རོང་པོ་བློ་བཟང་རིན་ཆེན།
<<བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་>>ལ་དངོས་སུ་བཅར་རྒྱུའི་སྐལ་བ་བྱུང་བ་ལྟར་དུས་ཚོད་དམ་འཛིན་བགྱིས་ཏེ་ཆ་ཤས་གང་ཐུབ་ཐུབ་ལེན་ཁུལ་བྱས། དེ་རིང་གོ་སྒྲིག་ཚོགས་ཆུང་གིས་ཚོགས་བཅར་ཡོངས་རྫོགས་རྒྱ་མཚོའི་ཁ་ལ་ཡུལ་སྐོར་དུ་ཁྲིད་པའི་བཀོད་སྒྲིག་གནང་འདུག འོན་ཀྱང་ཁོ་བོར་རླངས་འཁོར་དེ་ཙམ་མི་འཕྲོད་པའི་རྐྱེན་ཀྱིས་རྒྱ་མཚོའི་ཁ་ལ་མ་སོང་བར་རང་ཤག་ཏུ་ཁུ་སིམ་མེར་བསྡད་ཡོད། ཞོར་དུ་<<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་>>གྱི་<<ཆོས་ལུགས་དབུ་བརྙེས་ཚུལ་དང་ངལ་རྩོལ་གྱི་ལས་རིགས་གྲུབ་ཚུལ་>>ཞེས་པའི་ཚན་པ་འདི་བཀླགས།
ཆོས་ལུགས་དབུ་བརྙེས་ཚུལ་ནི་རྩོམ་ཡིག་སྔོན་མའི་ནང་དུ་བརྗོད་པ་ལྟར་འགྲོ་བ་མི་ནི་དང་ཐོག་ཆེས་འཇིགས་སྣང་དང་དོགས་ཟོན་ཁྲོད་ནས་འཚོ་བཞིན་ཡོད། ཁོང་ཚོའི་འཆར་སྣང་ལྷ་ཞེས་པ་ནི་ནགས་ཀློང་ཆེན་མོའི་དཀྱིལ་དང་། རི་ཚོགས་ཀྱི་ཁྲོད། གཙང་པོའི་ནང་། སྤྲིན་པའི་དབུས་སོགས་སུ་མངོན་དུ་གྱུར་ཡོད་པ་དང་། དེ་ཡང་སེམས་རྒྱུད་བཟང་ཞིང་སྤྱོད་པ་གཙང་བ་ཞིག་མ་ཡིན་པར། རྟག་ཏུ་ང་རྒྱལ་དང་ཁོང་ཁྲོའི་ངང་གནས་ཡོད་པ་ཞིག་སྣང་གི་ཡོད། ལན་རེར་ས་འགུལ་བྱུང་བ་དང་། ཆུ་ལོག་བྱུང་བ། དྲག་ཆར་འབབ་པ། ནད་ཡམས་བྱུང་བ་སོགས། ཐམས་ཅད་ལྷ་ཚོགས་ཁྲོས་ནས་ཉེས་ཆད་བཏང་བ་ཡིན་པའི་ངོས་འཛིན་བྱས་ཏེ་རང་ཉིད་སྲུང་སྐྱོབ་ཀྱི་སླད་དུ་ཁ་ཟས་འདྲ་མིན་དང་། ཐ་ན་རང་གི་ཕྲུ་གུ་སོགས་བསད་ནས་ལྷ་ཚོགས་ལ་མཆོད་འབུལ་བྱས་ནས་ཀུ་ཡངས་གཏོང་ཐབས་བྱས་པ་རེད། ཆོས་ལུགས་ནི་དང་ཐོག་འཇིགས་སྣང་དང་རྨོངས་པའི་ཁྲོད་ནས་དབུ་བརྙེས་པ་ཞིག་རེད་ཅེས་བསྙད་འདུག
བྱེ་བྲག་ཆོས་ལུགས་གཞན་དག་གི་དབུ་བརྙེས་པའི་སྐོར་དེ་ཙམ་ཆ་རྒྱུས་ཤིག་མེད་ནའང་། ནང་པ་སངས་རྒྱས་པའི་ཆོས་ལུགས་ནི་ཐོག་མར་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་དང་པོར་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་སོགས་གཟིགས་ནས། དེ་ལས་གྲོལ་ཐབས་སུ་ལོ་དྲུག་དཀའ་བ་སྤྱད། མངོན་པར་རྫོགས་པ་སངས་རྒྱས་ནས་དབུ་བརྙེས་པ་ཞིག་རེད། དེའང་ཆོ་ག་ཕྱག་ལེན། མཆོད་འབུལ་ཙམ་མ་ཡིན་པ་ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པའི་རྣམ་བཞག་གཏན་ལ་ཕབ་པའི་སྟེང་ནས་དབུ་བརྙེས་པ་མངོན་གསལ་རེད་འདུག
ངལ་རྩོལ་གྱི་ལས་རིགས་གྲུབ་ནི་དང་ཐོག་དེང་སང་ནང་བཞིན་མ་ཡིན་པར་ཁ་ཟས་རྙེད་པར་ཧ་ཅང་དཀའ་ངལ་ཡོད། མ་ཟད་ལྟོགས་ཤི་ཐེབས་ཏེ་ཤི་བ་ནི་རྒྱུན་ལྡན་ཞིག དེའི་ཕྱིར་ཁོང་ཚོས་རང་ཉིད་འཚོ་བའི་ཕྱིར་དུ་ཉིན་རེ་བཞིན་ཁ་ཟས་ངལ་རྩོལ་བྱེད་དགོས། དུས་གཅིག་ལ་ཁ་ཟས་མང་པོ་རག་ནས་དུས་ཡུན་རིང་པོར་ལྷོད་ལྷོད་དུ་སྡོད་པ་ནི་མི་སྲིད་པ་ལྟ་བུ་རེད། དེ་ནས་རིམ་བཞིན་རུས་སྡེ་འགོ་བརྩམས་པ་དང་། ཞིང་ལས་དར་བ་ནས་ཁོང་ཚོའི་འཚོ་བ་ཅུང་ཙམ་སྟབས་བདེ་རུ་གྱུར་ཅིང་། ངལ་རྩོལ་ལས་རིགས་ལའང་འཕེལ་རྒྱས་བྱུང་བ་ནི་སྨོས་མ་དགོས་པ་ཞིག་རེད་དོ།།
2019/2/26རང་ཤག་ཏུ་ཉིན་གུང་བྲིས།