རོང་པོ་བློ་བཟང་རིན་ཆེན།
སྐར་ཚོགས་མཁའ་ནས་ཤར་ཅིང་ཟླ་བ་ཡུན་གྱིས་བཞུད་སྐབས། ངའི་ཤག་ལ་ཟླ་འོད་ཕོག་པའི་གླེགས་བམ་ཁ་ཤས་ལས་ཅི་ཡང་མཐོང་དུ་མེད། དེ་ནི་ནུས་མེད་སྐྱེས་པ་ཞིག་གི་འཚོ་བ་རེད་དམ། ཐུབ་པའི་རྗེས་འཇུག་ཅིག་གི་དཀའ་ཐུབ་རེད་ཅེས་རང་གིས་རང་ལ་དྲི་བ་ཞིག་བཏོན་ཏེ་<<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་>>གྱི་<<གཙོ་བདག་དེ་རྒྱལ་པོར་འགྱུར་གྱི་ཡོད་>>ཅེས་པའི་ཚན་པ་འདི་བཀླགས།
རྒྱལ་པོའི་ལམ་ལུགས་འདི་གཙོ་བདག་ལམ་ལུགས་ལས་རིམ་གྱིས་བྱུང་བ་ཞིག་རེད། དང་ཐོག་མི་རྣམས་ཀྱི་ངལ་རྩོལ་དང་ཞིང་ལས་རིག་པ་འཕེལ་རྒྱས་བྱུང་སྐབས། གཙོ་བདག་གམ་སྣེ་ཁྲིད་པ་ཞིག་མེད་ཐབས་མེད་པར་གྱུར་ནས་མི་དམངས་ལས་ཉམས་མྱོང་དང་སྟོབས་ཤུགས་ཆེ་བའི་མི་རེ་བདམས་ཏེ་གཙོ་བདག་ཏུ་བསྐོས་པ་རེད། གཙོ་བདག་གིས་ཀྱང་དང་ཐོག་མི་དམངས་ཀྱི་མངོན་འདོད་བསྒྲུབས་ནས་གང་འཚམ་ཕན་ཐོགས་བྱུང་། དེ་ནས་རིམ་བཞིན་གཙོ་བདག་གིས་རྨི་ལམ་གསར་པ་ཞིག་རྨི་འགོ་བརྩམས་ཏེ། ཡོད་ཚད་རང་ཉིད་ལ་དབང་བ་དང་། རང་ཉིད་ནི་མི་དམངས་ཀྱི་ཡོད་ཚད་ཡིན་སྙམ་པ་རེད། དེ་ནས་ཁོའི་མིང་ལ་རྒྱལ་པོ་ཞེས་འབོད་སྲོལ་ཆགས་ཤིང་མི་དམངས་ཡོད་ཚད་ཁོས་ཅི་གསུང་བཀའ་བཞིན་སྒྲུབ་མཁན་དུ་གྱུར་བ་རེད། ང་ཚོས་སྔོན་གྱི་རྒྱལ་རབས་ལོ་རྒྱུས་ཀྱི་གློག་བརྙན་ལ་ལྟ་སྐབས། རྒྱལ་པོ་མང་པོ་ཞིག་རང་འདོད་ཆེ་ཞིང་གཏུམ་སྤྱོད་ཅན། ང་རྒྱལ་ཚ་ཞིང་གདུག་རྩུབ་ཅན། དྲང་བདེན་མེད་ཀྱང་ལོག་སྤྱོད་པ་ཏག་ཏག་ཏུ་མཐོང་གི་ཡོད་མོད། དེ་དག་གི་བརྒྱུད་རིམ་ནི་གོང་བཞིན་བྱུང་བ་ཡིན་འདུག དེ་ནས་ཁོང་ཚོའི་ཐལ་དྲགས་པའི་ངན་སྤྱོད་ལ་མི་དམངས་ཀྱིས་བཟོད་བསྲན་མ་ཐུབ་པར་ངོ་རྒོལ་གྱི་ལས་བརྩམས་ཏེ་དབྱིན་ཇི་དང་ཧྥ་རཱན་སི། ཨུ་རུ་སུ་སོགས་ཀྱི་གསར་བརྗེ་བྱུང་བ་རེད། རྒྱལ་ཁབ་དེ་དག་གིས་རྒྱལ་པོའི་ལམ་ལུགས་ནི་ཧ་ཅང་དྲང་བདེན་མིན་པ་དང་། མི་མང་ལ་སྡུག་བསྔལ་གཏོང་བྱེད་ཀྱི་ལམ་ལུགས་ཤིག་ཏུ་མཐོང་ནས་མེད་པར་བཟོས་པ་རེད། ད་ཆ་རྒྱལ་ཁབ་མང་པོ་ཞིག་གིས་རྒྱལ་པོའི་ལམ་ལུགས་རྩ་མེད་དུ་བཏང་ནས་མང་གཙོ་དང་རང་དབང་གི་དཔལ་ལ་ལོངས་སུ་སྤྱོད་བཞིན་པ་རེད། དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ཡ་ང་བའི་འདས་པའི་ལོ་རྒྱུས་དང་མ་འོངས་མངོན་གཟིགས། ད་ལྟའི་གནས་བབ་དང་བསྟུན་ནས་མི་གཅིག་གིས་སྲིད་དབང་སྒེར་བདག་བྱེད་པའི་ལམ་ལུགས་རྩ་མེད་དུ་བཏང་སྟེ། རང་དབང་དང་དམངས་གཙོའི་དཔལ་ལ་ལོངས་སུ་སྤྱོད་པའི་སྐལ་བཟང་གི་ཉིན་མོ་ཞིག་ཁ་བ་གངས་ཅན་པ་ལ་གསོལ་རས་སུ་བསྩལ་བ་རེད།
ད་ཆ་ད་དུང་མི་གཅིག་གིས་སྲིད་དབང་སྒེར་འཛིན་བྱས་ནས། མི་དམངས་ལ་སྨྲ་བརྗོད་རང་དབང་དང། ཐོབ་ཐང་འདྲ་མཉམ། དྲང་པོ་དྲང་བཞག་སོགས་ཉེ་བར་མཁོ་བའི་ལོངས་སྤྱོད་དག་ལ་རྩད་ནས་རོལ་དུ་མི་འཇུག་པར། གཉའ་གནོན་དང་འཇིགས་སྐུལ་གྱི་ངང་ན་གནས་པའི་མི་འབོར་ཉུང་ཉུང་ཞིག་ག་ལ་ཡིན།
2019/3/6ཉིན་རང་ཤག་ནས་བྲིས།
༄༅། བོད་ལ་རྒྱ་དམར་འབྱོར་ནས་དྲུག་བཅུ་འཁོར།
འཇིགས་བསྐུལ་བཙན་གནོན་བཏང་ནས་དྲུག་བཅུ་འཁོར།
བོད་མི་འབུམ་ཕྲག་བསད་ནས་དྲུག་བཅུ་འཁོར།
མི་མང་སྒེར་ལངས་བྱས་ནས་དྲུག་བཅུ་འཁོར།
རྒྱ་ལ་ངོ་རྒོལ་བྱས་ནས་དྲུག་བཅུ་འཁོར།
དྲུག་བཅུ་སོང་བའི་ལོ་འདི་བརྗེད་མི་རུང།
རྒྱལ་པོའི་རིང་ལུགས་དང་དཔོན་ངན་རིང་ལུགས་དམར་པོའི་རིང་
ལུགས་སྲིད་དབང་སྒེར་འཛིན་གྱི་གྲལ་རིམ་རིང་ལུགས་དམངས་གཙོ་
གཅིག་བསྡུད་རིང་ལུགས་དྲག་པོའི་དམག་མིའི་རིང་ལུགས་སོགས་
ཞི་བའི་མི་མང་གི་དངུལ་ཁྲག་འཐུང་མཁན་གྱི་མིའི་སྤྱང་ཀི་ཡིན་པ་དང་
དེ་སྔའི་རྒྱལ་པོའི་རིང་ལུགས་སྐབས་ཀྱི་རྒྱལ་པོའི་ཕོ་བྲང་དང་མཁར་
སོགས་མཐོང་སྐབས་མི་དམངས་དཀྱུས་མའི་སྔུལ་ཆུ་དང་ཁྲག་གི་འོག་
ནས་གླ་མེད་བཙན་བསྐུལ་འོག་ཏུ་བཞེངས་པའི་རྒྱལ་ཁང་དེ་དག་དེང་
སྐབས་ཡུལ་འཁོར་སྤྲོ་ཁྱམས་ཚོའི་དངུལ་གཡུགས་སའི་རྒྱལ་ཁབ་ཀྱི་
མ་དངུལ་འདུ་འགོད་བྱེད་སའི་གཏི་གནས་་སུ་བཞག་པ་དེ་དག་ལ་ཞིབ་
ཏུ་དཔྱད་སྐབས་སྤྱོད་ངན་ངོམས་གསོ་ཙམ་ལས་མ་མཐོང་ན་ལོ་རྒྱུས་ནི་
ལོ་རྒྱུས་རང་བཞིན་ཅན་དུ་ལྷག་རྒྱུ་ཡིན་ན་རྗེས་ཡོང་མི་རབས་གསར་
པས་ནམ་ཡང་དགའ་བསུ་ཐོབ་དཀའ་བ་མ་རེད་དམ།
ཡང་ཡང་བསམ་ལ་ཡང་ཡང་དྲན་དགོས། བོད་དེ་སུས་ཟས་རེད་སུས་བཅོམ་རེད།
བོད་མི་སུས་བཟུང་རེད་སུས་བསད་རེད་། ཁ་འཇམ་སྙིང་སྡུག་བོད་པར་སུས་བྱས་རེད།
ནམ་ཡང་མ་བརྗེད་སེམས་ནང་རྒྱུན་དུ་དྲན་དགོས། དྲན་པ་མ་ཚད་གཞན་ལའང་བཤད་དགོས་སོ།