང་དུས། རི་འགོག་དམག་འཁྲུགས་ལངས་པ་རེད། དེའི་ཚེ་ན་རྒྱ་ནག་གུང་ཁྲན་སླར་ཡང་དབུགས་གཏོང་ལེན་བྱ་རྒྱུའི་གོ་སྐབས་ཐོབ་པ་རེད།དེ་ནས་གོ་མིང་ཏང་གིས་རྒྱ་ནག་སྐམ་ས་དབང་སྒྱུར་བྱེད་མ་ཐུབ་པར་རྒྱུན་ཆད་མེད་པར་འཕེལ་རྒྱས་སོང་ཡོད། ཁ་གསལ་བྱས་ཏེ་བཤད་ན།
ཐོག་མར་རྒྱ་ནག་གཞུང་གིས་མི་དམངས་ཀྱི་བསམ་བློ་ཚུར་འགུག་ཐུབ་པའི་སླད་དུ་རྒྱ་ཆེའི་མི་དམངས་ཀྱི་ཡིད་སེམས་ཁེངས་པའི་ལས་ཀ་འགའ་ཤས་བྱས་པ་རེད། ཡིན་ནའང་རྒྱ་ནག་གུང་ཁྲན་ག་ལེ་ག་ལེའི་ངང་མི་གཅིག་གིས་སྒེར་གཅོད་དང་། ཚོགས་པ་གཅིག་གིས་དབང་སྡུད་བྱེད་པའི་ལམ་དུ་ཕྱོགས་པ་རེད། མི་སྒེར་དང་ཚོགས་སྡེའི་ཁེ་དབང་གི་ཆེད་དུ་འཐབ་རྩོད་བྱེད་པ་དང་། མི་དམངས་ནང་ཁུལ་གྱི་འཐབ་རྩོད་བླངས་པ་རེད། གྲལ་རིམ་ཆ་བགོས་བྱས་ཏེ་གྲལ་རིམ་མི་འདྲ་བའི་མི་དམངས་དབར་ལ་འཐབ་རྩོད་བྱེད་པ་སོགས་ཀྱིས་མི་དམངས་དུས་རིང་ཞིག་སྐྱ་མདོག་གི་འཇིགས་སྣང་ནང་གནས་དགོས་པ་བྱུང་བ་རེད། དེ་དང་མཉམ་དུ་གུང་ཁྲན་ནང་ཁུལ་གྱི་ཅུང་དྲང་བདེན་དང་བསམ
་ཤེས་ཅན་གྱི་མི་སྣ་དང་ཐལ་དྲགས་པའི་སྒེར་གཅོད་ཚོགས་པའི་དབར་གྱི་འཐབ་རྩོད་ཀྱང་གཡས་འཇགས་གཡོན་
ལངས་བྱས། དེའི་རྐྱེན་གྱིས་སྐབས་དེར་རྒྱ་ནག་དུ་མ་གཞི་བཀས་བཀོད་རྒྱུད་འཛིན་དང་། དམག་ཤེད་ཅན། དེ་བཞིན་སྒེར་གཅོད་ཅན་གྱི་དཔོན་ངན་བཅས་མགོ་རྟིང་བསློགས་ཚར་ནའང་། གཞི་རྒྱ་ཆེ་ཞིང་ཧ་ཅང་རུལ་སུངས་ཅན་གྱི་བཀས་བཀོད་རྒྱུད་འཛིན་གྱི་ཚོགས་པར་གདོང་གཏོད་དགོས་པ་བྱུང་། འདི་ཚོ་ནི་བཀས་བཀོད་རྒྱུད་འཛིན་དུས་སྐབས་ཀྱི་རྒྱལ་པོ་ཆེ་མ་ཆུང་གསུམ་ཚོ་རེད་ཟེར་ཆོག གུང་ཁྲན་ཏང་གི་ཐབས་མཁས་ཤོས་ཀྱི་དབང་སྒྱུར་སྲིད་ཇུས་ཞིག་ནི་མི་དམངས་བཏང་འཛིན་བྱེད་རྒྱུ་དེ་རེད། མི་དམངས་ཀྱི་ནུས་སྟོབས་སྤྱད་ནས་གུང་ཁྲན་ཏང་གི་སྒེར་གཅོད་ལ་སྲུང་སྐྱོང་བྱ་འཇུག་རྒྱུ་དེ་རེད། ཡིད་སྐྱོ་དགོས་པ་ནི་དེང་དུས་རྒྱ་ནག་པ་གང་མང་ཞིག་ནས་ད་དུང་ཡང་སྒེར་གཅོད་སྲིད་གཞུང་འདིེར་བརྩི་བཀུར་བྱེད་ཀྱི་ཡོད། མི་དམངས་ཚོ་སྔ་བར་ཕྱི་གསུམ་དུ་གུང་ཁྲན་ཏང་གིས་རྒྱལ་ཁའི་ངང་ཡོངས་སུ་མགོ་སྐོར་བསླུ་བྲིད་བྱས་ཡོད། གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ནང་ཁུལ་གྱི་འགལ་ཟླ་བཀོལ་ནས་གཅིག་སྡུད་པའི་དབང་སྒྱུར་ལ་སྲུང་སྐྱོབ་བྱེད་དུ་བཅུག་པ་ནས་འཕེལ་རྒྱས་སོང་སྟེ། ད་ལྟའི་མི་རིགས་རིང་ལུགས་ལ་ཁ་གཡར་ནས་ཕྱིའི་སྟོབས་ཤུགས་ལ་འགྲན་རྒོལ་བྱེད་ཀྱི་ཡོད། རྒྱ་ནག་གུང་ཁྲན་གྱིས་མི་དམངས་དབར་གྱི་འགལ་འདུ་སྤྱད་དེ་མགོ་གཡོག་མགོ་སྐོར་གྱི་བྱ་བར་ཧ་ཅང་མཁས་འཇོན་ལྡན་པས་དང་ཐོག་ཁོ་པས་མི་རིགས་དབར་གྱི་འགལ་འདུ་སློང་གི་ཡོད། འོན་ཏེ་དེའི་མཇུག་ནས་བཅོས་མའི་སེམས་བཟང་གི་སྒོ་ནས་དྲང་བདེན་གྱི་རྣམ་པར་བརྫུས་ཏེ་འགའ་ཟླ་ཆགས་པའི་མི་རིགས་དེ་དག་བར་འདུམ་བྱེད་ཀྱི་ཡོད། འོན་ཀྱང་བློ་ཕམ་པ་ཞིག་ལ་འགལ་ཟླ་ཤོར་བའི་མི་རིགས་དེ་དག་གི་འཁོན་འགྲས་གཏིང་ཟབ་ཆགས་ཚར་བ་རེད། རྒྱ་ནག་གཞུང་གིས་ནོར་བ་ཅན་གྱི་མི་རིགས་སྲིད་ཇུས་དང་སྦྲགས་ཏེ་དངོས་དོན་དང་འོས་འཚམ་མིན་པའི་སྒོ་ནས་ལག་བསྟར་བྱས་སྟབས།
མི་རིགས་མང་པོ་ཞིག་ལ་འགལ་འདུ་ཆགས་པ་རེད། དེའི་རྐྱེན་གྱིས་དཀའ་རྙོག་ཅན་གྱི་མི་རིགས་གནད་དོན་གཅིག་མིན་གཉིས་མིན་ངང་ཐོན་པ་རེད། དཔེར་མཚོན་ན། སྔ་རྗེས་ནང་བོད་ལ་དོན་རྐྱེན་ཆེན་པོ་ལྷག་པ་དེ་དག་གིས་རྒྱ་ནག་སྲིད་དབང་བཙུགས་ཚུན་ཏན་ཏིག་གིས་མི་རིགས་ཁག་གི་ཆོས་དད་དང་ཁེ་ཕན་ལ་མནོ་བསམ་གཏོང་མྱོད་མེད་པའི་བདེན་དཔང་གསལ་པོ་མཚོན་པ་ཙམ་མ་ཟད། མི་རིགས་སྲིད་ཇུས་ལ་ཡང་ནན་ཏན་གྱི་སྒོ་ནས་ཞིབ་འཇུག་དང་ལག་ལེན་བཏབ་མེད། ཁོང་ཚོ་རང་གིས་གཏན་ལ་ཕབ་པའི་མི་རིགས་སྲིད་ཇུས་ལ་ཡང་ཅུང་བཟང་བའི་སྒོ་ནས་ལག་ལེན་དུ་འདེབས་མ་ཐུབ། རྒྱུ་མཚན་འདིའི་རྐྱེན་གྱིས་རྟག་པར་ཕྱི་ངོས་ཀྱི་དངུལ་ལོར་བསླུ་བྲིད་དང་། ཡང་ན་བཙན་ཤུགས་ཀྱིས་དྲག་གནོན་བྱེད་པའི་ལམ་ཁ་འདི་བེད་སྤྱོད་བྱེད་ཀྱི་ཡོད། འདི་ལྟ་བུའི་བྱ་ཐབས་ཀྱིས་མི་རིགས་ཀྱི་དོན་དངོས་གནད་དོན་ནམ་ཡང་ཐག་གཅོད་བྱ་ཐུབ་ཀྱི་མ་རེད། དཔེར་ན། ངས་ཧ་ཅང་སླ་བའི་དཔེ་མཚོན་ཞིག་བཀོད་ན། རྒྱ་ནག་གཞུང་གིས་དུས་རྟག་ཏུ་ཧ་ཅང་ཐ་ཤལ་བའི་བརྗོད་ཚིག་གིས་བོད་མི་ཡོངས་ལ་དམའ་འབེབས་བྱེད་ཀྱི་ཡོད་པ་དང་། ཐ་ན་བོད་བརྒྱུད་ནང་པ་ཡོངས་ཀྱི་སེམས་ཀྱི་བརྟེན་ས་དང་། རླབས་ཆེན་གྱི་སྐྱབས་མགོན༸ཏཱ་ལའི་བླ་མ་ནི་བོད་མི་ཡོངས་རྫོགས་ཀྱི་རྣམ་ཤེས། བོད་མའི་སེམས་ཁམས་ན་མཛའ་བརྩེ་ཟབ་པའི་སེམས་ཀྱི་ནོར་བུ་འདི་ལ། རྒྱ་ནག་གིས་དུས་རྟག་ཏུ་གདུག་རྩུབ་ཀྱི་ཚིག་མཚོན་ཅི་རིགས་བཏབ་པ་རེད། བསམ་བློ་ཞིག་ཐོངས་དང་།
རྒྱ་ནག་གཞུང་གིས་བོད་མི་རིགས་ལ་བརྩི་བཀུར་བྱེད་ཀྱི་འདུག་གམ། འོན་ཏེ་ང་ཚོ་བོད་པ་ཚོས་ད་ལྟའི་བར་ཅི་འདྲའི་དཀའ་སྡུག་མྱངས་ནའང་རྒྱ་མི་རིགས་ཀྱི་གོང་མ་དམ་པ་སུ་ཞིག་ལ་ཕར་རྒོལ་བྱས་པ་མེད། དཔེར་ན།
ཡན་ཏིས་དང་ཧང་ཏིས་སོགས། ཡིན་ནའང་གུང་ཁྲན་ཏང་གིས་དུས་ད་ལྟ་ཡང་ཐ་ཤལ་ཁྲེལ་མེད་ཀྱི་སྒོ་ནས་བོད་མི་
རིགས་ཀྱི་སྐྱབས་མགོན་དམ་པ་ལ་ཡང་དམའ་འབེབས་བྱེད་ཀྱིན་ཡོད། དེ་དང་མཉམ་དུ་ཀླད་པ་སྟོངས་པའི་གཞོན་
ནུ་ཅོར་མགོ་ཁ་ཤས་གཡམ་རྒྱུགས་བྱས་ནས་འུར་ཟིང་རྒྱག་གི་ཡོད། ངས་བསམས་ན་མ་འོངས་པར་བོད་མིའི་སེམས་ཀྱི་རྨ་ཁ་དེ་ཇེ་ཞན་ཇེ་སྡུག་ཏུ་འགྱུར་གྱི་རེད། དེ་དང་མཉམ་དུ་རྒྱ་གཞུང་གིས་མི་དགའ་བའི་རྣམ་པ་ཤུགས་ཆེ་རུ་གཏོང་གི་རེད། གུང་ཁྲན་ཏང་གིས་དུས་ནམ་ཡང་བོད་རྒྱ་ཆེའི་མི་དམངས་ཀྱི་སེམས་པ་འགུགས་ཐུབ་ཀྱི་མ་རེད། དེར་བརྟེན་ལོ་རྒྱུས་ཀྱི་ཕྱོགས་གང་ཐད་ནས་བལྟས་པ་ཡིན་ནའང་བཙན་དྲག་གིས་མི་དམངས་བཏང་འཛིན་བྱས་པ་ཡིན་ན། དུས་ནམ་ཡང་གནད་དོན་གྱི་རྩ་བ་ཐག་གཅོད་བྱ་ཐུབ་ཀྱི་མ་རེད། གོང་དུ་བརྗོད་པའི་ལོ་རྒྱུས་ཀྱི་བྱུང་བ་དེ་དག་ལས་ང་ཚོས་མཐོང་ཐུབ་པ་ནི། དོན་དངོས་ཐོག་རྒྱ་ནག་གི་དམངས་གཙོ་འདི་རྒྱ་ཆེའི་མི་དམངས་སོ་སོ་རང་ཉིད་ནས་ཇི་ལྟར་བྱས་ཏེ་རང་དབང་ལ་ཁ་ལོ་བསྒྱུར་རྒྱུ་དེ་རེད།
རྒྱུན་རིང་གི་ལོ་རྒྱུས་ལ་བལྟས་པ་ཡིན་ན། ད་ལྟའི་བར་རྒྱ་ནག་མི་དམངས་རྣམས་སྔ་བར་ཕྱི་གསུམ་དུ་རང་སོ་སོའི་ཆབ་སྲིད་མདུན་ལྗོངས་ཁ་ལོ་བསྒྱུར་རྒྱུར་མཁས་འཇོན་ལྡན་མེད། ག་དུས་ཡིན་ན་ཡང ༼ ང་བདེ་ན་གནམ་འོག་གནད་དོན་བདེ ༽ ཟེར་གྱི་ཡོད། བཟོད་ཐབས་མེད་པ་ཞིག་གི་ས་མཚམས་ན་མ་སླེབས་བར་མིས་བཅད་པའི་ཚད་ཐིག་གི་འཁོར་རྒྱའི་ནང་ནམ་ཡང་འཛུལ་འོང་གི་མེད། དབང་སྒྱུར་བས་མི་དམངས་ཀྱི་སེམས་ཁམས་རྟོགས་ཐུབ་ཀྱི་ཡོད་པས་ཞི་དྲག་གཉིས་ཚོགས་ཀྱིས་ནུས་ལྡན་ངང་མི་དམངས་ཚོད་འཛིན་བྱས་ཡོད། དཔེར་ན།རིག་གནས་གསར་བརྗེ་ཆེན་མོ་ཡང་དོན་དངོས་ཐོག་རྒྱ་གཞུང་གི་སྲིད་ཏང་མགོ་པ་ཚོས་རང་ཉིད་ཀྱི་ཁེ་ཕན་ཆེད་བསླངས་པ་ཞིག་རེད། རྒྱ་ནག་གི་དཔལ་ཡོན་དང་མི་དམངས་ལ་ནམ་ཡང་གསབ་ཐབས་བྲལ་བའི་གོད་ཆག་ཚབས་ཆེན་ཐེབས་པ་རེད། འོ་ནའང་རིག་གསར་རྗེས་ནས་གུང་ཁྲན་ཏང་གིས་ཞི་ལྷོད་ཀྱི་འཇམ་འདུལ་སྲིད་ཇུས་ལག་ཐབས་སྤྱད་ནས་བབ་ཆགས་ཀྱི་མི་དམངས་རྣམས་ལ་རིག་གསར་ནི་ཆེས་ཉུང་ཤས་ཀྱི་སྡིག་ཏོ་བས་ལྐོག་གཤོམ་བྱས་ནས་ཟིང་བསླངས་བ་ཞིག་ཡིན་པར་ཡིད་ཆེས་སྐྱེ་རུ་བཅུག གང་ལྟར་ཀྱང་རྒྱ་ནག་མི་དམངས་རྣམས་ཐོག་མཐའ་བར་གསུམ་དུ་རྒྱ་ནག་གུང་ཁྲན་གྱིས་མགོ་གཡོག་པ་རེད། དངོས་གནས་བྱས་ན་ད་ལྟ་གཉིད་སད་དགོས་པའོ་དུས་ལ་བབས་ཡོད། ཡིད་སེམས་སྐྱོ་དགོས་པ་ཞིག་ལ་དུས་ད་ལྟ་ཡང་མི་འགའ་ཤས་ཀྱིས ༼ ཀྲུང་གོ་གུང་ཁྲན་ཏང་ཡོད་ན་གཞི་ནས་ཀྲུང་གོ་སྐྱོབ་ཐུབ ༽ ཅེས་པའི་འདྲེ་སྐད་འདིར་ཡིད་རྟོན་བྱེད་མཁན་ཡོད། དེ་ལྟ་ན། ཏང་མི་ཁྲི་སྟོང་ཚོ་བརྒལ་བ་དེ་དག་ཕུད་པའི་དུང་ཕྱུར་བཅུ་གྲངས་ཀྱི་རྒྱ་ནག་མི་དམངས་འདི་ཚོ་ག་རེ་བྱེད་མཁན་ཡིན་པ་རེད། ཁྲི་སྟོང་ཚོ་བརྒལ་བའི་གུང་ཁྲན་ཏང་མི་འདི་དག་ཀྱང་དངོས་གནས་དྲང་གནས་ཀྱིས་གུང་ཁྲན་ཏང་ལ་བློ་དཀར་སེམས་དཀར་བྱ་མཁན་རྐྱང་རྐྱང་མ་རེད། འཚོ་གནས་བྱ་ཐབས་ལྟ་བུ་ཞིག་ལས་ཁོ་པ་ཚོའི་ནང་ནའང་དྲང་ཚུགས་ཀྱི་མི་གང་མང་མང་ཡོད། ད་ལྟའི་རྒྱ་ནག་འདི་ཕྱི་ངོས་ནས་བལྟས་ན་སྟོབས་ཤུགས་ལྡན་པ་ཞིག་རེད་ཅེས་ལབ་ཆོག ཡིན་ནའང་སྟོབས་ཤུགས་འདི་ཡང་རྒྱ་ནག་རྒྱ་ཆེའི་མི་དམངས་ཀྱིས་འབད་བརྩོན་ཧུར་སྐྱེད་བྱས་པའི་གྲུབ་འབྲས་རེད། ཁྲི་སྟོང་ཚོ་བརྒལ་བའི་དཔོན་ངན་ཚོགས་པ་དེ་དག་ཀྱང་མི་དམངས་ཀྱིས་གསོས་ནས་ཡོད་པ་རེད། གལ་ཏེ་རྒྱ་ནག་གུང་ཁྲན་འབའ་ཞིག་གི་མཐུ་ལས་ཀྲུང་གོ་སྟོབས་ལྡན་འགྱུར་བའི་ཆབ་སྲིད་ཀྱི་བློ་མིག་ཡོད་པ་རེད་ཟེར་ན། ངས་བསམས་ན་དེ་ནི་དུང་ཕྱུར་བཅུ་གྲངས་ཀྱི་རྒྱ་ནག་མི་དམངས་ཚོའི་རྣམ་དཔྱོད་ལ་བརྙས་བཅོས་བྱས་པ་རེད་བསམས་ཡོད། གང་ལགས་ཤེ་ན། རྒྱ་ནག་གི་ས་གཞི་ཆེན་པོ་འདིའི་ནང་གི་མི་དམངས་ཚོར་ཅི་སྟེ་རང་དབང་སྤྲད་པ་ཡིན་ན། མི་དམངས་ཀྱི་ཤེས་རབ་ནི་རྫོགས་མཐའ་བྲལ་བ་ཞིག་རེད། ལོ་རྒྱུས་སྟེང་གི ༼ མཁས་བརྒྱ་འགྲན་གླེང ༽ ཟེར་བ་འདི་དཔེ་མཚོན་ཙམ་རེད། མིག་སྔའི་བར་དུ་རྒྱ་ནག་མི་དམངས་ཀྱི་ཆབ་སྲིད་གོ་རྟོགས་ལ་གུང་ཁྲན་ཏང་གི་བཙན་གནོན་དང་འཆིང་སྡོམ་བྱས་ཡོད། མི་དམངས་ཚོའི་སེམས་པ་སྔ་བར་ཕྱི་གསུམ་དུ་འཆིང་རྒྱའི་ནང་དུ་འཚོ་བཞིན་ཡོད་ལ། ཧ་ཅང་འགོག་གནོན་ཆེ་བས་ཡིད་མུག་སྐྱེ་གཞི་ཞིག་རེད། མ་གཞི་གྱ་དགུ་ལོའི་དྲུག་བཞི་ནས་བཟུང་སྟེ་སྔ་རྗེས་སུ་དམངས་གཙོའི་ལས་འགུལ་གྱི་ནུས་པ་གང་འཚམ་ཐོན་ཡོད་ནའང་། དུས་ད་ལྟ་ཡང་རྒྱ་ནག་གུང་ཁྲན་ལ་འགྲན་ཟླ་བྱ་ཐུབ་མེད། ངའི་བསམ་པར། ང་ཚོས་ཟབ་ནན་གྱི་སྒོ་ནས་དོན་གནད་འདིའི་རྐྱེན་རྩ་གང་ལ་ཐུག་ཡོད་མེད་བསམ་གཞིགས་དང་ཞིབ་འཇུག་ནན་ཏན་བྱ་དགོས། མདོར་བསྡུས་ནས་བཤད་ན། རྒྱ་ནག་མི་དམངས་ཡོད་ན་ད་གཟོད་རྒྱ་ནག་དང་རྒྱ་ནག་མི་དམངས་སྐྱོབ་ཐུབ་ཀྱི་ཡོད་པ་ལས། སྒེར་གཅོད་པ་སུ་གང་གི་སྲིད་དབང་སྒྲིག་སྲོལ་གྱིས་སྐྱོབ་ཐུབ་ཀྱི་མ་རེད། སྒེར་གཅོད་སྲིད་དབང་གིས་སྒེར་གཅོད་ཚོགས་པ་དང་སྒེར་གཅོད་མི་སྒེར་ཁོ་ན་སྐྱོབ་ཐུབ་ཀྱི་རེད། དེར་བརྟེན་རྒྱ་ནག་གུང་ཁྲན་ཏང་གིས་རྒྱ་ནག་གུང་ཁྲན་ཏང་རང་ཉིད་འབའ་ཞིག་སྐྱོབ་ཐུབ་ཀྱི་རེད།
ནུབ་ཕྱོགས་དང་རྒྱ་ནག་དམངས་གཙོ་ཅན་དབར་གྱི་འབྲེལ་བ།
མ་གཞི་ངའི་བརྗོད་དོན་ནི་རྒྱ་ནག་དམངས་གཙོ་ཅན་དང་བོད་ཀྱི་འབྲེལ་བའི་སྐོར་ཡིན་ནའང་། རྒྱ་ནག་གི་དམངས་གཙོ་ལ་ཐད་ཀར་ཤུགས་རྐྱེན་དང་ནུས་པ་ཐོན་རྒྱུར་ད་དུང་ཡང་ནུབ་ཕྱོགས་སྤྱི་ཚོགས་ཀྱི་རྣམ་འགྱུར་ལ་རག་ལས་ཡོད།
འོན་ཏེ་བློ་ཕམ་པ་ཞིག་ལ། ནུབ་ཕྱོཊ་སྟོབས་ལྡན་རྒྱལ་ཁབ་རྣམས་ཀྱང་ཚོང་དོན་དང་ཆབ་སྲིད་ཁེ་ཕན་ལ་བརྟེན་ནས་རིམ་བཞིན་ནུས་ཞན་དུ་འགྲོ་བཞིན་ཡོད། ཉེ་བའི་ལོ་བཅུ་གྲངས་ནང་བལྟས་པ་ཡིན་ན། ནུབ་ཕྱོགས་པས་རྒྱ་ནག་གི་དམངས་གཙོའི་ཤུགས་རྐྱེན་ལ་ལངས་ཕྱོགས་དང་སྐས་རིམ་འདྲ་མིན་བརྒྱུད་ཡོད། དཔེ་ཆག་བཞག་ན། སྔ་དུས་སུ་ཐད་ཀར་རྒྱུ་ཤུགས་དང་དངོས་ཤུགས་དེ་བཞིན་ཆབ་སྲིད་ཐོན་ཁུངས་བཅས་བསྒུལ་ནས་རྒྱ་ནག་སྒེར་གཅོད་ལམ་ལུགས་ཀྱི་འཕེལ་རྒྱས་ལ་བཀའ་སྡོམ་བྱེད་ཀྱི་ཡོད། འོན་ཏེ་གོ་མིང་ཏང་ཕམ་ཉེས་སུ་སོང་བའི་ཉེར་ལེན་གྱིས་ནུབ་ཕྱོགས་པའི་སྟོབས་ཤུགས་རྒྱ་ནག་སྐམ་ས་ཆེན་མོ་ནས་ཕྱིར་བསྡུ་བྱས་པ་དང་། དུས་མཚུངས་སུ་བཀག་སྡོམ་དང་འགྲན་རྒོལ་བྱས་ཏེ་གྲང་དམག་གི་དུས་སྐབས་སུ་ཕྱོགས་པ་རེད། ཡིན་ནའང་ཨ་རིའི་ཉིས་ཁེ་སུང་གི་དུས་སྐབས་སུ་འཕྲལ་གྱི་ཆབ་སྲིད་ཁེ་ཕན་ལ་རེ་ནས་ཡོངས་གྲགས་ངང་རྒྱ་ནག་དང་མཐུན་གྲོས་བྱས། འཆི་ཁར་ཕྱོགས་པའི་རྒྱ་ནག་གུང་ཁྲན་སླར་ཡང་རྒྱལ་སྤྱིའི་འཁོར་རྒྱ་རུ་ཁྲིད་དེ་གུང་ཁྲན་ཏང་གི་ཚེ་སྲོག་བསྐྱར་མཐུད་བྱས་པ་རེད། ད་ལྟ་བསམ་ཚེ་བྱེད་སྟངས་དེ་ནི་ཧ་ཅང་གི་མིག་རྒྱང་ཐུང་བའི་རྣམ་འགྱུར་ཞིག་རེད། སྟབས་ལེགས་པ་ཞིག་ལ་དེའི་རྗེས་ནས་ཨ་རིས་གཙོས་པའི་ནུབ་སྡོད་སྤྱི་ཚོགས་ནས་ཡང་ཅིག་ཅུང་མཁྲེགས་པོའི་རྣམ་པ་སྟོན་པ་དང་། དེའི་སྟེང་དུ་ཆབ་སྲིད་ཐད་ནས་འགོག་རྒོལ་འདྲ་མིན་བྱས་པའི་སྟབས་ཀྱིས་རྒྱལ་ཁའི་ངང་སུའུ་ལེན་གཙོ་བོར་གྱུར་པའི་ཤར་ཡོ་རོབ་སྤྱི་ཚོགས་རིང་ལུགས་ཀྱི་དཔུང་ཚོགས་ཁ་ཐོར་ལ་བཏང་བ་རེད། འདི་ནི་མིའི་རིགས་ཀྱི་ལོ་རྒྱུས་ནང་དྲན་གསོ་གཏོང་དགོས་ངེས་ཀྱི་ལོ་དུས་ཤིག་རེད། འདིས་རྒྱ་ཆེའི་ཤར་ཡོ་རོབ་མི་དམངས་ཡུན་རིང་འཇིགས་སྣང་གི་འཚོ་བ་ལས་བཅིངས་འགྲོལ་བཏང་བ་རེད། མི་དམངས་རྣམས་རིམ་པས་དམངས་གཙོ་དང་རང་དབང་ལ་ཕྱོགས་ཐུབ་པ་བྱུང་བ་རེད། མ་གཞི་རྒྱལ་ཁབ་འདི་ཚོའི་དམངས་གཙོའི་ལམ་ལུགས་དེ་ཙམ་གྱིས་ནར་སོན་མེད་ནའང་།
དམངས་གཙོའི་ལམ་བུར་བསྐྱོད་ཟིན་པ་རེད། དེས་ན་ང་ཚོས་ངེས་པར་དུ་སྲིད་འཛིན་ལིང་ཁེན་གྱིས་མཚོན་པའི་ནུབ་ཕྱོགས་རྒྱ་ཆེའི་རིམ་ཁག་གི་མི་དམངས་རྣམས་ལ་བཀའ་དྲིན་རྗེས་ཞུ་དགོས་ངེས་རེད། ཁོ་པ་ཚོས་གཅིག་སྡུད་དཔུང་ཚོགས་ཀྱི་སྟོབས་ཤུགས་ཞུམ་པ་མེད་པར་ཐོག་མཐའ་བར་གསུམ་དུ་རང་དབང་ལ་འདུན་པའི་མི་དམངས་ཚོར་རྒྱབ་སྐྱོར་སྟོབས་ལྡན་བྱས་པ་རེད། དེའི་རྐྱེན་གྱིས་རང་རློམ་ཅན་གྱི་གུང་ཁྲན་གཅིག་སྡུད་ཚོགས་པར་ལོ་རྒྱུས་ཐོག་འགོག་རྒོལ་ཤུགས་ཆེ་ཤོས་དེ་བྱུང་བ་རེད། ད་ལྟའི་བར་དུ་མགོ་མཁྲེགས་ངང་གུང་ཁྲན་རིང་ལུགས་ཀྱི་སྒྲིག་གཞི་སྲུང་སྐྱོང་བྱ་བཞིན་པའི་རྒྱལ་ཁབ་ཚོ་ཡང་ར་བསད་ལུག་འདར་གྱི་དཔེ་ལྟར་བཟོས་པ་རེད། ཡིན་ནའང་གཡོ་ཅན་རྒྱ་ནག་གུང་ཁྲན་གྱིས་རྒྱལ་ཁའི་ངང་ཁོ་པའི་རྒྱུན་བཀོལ་གྱི་ཞི་འཇམ་གཉིས་ཀའི་ཐབས་ཇུས་སྤྱད་དེ་རང་དབང་དང་དམངས་གཙོ་ལ་ལྷག་པར་འདུན་པའི་ཕུལ་བྱུང་མི་སྣ་ཚོར་ཧ་ཅང་གཏུམ་དྲག་ལྡན་པའི་བྱ་ཐབས་ལག་བསྟར་བྱས་པ་རེད། དེ་དང་མཉམ་དུ་འགལ་བ་ཅི་ཡོད་ནུབ་ཕྱོགས་རྒྱལ་ཁབ་ལ་ཁ་གཏད་ནས་མི་དམངས་ཀྱི་མཐོང་ཐོས་དང་མཉམ་བསྲེས་བྱས་ནས་མགོ་སྐོར་གཏོང་བ་དང་། བབ་ཆགས་ཀྱི་རྒྱ་ཆེ་མི་དམངས་རྣམས་ཡང་ཅིག་མགོ་གཡོག་མགོ་སྐོརལ་བཏང་བ་རེད། གུང་ཁྲན་ཏང་གི་དཔལ་འབྱོར་ཐད་ཀྱི་དམིགས་བསལ་སྲིད་ཇུས་ཀྱིས་དཔོན་ངན་ཟ་རྔམ་ཅན་འབོར་ཆེན་ཞིག་བཟོ་སྐྲུན་བྱས་པ་མ་ཟད། ད་དུང་རྒྱ་ཆེའི་མི་དམངས་རྣམས་དཔལ་འབྱོར་གཅིག་པུའི་གུ་ཡངས་ཅན་གྱི་ཁྱབ་ཁོངས་འདི་ནས་ཀླད་པ་ཆུ་བཤལ་བྱས་པ་རེད། ག་ལེ་ག་ལེར་མི་དམངས་ཀྱིས་མངོན་པར་འདུན་པའི་རང་དབང་གི་རིན་ཐང་ལྟ་བ་འབོར་དུ་འཇུག་གི་ཡོད། མི་སེམས་སྐྱོ་དགོས་པ་ཞིག་ལ། རྒྱ་ནག་གི་དཔལ་འབྱོར་ནུས་སྟོབས་དང་དམག་ཤུགས་ཇེ་ཆེར་འགྲོ་བཞིན་པ་དང་བསྟུན་ནས་ནུབ་ཕྱོགས་པའི་རྣམ་འགྱུར་ཡང་འགྱུར་བ་འགྲོ་གིན་ཡོད་པ་འདི་རེད། སོ་སོའི་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཁོ་ནའི་ཁེ་ཕན་ལ་གཙིགས་འཛིན་བྱེད་ཀྱི་ཡོད་པ་ལས། འགྲོ་མིའི་ཐོབ་ཐང་དང་དམངས་གཙོར་རྒྱབ་སྐྱོར་བྱ་རྒྱུར་ཕྱིའི་རྣམ་པ་ཙམ་དུ་ལུས་ཡོད།
ཨ་ཅང་ཅང་གུང་ཁྲན་ཏང་རང་ཉིད་ཀྱིས་ཀྱང་བྱེད་བབས་འདི་ཧ་གོ་ནས་ཡོད་པ་རེད། དེའི་དབང་གིས་དཔལ་འབྱོར་གྱི་ནུས་པ་ལ་བརྟེན་ནས་ནུབ་ཕྱོགས་པའི་དམངས་གཙོའི་ཤུགས་རྐྱེན་ལ་མགོ་གནོན་བྱེད་ཀྱི་ཡོད། ད་ཆ་ནུབ་ཕྱོགས་པའི་རྒྱལ་ཁབ་ཏུ་སོ་སོའོ་ས་ཆ་ན་དམངས་གཙོ་དང་རང་དབང་གི་རིན་ཐང་ལྟ་བ་གླེང་གིན་ཡོད་ནའང་། ཁོང་ཚོའི་ཚོང་དོན་ཟླ་བོར་རང་དབང་དང་དམངས་གཙོའི་སྐོར་ལབ་གླེང་བྱ་རྒྱུའི་བློ་སེམས་འཆང་གི་མེད། རྒྱ་ནག་གུང་ཁྲན་གྱིས་རིམ་པས་སྨྲ་བརྗོད་རང་དབང་བཙན་འཕྲོག་བྱེད་ཀྱི་རེད། ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་ལ་དཔལ་འབྱོར་རྟེན་ཐབས་ཅི་ཙམ་བྱེད་ཀྱི་ཡོད་པ་དེའི་ཚོད་ཀྱིས་ཕྱོགས་གཉིས་ཀྱི་དཔལ་འབྱོར་འགྲོ་འོང་ཀྱང་གཏིང་ཟབ་ཏུ་འགྲོ་གི་ཡོད། དེའི་ཚེ་ན་རྒྱལ་ཁབ་འདི་ཚོ་དང་སྒེར་གཅོད་ཅན་གྱི་རྒྱ་ནག་གུང་ཁྲན་རྒྱལ་ཁབ་ཀྱི་སྲིད་དབང་སྒྲིག་གཞིའི་དབར་ཁེ་ཕན་ཐད་ཀྱི་རོགས་ཟླ་བཟང་པོ་ཆགས་པ་རེད། ཁོང་པ་ཚོའོ་ཚོང་ལས་འགྲོ་འོང་དེས་རྒྱ་ནག་གུང་ཁྲན་གྱི་གཅིག་སྡུད་སྲིད་དབང་ལ་ཧ་ཅང་གྱ་ནོམ་པའི་སྒེར་གཅོད་ཐོན་ཁུངས་ལག་པར་ཐོབ་ཡོད་པ་མངོན་གསལ་དོད་པོ་རེད། དེ་ལ་བརྟེན་ནས་ནུབ་ཕྱོགས་པའི་སྟོབས་ལྡན་གྱི་དམངས་གཙོའི་རྒྱལ་ཁབ་དེ་དག་ཀྱང་བརྒྱུད་པའི་སྒོ་ནས་རྒྱབ་སྐྱོར་བྱ་མཁན་ཞིག་ཏུ་གྱུར་ཡོད། ད་ལྟ་ཡིད་སེམས་སྐྱོ་སྡུག་གིས་མནར་འོང་བ་ཞིག་ལ། ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་ཚོའི་རང་དབང་གི་རིན་ཐང་ལྟ་བ་ཡང་རྒྱ་ནག་གུང་ཁྲན་གྱི་བཙན་གནོན་ཕོག་བཞིན་ཡོད། འདི་ནི་ཁོ་པ་ཚོའི་དཔལ་འབྱོར་ཁེ་དབང་འབའ་ཞིག་ལ་བསམས་ནས་རྒྱལ་ཁབ་ཀྱི་ལ་རྒྱ་དགོས་ཀྱི་མེད་པར་ལན་པ་རེད། གཅིག་བྱས་ན་འདི་ནི་དཔལ་འབྱོར་ཁེ་ཕན་གཙོ་བོ་འཛིན་པ་ལས་བྱུང་བའི་མཇུག་འབྲས་ཡིན་གྱི་རེད།
བོད་དང་རྒྱ་ནག་དམངས་གཙོའི་དབར་ཕན་ཚུན་སྐུལ་སྤེལ་གྱི་ནུས་པ།
ལོ་རྒྱུས་ཐོག་བོད་དང་རྒྱ་ནག་དབུས་རྒྱུད་ས་ཁུལ་ཧ་ཅང་རིང་བའི་རིག་གནས་ཀྱི་འབྱུང་ཁུངས་ཡོད། བོད་ཀྱི་རིག་གནས་དང་རྒྱ་ནག་དབུས་རྒྱུད་ས་ཁུལ་གྱི་དཔལ་ཡོན་བར་ཕན་ཚུན་བསམ་བློ་བསྒྱུར་བཅོས་བྱེད་པའི་ནུས་པ་ཐོན་ཡོད།
ལྷག་པར་དུ་བོད་ཀྱི་ནང་ཆོས་རིག་གནས་ཀྱིས་གནའ་སྔ་མོ་ནས་ད་ལྟ་བའི་བར་རྒྱ་ཆེའི་རྒྱ་ནག་མི་དམངས་ལ་དམིགས་བསལ་གྱི་ནུས་པ་ཐོན་ཡོད། ནང་ཆོས་ནི་ཚན་རིག་པའི་ངོས་ཐད་ནས་གླེང་ན་སྒེར་སེམས་མེད་པ་དང་། བྱམས་པ། བརྩེ་བ། ཚེ་སྲོག་ལྡན་ནོ་ཅོག་ལ་བརྩི་བཀུར་བྱ་མཁན་གྱི་རླབས་ཆེན་མཚན་ཉིད་རིག་པ་ཞིག་རེད། འདིས་ནི་ཆབ་སྲིད་འཚོ་བའི་ནང་གི་དམངས་གཙོ་དང་རང་དབང་གི་འཁོར་རྒྱ་ལས་རྦད་དེ་འགོངས་ཡོད་ལ་དེ་དག་ལས་ཀྱང་རྒྱ་ཆེ་གཏིང་ཟབ་རེད། ཏག་ཏག་འདི་ལྟ་བུའི་གཟེངས་ཐོན་ཁྱད་ཆོས་ལྡན་པའི་རྒྱུ་མཚན་གྱིས་སྔ་བར་ཕྱི་གསུམ་དུ་གུང་ཁྲན་ཏང་གིས་བཙན་གནོན་དང་ཚད་བཀག་བཟོས་པ་རེད། མི་དམངས་རྣམས་རང་སོ་སོ་བསམ་བློའི་སྟེང་ནས་བཅིངས་འགྲོལ་བྱ་ཐུབ་རྒྱུར་གུང་ཁྲན་ཏང་ཆེས་ཤིན་ཏུ་འཇིགས་སྣང་སྐྱེ་གི་ཡོད། དེའི་དབང་གིས་སྐྱབས་མགོན་ཟེར་བ་སུ་གང་ཁས་ལེན་བྱེད་ཀྱི་ཡོད་པ་མ་རེད། དེར་བརྟེན་སྐྱབས་མགོན་དུ་འཁྲབ་སྟོན་བྱ་མཁན་གྱི་རྒྱ་ནག་གུང་ཁྲན་པའི་སྲིད་དབང་ལམ་ལུགས་འདིས་ཁོ་པའི་ནུས་མཐུ་ཡི་ཚབ་བྱེད་ཐུབ་མཁན་སུ་ཡང་མཐོང་འདོད་བྱེད་ཀྱི་མེད་པ་ཨ་ཅང་ཅང་རེད། ནང་ཆོས་ཀྱིས་འགྲོ་བ་མིའི་རིགས་རང་སྟེང་ནས་སོ་སོའི་བསམ་བློ་གྲོལ་དགོས་པ་གཙོར་འདོན་བྱེད་ཀྱི་ཡོད་ལ། དེ་ལ་བརྟེན་ནས་རྟག་བརྟན་གྱི་བདེ་དགའ་ཐོབ་ཀྱི་ཡོད།
དེའི་རྐྱེན་གྱིས་རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱིས་ད་ལྟའི་བར་དཔའ་མི་ཞུམ་ཞིང་གཉའ་མི་ཆག་པར་རྒྱ་ནག་གུང་ཁྲན་དང་འཐབ་རྩོད་བྱེད་དོན་དེར་ཐུག་པ་དང་། འདི་ལྟ་བུའི་རླབས་ཆེན་གྱི་སྙིང་སྟོབས་ཡོང་གཞི་ཡང་ནང་ཆོས་ལ་ཐུག་ཡོད་པ་རེད།
འདི་ཡང་རྒྱ་ནག་གུང་ཁྲན་གྱིས་མི་ལོ་བཅུ་གྲངས་རིང་ཅིའི་ཕྱིར་དུ་འཇམ་རྩུབ་ཟུང་སྦྲེལ་བྱས་ནས་བོད་བརྒྱུད་ནང་བསྟན་ལ་ལོ་རྒྱུས་སྟེང་ཆེས་གདུག་རྩུབ་ཆེན་པོས་གཏོར་བཤིག་དང་བཙན་གནོན་བྱས་པའི་རྐྱེན་རྩ་རེད། ཡིན་ནའང་འདི་ལྟ་བུའི་རླབས་ཆེན་གྱི་དཔལ་ཡོན་འདི་ནམ་ཡང་རླབས་ཆེན་གྱི་མི་རིགས་འདི་དང་མཉམ་འགྲོགས་བྱས་ཡོད། རིག་གནས་འདི་
རྒྱ་ནག་གུང་ཁྲན་གྱིས་རྩ་མེད་གཏོང་མ་ཐུབ་པ་མ་ཟད། དེ་ལས་ལྡོག་ཏེ་ཆེས་ཆེར་དར་འཕེལ་བྱུང་ནས་འུ་ཅག་གི་འཚོ་གནས་བྱ་སའི་རྒྱུ་སྐར་རིལ་མོ་འདིའི་གྲུ་ཟུར་གང་ནའང་དར་ཁྱབ་བྱུང་ཡོད། དེ་འདྲ་ཡིན་པས། གལ་ཏེ་དངོས་གནས་དྲང་གནས་མི་རྣམས་ཀྱི་རྣམ་དཔྱོད་ལས་ཁོལ་དུ་ཕྱུང་བ་ལས་བྱུང་བའི་ཤེས་རིག་ཉིང་ཁུ་ཞིག་ཡིན་ཚེ། ལས་སླ་པོའི་སྒོ་ནས་ཉམས་ཞན་དང་རྩ་མེད་གཏོང་ཐུབ་ཀྱི་མ་རེད་ལ་ལྡོག་ཏེ་འཛམ་གླིང་ཡོངས་ཀྱིས་བརྩི་བཀུར་ཐོབ་ཀྱི་རེད།
ངའི་གཅེས་པར་འོས་པའི་མི་རིགས་འདི་བྱུང་རབས་ནང་ཧ་ཅང་གི་སྟོབས་འབྱོར་མངའ་ཐང་རྒྱས་མྱོང་། དེའི་ཚེ་དེ་རིང་ཁ་སང་གི་ཨ་རི་དང་འདྲ་བ་རེད། ཡིན་ནའང་དེ་ནི་དཔལ་འབྱོར་དང་དམག་དོན་ཁོ་ནའི་དར་རྒྱས་ཤིག་ཡིིན་དུས། འདི་འདྲའི་རིགས་ཀྱི་སྟོབས་འབྱོར་དེ་ནམ་ཡང་ཉམས་ཉེས་མེད་པར་གནས་སྡོད་བྱ་ཐུབ་ཀྱི་མ་རེད། འདི་འདྲ་ལ་བསམས་སྟེ་ང་ཚོའི་མེས་པོ་གོང་མ་ཚོས་ནང་བསམ་པའི་སྟོབས་འབྱོར་འཚོལ་སྙེག་བྱ་མགོ་བརྩམས་པ་རེད། གང་ལགས་ཤེ་ན། འདི་ལྟ་བུའི་སྟོབས་འབྱོར་ནི་དོན་དམ་གྱི་ནུས་སྟོབས་དང་ཕུགས་བརྟན་ཡོད་པས་ཡིན་ལ་དོན་དངོས་ནས་ཀྱང་དངོས་ར་འཕྲོད་ཀྱི་ཡོད།
ངའི་གཅེས་པར་འོས་པའི་མི་རིགས་འདིར་དཀའ་སྡུག་དང་ངལ་བ་ག་འདྲ་ཞིག་ཐོག་ཏུ་བབས་ནའང་། ནམ་ཡང་འདི་
ལྟ་བུའི་རླབས་ཆེན་གྱི་བསམ་པའི་རྒྱགས་ཕྱེ་ཞིག་ཁུར་ནས་སོ་སོ་རང་ཉིད་བསྐྱབས་ཏེ་འོང་། ཐ་ན། རང་སོ་སོའི་གདུག་
རྩུབ་ཅན་གྱི་སྡང་དགྲ་ལ་ཡང་བྱམས་སེམས་ཀྱིས་གདོང་བསུ་བྱེད་པ་འདི་ནི། གངས་ལྗོངས་ཀྱི་རླབས་ཆེན་དབུ་ཁྲིད༸གོང་ས་ཏཱ་ལའི་བླ་མས་སྐྱོད་ཀྱིན་པའི་ཞི་བདེའི་ལམ་བུ་རེད། ངས་བསམས་ན་འཛམ་གླིང་འདིའི་སྟེང་ཅིས་ཀྱང་མི་སེམས་མེད་མཁན་ནམ་ཡང་ན་ལྐུགས་པ་ལུག་ལྟར་དུ་ཆགས་པའི་མི་བུ་འདྲ་ཡིན་ན་མ་གཏོགས་དེ་མིན་དུས་རབས་ཀྱི་མི་ཕོ་དམ་པ་འདིར་འགོག་རྒོལ་བྱ་མཁན་ཡོད་ཀྱི་མ་རེད་འདོད་ཡོད། ངས་ཧ་ཅང་ཡིད་བརྟན་འཕེར་པོའི་སྒོ་ནས་ཡིད་ཆེས་ཆོག་པ་ནི་འདི་ལྟ་བུའི་རྒྱ་ནག་གུང་ཁྲན་གྱི་གཅིག་སྡུད་པ་ཚོས་བོད་མི་རེ་ངོ་རེའི་སེམས་པའི་ཟབ་ས་ན་འཚོ་བཞིན་པའི་རླབས་ཆེན་གྱི་རིག་པའི་གཞུང་ལུགས་ཏེ ༼ ནང་ཆོས ༽ ཀྱི་ཚེ་སྲོག་བཅོམ་ཐུབ་ཀྱི་མ་རེད། ཅིའི་ཕྱིར་ཞེ་ན། རིག་གཞུང་འདི་བོད་མི་ཚོའི་རྣམ་ཤེས་དང་འདྲེས་ཚར་ཡོད་པས་ཡིན།
མཚམས་འདིེར་གླེང་དུས་ངའི་བསམ་པར་གལ་ཏེ་མི་སྒེར་རམ་ཚོགས་པ་སུ་ཞིག་གིས་བོད་ཀྱི་གནད་དོན་ལ་
གདོང་ལེན་བྱ་དགོས་ཀྱི་ཡོད་ན། ངེས་པར་དུ་ཧ་ཅང་ཟབ་ནན་གྱིས་བོད་ཀྱི་ནང་པའི་རིག་གཞུང་ལ་མདུན་བསུ་བྱ་དགོས།
ཅི་སྟེ་རིག་གཞུང་འདིར་བརྩི་བཀུར་བྱས་པ་ཡིན་ན། ད་གཟོད་བོད་མི་དམངས་ལ་བརྩི་བཀུར་བྱས་པ་འགྲོ་གི་ཡོད། དེའི་
ཕྱིར་རྒྱ་ནག་གི་དམངས་གཙོའི་སྟོབས་ཤུགས་ཀྱིས་ལྡབ་འགྱུར་གྱི་སྒོ་ནས་བོད་ཀྱི་ནང་པའི་ཆོས་ལུགས་གཙིགས་འཛིན་བྱ་ཐུབ་པ་ཡིན་ན། འབྱུང་འགྱུར་ནང་མཚོ་བོད་ས་མཐོ་ཡོངས་ཀྱིས་རྒྱབ་སྐྱོར་ཐུབ་ཀྱི་རེད། འདི་ནི་ས་སྒང་འདིའི་སྟེང་ཆེས་རྟག་བརྟན་གྱི་རྒྱབ་རྟེན་རེད་ལ་ནམ་ཡང་བོད་རྒྱ་མི་རིགས་ཚོའི་སེམས་པར་ཁེ་ཕན་སྦྱིན་གྱི་རེད། དེ་བཞིན་དུ་དམངས་གཙོ་དང་རང་དབང་ལ་མངོན་པར་ཕྱོགས་པའི་རྒྱ་ཆེ་བའི་བོད་རིགས་མི་དམངས་ཚོས་ཀྱང་རང་དབང་དང་དམངས་གཙོ་ལྡན་པའི་རྒྱ་ནག་ཞིག་འཛམ་གླིང་གི་གར་སྟེགས་ན་གང་མགྱོགས་ངང་ཐོན་ཐུབ་རྒྱུའི་རེ་བ་ཧ་ཅང་ཆེན་པོ་རྒྱག་གི་ཡོད། རྒྱ་ནག་གི་དམངས་གཙོ་དང་རང་དབང་མངོན་འགྱུར་ཡོང་བར་བོད་མི་དམངས་ཀྱིས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་གི་ཡོད། གང་ཡིན་ཟེར་ན། རྒྱ་ནག་དམངས་གཙོའི་ལམ་བུར་བསྙེགས་པ་ཡིན་ན། ད་གཟོད་བོད་མི་དམངས་རྣམས་འགྱུར་བ་འགྲོ་རྒྱུའི་གོ་སྐབས་ཧ་ཅང་བཟང་པོ་ཞིག་རག་གི་ཡོད་པས་ཡིན་ལ་བོད་ཀྱི་གནད་དོན་ལུགས་མཐུན་གྱི་སྒོ་ནས་ཐག་གཅོད་བྱ་ཐུབ་རྒྱུ་ཙམ་མ་ཟད། རྒྱ་བོད་གཉིས་དང་མི་རིགས་གཞན་དག་ལ་བཅས་པར་མི་རབས་ནས་མི་རབས་བར་འཆམ་མཐུན་ངང་གནས་སྡོད་ཐུབ་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་འདིང་ཐུབ་པ་རེད།
ལ་མོ་དགོན་པ་ཚང་། བསྟན་འཛིན་ལམ་བཟང་ནས།
ཕྱི་ལོ ༢༠༡༠ ལོའི་ཟླ་བ ༥ པའི་ཚེས ༢༡ ཉིན་བྲིས།
་་་་ཡིད་སྐྱོ་དགོས་པ་ནི་དེང་དུས་རྒྱ་ནག་པ་གང་མང་ཞིག་ནས་ད་དུང་ཡང་སྒེར་གཅོད་ སྲིད་གཞུང་འདིེར་བརྩི་བཀུར་བྱེད་ཀྱི་ཡོད། །་་་་
་་་དེའི་རྐྱེན་གྱིས་རྒྱ་ ཆེའི་བོད་རིགས་མང་ཚོགས་ཀྱིས་ད་ལྟའི་བར་དཔའ་མི་ཞུམ་ཞིང་གཉའ་མི་ཆག་པར་རྒྱ་ནག་ གུང་ཁྲན་དང་འཐབ་རྩོད་བྱེད་དོན་དེར་ཐུག་པ་དང་། འདི་ལྟ་བུའི་རླབས་ཆེན་གྱི་སྙིང་སྟོབས་ཡོང་གཞི་ཡང་ནང་ཆོས་ལ་ཐུག་ཡོད་པ་རེད། །་་་་
་་་་རྒྱ་ནག་དམངས་གཙོའི་ལམ་བུར་བསྙེགས་པ་ཡིན་ན། ད་གཟོད་བོད་མི་དམངས་རྣམས་འགྱུར་བ་འགྲོ་རྒྱུའི་གོ་སྐབས་ཧ་ཅང་བཟང་པོ་ཞིག་རག་ གི་ཡོད་པས་ཡིན་ལ་བོད་ཀྱི་གནད་དོན་ལུགས་མཐུན་གྱི་སྒོ་ནས་ཐག་གཅོད་བྱ་ཐུབ་ རྒྱུ་ཙམ་མ་ཟད། རྒྱ་བོད་གཉིས་དང་མི་རིགས་གཞན་དག་ལ་བཅས་པར་མི་རབས་ནས་མི་རབས་བར་འཆམ་མཐུན་ངང་ གནས་སྡོད་ཐུབ་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་འདིང་ཐུབ་པ་རེད།
ལ་མོ་དགོན་པ་ཚང་། བསྟན་འཛིན་ལམ་བཟང་ནས།