ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས།
———————————-
༼དག་ཡིག་ཐོན་མིའི་དགོངས་རྒྱན་གྱི་ལྷན་ཐབས་མཛེས་པའི་རྒྱན། ཤོག་གྲངས་ ༣༨༡-༣༨༣ གསུང་འབུམ། གླེགས་བམ་ལྔ་བ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ པེ་ཅིན། ༽
འདིར་དཔེར་ན། ཆུ་ལ་རྐྱལ་བྱ་རྐྱལ་བྱེད་རྐྱལ་ཟིན་རྐྱོལ་ཅིག་ཅེས་པ་ལྟ་བུའི་བྱེད་པ་པོ་དངོས་སུ་ཡོད་པར་སྟོན་པ་འདི་འདྲའི་ཡིག་གཟུགས་བསྡུས་ཚེ། ད་དྲག་མི་མཐོང་བ་ལྟར་ན་རྐྱལ་རྐྱོལ་གཉིས་ཙམ་ལས་མེད་པས་བྱ་བྱེད་བྱས་སྐུལ་སོ་སོར་མ་བྲིས་ལ། ཡང་། མྱུ་གུ་སྐྱེ་བྱ་སྐྱེ་བྱེད་སྐྱེས་ཟིན་ཅེས་བྱེད་པ་པོ་དངོས་སུ་མེད་པར་རང་ཤུགས་ཀྱིས་སྐྱེ་བར་སྟོན་པ་འདི་འདྲ་ལ་སྐུལ་ཚིག་བྱ་སའི་གཞི་མེད་པས་སྐྱེ་སྐྱེས་གཉིས་སུ་བསྡུས་པ་ཡིན་ལ། གལ་ཏེ་འདི་ལ་སྐུལ་ཚིག་བྱེད་ཚེ་ས་བོན་འདེབས་མཁན་གྱི་སྐྱེས་བུ་སེམས་ལྡན་ཞིག་ལ་སྐུལ་མ་གཏོང་བའི་ཚུལ་གྱིས་མྱུ་གུ་སྐྱེད་ཅིག་ཅེས་སམ་མྱུ་གུ་སྐྱེ་བར་གྱིས་ཤིག་ཅེས་བརྗོད་དགོས་ལ། དེ་ལས་གཞན་མྱུ་གུ་སྐྱེ་བ་ལ་ཕན་འདོགས་པའི་སེམས་མེད་ཆུའི་རླན་དང་། ཉི་མའི་ཚ་དྲོད་ལྟ་བུ་ལ་མྱུ་གུ་སྐྱེད་ཅིག་ཅེས་སྐུལ་ཚིག་གཏོང་འོས་མེད་པའང་ཤེས་དགོས་སོ༎ དེ་བཞིན་དུ་སྐུལ་ཚིག་བྱེད་པའི་དགོས་པ་ནི་སྐབས་དེའི་དོན་དེ་ལེགས་པར་འགྲུབ་པའི་ཆེད་དུ་ཡིན་སྟབས། བརྒྱལ་བའི་འཁམས་དང་གྲང་བའི་འཁྱགས་ལྟ་བུ་ལ་སྐུལ་ཚིག་བྱས་པས་དོན་ཅང་འགྲུབ་རྒྱུ་མི་འབྱུང་ལ། གལ་ཏེ་དགྲ་ལྟ་བུར་རྡེག་རྡུང་ཚ་དྲག་གིས་བརྒྱལ་བར་གྱིས་ཤིག་ལ་ཁོམས་ཤིག་ཅེས་པ་དང་། གྲང་ངར་གྱིས་འཁྱགས་པར་གྱིས་ཤིག་ལ་ཁྱོགས་ཤིག་ཅེས་པ་ལྟ་བུའི་གོ་བ་བླངས་ནས་འབྲི་ན་ནི་བོད་ཡིག་གི་ཚུལ་དང་མཐུན་པ་ལྟ་ཅི། སྐད་རིགས་ལ་ཡང་ཆེས་ཆེར་རྨོངས་པའི་རྟགས་བསྟན་པ་ཡིན་ནོ༎ དེ་བཞིན་དུ་དཀྱུས་སུ་འབྱུང་བ་ལྟར། རྒྱན་གྱིས་རྒྱན་ཅིག་ཅེས་པ་དང་། ནད་ཀྱིས་སྙནད་༼སྙུན་༽ཅིག་ཅེས་པ་ལྟ་བུའང་དག་ཡིག་ཁུངས་མ་རྣམས་སུ་འབྱུང་བ་ལྟར་འདིར་བཀོད་པ་མ་གཏོགས། སྐད་རིགས་རྣམ་དག་དང་བསྟུན་ཚེ་མཁོ་གལ་ཡོད་མེད་བརྟག་དགོས་ཏེ་དེ་འདྲའི་རིགས་མང་ངོ་༎ ཡང་། སྒྲ་འབྱིན་པའི་དོན་ཙམ་ལ་འདྲ་ནའང་། ཕ་རོལ་པོ་ཞིག་ལ་ཁོ་རང་གི་ངག་དང་འབྲེལ་བར་སྐུལ་ཚིག་བྱེད་ན། ཁྱོད་ཀྱིས་གཏམ་དེ་སྒྲོགས་ཤིག་ཅེས་ཟེར་བ་ལས་གཏམ་དེ་གྲག་པར་གྱིས་ཤིག་ཅེ་ན་མི་རུང་བ་དང་། ཁོ་རང་གི་ལག་ཏུ་ཐོགས་པའི་སིལ་སྙན་ལྟ་བུ་ལ་སྒྲ་གྲག་པར་གྱིས་ཤིག་ཅེས་སྐུལ་ཚིག་བྱེད་པ་ལས། སིལ་སྙན་དེ་སྒྲོགས་ཤིག་ཅེས་བརྗོད་དུ་མི་རུང་བ་དང་། གལ་ཏེ་སིལ་སྙན་དེ་དང་འབྲེལ་བའི་སྐུལ་ཚིག་ཅིག་མཁོ་ཚེ། དཀྲོལ་ཅིག་ཅེས་པ་ལས་གཞན་མི་འབྲེལ་བ་ལྟ་བུའི་ཁྱད་པར་ཕྲ་མོ་འདི་རྣམས་ཀུ་ཤའི་རྩེ་ལྟར་མ་འདྲེས་པར་ཕྱེ་ནས་ཤེས་དགོས་པས། འོག་མའི་སྐབས་ཀུན་ཏུ་འདི་ལྟར་རིགས་འགྲེའོ༎ ཡང་། བྱེད་པ་པོ་དངོས་སུ་ཡོད་མེད་ཅེས་པའི་དོན་ལ་ཤེས་པར་བྱ་བ་འདི་ཡོད་དེ། བསྒྲུབས་དང་གྲུབ། སྒྲུབ་དང་འགྲུབ་ཅེས་པ་ལ་དཔེར་མཚོན་ན། སྤྱིར་འདི་འདྲ་བ་ལ་ས་མགོ་སྦྱར་ཚེ་བྱེད་པ་པོ་དངོས་སུ་ཡོད་པ་དང་། ས་མགོ་མེད་ཚེ་མེད་པ་སྟོན་ལ། དེའི་ཕྱིར་གཞི་གཅིག་ལ་སྦྱར་ཚེ། ཐབས་ཀྱིས་བསྒྲུབས་ནས་དོན་དེ་གྲུབ་པར་གྱུར། ཅེས་པའམ། བདེ་བླག་ཏུ་འགྲུབ་ཆེད་བརྩོན་པས་སྒྲུབ་དགོས། ཞེས་པ་ལྟ་བུའི་བསྒྲུབས་དང་སྒྲུབ་ལ་བྱེད་པ་པོ་ཐབས་དང་བརྩོན་པ་གཉིས་ཚིག་ཟིན་ལ་དངོས་སུ་ཐོན་ཅིང་། གྲུབ་དང་འགྲུབ་ལ་དེ་འདྲ་མེད་པ་ལྟ་བུ་དང་། ཡང་། ཚིག་གྲོགས་ལ་དགོས་ལྟ་བུ་སྦྱར་ནས། ལོ་གཅིག་གི་རིང་འགྲུབ་དགོས། ཞེས་པ་དང་། ལོ་གཅིག་གི་རིང་ལ་སྒྲུབ་དགོས་ཞེས་པ་གཉིས་ལ་ཁྱད་པར་འདི་ཡོད་དེ། སྔ་མ་ལྟར་ན་ལོ་གཅིག་གི་རིང་བྱ་བ་དེ་ལེགས་པར་ཟིན་དགོས་ཞེས་པ་ཙམ་མ་གཏོགས། ཉིན་སུམ་བརྒྱ་དྲུག་ཅུར་བར་མ་ཆད་དུ་བྱ་བ་དེ་བྱེད་དགོས་པར་མ་བསྟན་ལ། ཕྱི་མ་ལྟར་ན། ཚིག་གྲོགས་ཀྱི་དབང་གིས་ལོ་གཅིག་གི་རིང་སྟེ་ཉིན་སུམ་བརྒྱ་དྲུག་ཅུར་བར་མ་ཆད་དུ་བྱ་བ་དེ་བྱེད་དགོས་ཞེས་པའམ། ཡང་ན། སྐྱེས་བུ་གཞན་ཞིག་ལ་ཡུན་དེ་ཙམ་གྱི་རིང་སྒྲུབ་པའི་བཀོད་འདོམས་བྱེད་པའམ། ཡང་ན་ཡུན་དེ་སྙེད་ཅིག་མ་ལོན་ན་བྱ་བ་དེ་མི་འགྲུབ་པར་ཡང་སྟོན་པས་དེ་འདྲའི་ཁྱད་པར་དུ་མ་འབྱུང་ངོ་༎ དེ་བཞིན་དུ། བསྐོར་དང་འཁོར་ལ་མཚོན་ན་འཕྲུལ་འཁོར་ཞིག་ཐོག་མར་བཟོ་བོའི་ལག་ཤེད་དམ་གློག་སྟོབས་ཀྱིས་བསྐོར་ཏེ་དེ་ནས་རྩོལ་བ་གཞན་ལ་མ་བརྟེན་པར་རང་ཤུགས་ཀྱིས་འཁོར་བ་ཡིན། ཞེ་ན་ནི་རང་ཤུགས་ཀྱིས་འཁོར་བའི་རྒྱུ་རྐྱེན་དེ་བཙལ་ཚེ། དང་ཐོག་གི་ལག་ཤེད་དང་གློག་སྟོབས་དེ་ལས་མ་འདས་མོད། འོན་ཀྱང་རང་ཤུགས་ཀྱིས་འཁོར་བའི་སྐབས་སུ་རྒྱུ་རྐྱེན་དེ་འགགས་ནས་དངོས་སུ་མེད་པས་ན་བསྐོར་ཅེས་མི་རྗོད་པར་འཁོར་ཞེས་རྗོད་དགོས་པ་ལྟ་བུའོ༎ ཡང་གཏེར་ནས་བཏོན་དང་ཐོན་ཅེས་པ་ལ་མཚོན་ན། ས་དོང་བརྐོས་ནས་རིན་པོ་ཆེའི་གཏེར་བཏོན་པ་ན། རྩོལ་བ་ལ་མ་ལྟོས་པར་ཞར་ལ་རྡོ་སོལ་མང་བོ་ཐོན་བྱུང་། ཞེས་པ་ལྟ་བུའི་བཏོན་དང་ཐོན་ལ་ཚིག་ཟིན་དུ་བྱེད་པ་པོ་དངོས་སུ་མ་སྦྱར་བར་འདྲ་ཡང་། སྔ་མ་ལ་བརྐོས་ནས་ཞེས་པའི་ཚོག་གི་ནུས་པས་བྱེད་པ་པོ་དངོས་སུ་ཡོད་པར་སྟོན་ཅིང་། ཕྱི་མ་ལ་རྩོལ་བ་མ་ལྟོས་པར་ཞེས་པའི་ཚིག་གི་ནུས་པས་བྱེད་པ་པོ་དངོས་སུ་མེད་པ་སྟོན་ཏོ༎ ཡང་། ཉེས་སྐྱོན་སེལ་དགོས། ཞེས་པ་དང་། ཉེས་སྐྱོན་བསལ་དགོས་ཞེས་པ་གཉིས་ལའང་ཁྱད་པར་འདི་ཡོད་དེ། སྤྱིར་སེལ་ནི་བྱེད་ཚིག་དང་། བསལ་ནི་བྱ་ཚིག་ཡིན་མོད། སེལ་ཞེས་པ་བྱེད་པ་པོ་དང་དངོས་སུ་མ་འབྲེལ་བ་ལ་སྦྱོར་བ་དང་། བསལ་ཞེས་པ་དེ་དང་དངོས་སུ་འབྲེལ་བ་ལ་སྦྱོར་བའི་བྱ་བྱེད་སྟོན་པའི་བརྡ་ཡིན་པས་ན། བྱེད་པ་པོ་གཞན་ཞིག་དང་དངོས་སུ་མ་འབྲེལ་ཚེ་སེལ་དགོས་ཞེས་བྲི་ཞིང་། བྱེད་པ་པོ་གཞན་ཞིག་དང་དངོས་སུ་འབྲེལ་བར་བཀོད་འདོམས་ལྟ་བུས་བཤད་ཚེ་བསལ་དགོས་ཞེས་འབྲི་བ་ལས་སེལ་དགོས་ཞེས་བྲིས་ན་མི་རུང་ངོ་། ། དེའི་རྒྱུ་མཚན་ནི། ཕོ་ནི་འདས་དང་གཞན་སྒྲུབ་ཕྱིར༎ ཞེས་པའི་གཞན་སྒྲུབ་ཀྱི་གནད་ཀས་བསྟན་པ་ཡིན་ནི༎ དེ་ཡང་ཡིན་ཏེ། སྤྱིར་བསལ་ཞེས་པ་ནི་བས་འཕུལ་ཐོབ་བཞིན་དུ། གཞན་སྒྲུབ་ཀྱི་སྐབས་སུ་མ་བཀོལ་ཚེ་རྟགས་འཇུག་གི་དགོངས་པ་ལས་ཕྱི་རོལ་དུ་ཆེས་ཆེར་འཕྱན་པ་ཡིན་ནོ༎ དེ་བཞིན་དུ་བྱེད་པ་པོ་གཞན་ཞིག་དང་དངོས་སུ་འབྲེལ་བ་ལ་བྱ་བ་དེ་ཁྱོད་ཀྱིས་བསྒྲུབ་དགོས་ཟེར་ན་མ་གཏོགས། བྱ་བ་དེ་ཁྱོད་ཀྱིས་འགྲུབ་དགོས་ཞེས་སྨྲས་ན་དོན་གཞན་པ་ཞིག་ཏུ་གོ་འགྲོ་བ་ལྟ་བུའོ༎ སྤྱིར་དུས་གསུམ་བྱ་བྱེད་ལ་ཡིག་གཟུགས་འགྱུར་འགྲོ་བའི་རྣམ་གཞག་འདི་གཙོ་ཆེར་ཆུང་དུས་ནས་བོད་པའི་སྐད་རིགས་ལ་བྱང་ཆུབ་པར་བྱས་པའི་ཤུགས་ཀྱིས་དབང་མེད་དུ་ཤེས་འགྲོ་བའི་མན་ངག་ཅིག་ལོན་རྒྱུ་ཡོད་པ་མ་གཏོགས། སྐད་རིགས་གཞན་པས་བོད་ཡིག་རྐྱང་བའི་སྟེང་ནས་དཔྱིས་ཕྱིན་པར་གོ་བ་ལོན་རྒྱུ་དེ་ཧ་ཅང་ཚེགས་ཆེའོ༎
གཤམ་གྱི་འབྲེལ་ཐག་ལ་བསྣུན་ན། དུས་གསུམ་རེའུ་མིག་དང་བྱ་ཚིག་གི་གསལ་བཤད་དང་བཅས་པ་མཇལ་ཐུབ།༽
tshe-tan-zhabs-drung-bya-tshig-gi-lhan-thabs
ལེགས་བཤད་རྨད་དུ་བྱུང་བ་འདི་འདྲ་བ་ལ་བསྐྱར་དུ་བཤུ་དུས་ཡིག་ནོར་མེད་པ་ལ་ཤིན་ཏུ་གཟབ་དགོས་སོ། །
ང་ནོར་སོང།
ངས་ནོར་སོང་།
འདི་གཉིས་ལས་གང་དག་གི་འདུག
ངས་བལྟས་ན་འདི་གཉིས་ཀ་དག
དོན་དག་ཁ་ཁ་རེད།
དང་པོ་དེ་ང་ནོར་བྱ་དང་། གཉིས་པ་དེ། ང་ནོར་འཁྲུལ་བྱེད་མཁན་དེ་རེད།
དེ་ལྟར་ཁས་ལེན་ན། བྱེད་འབྲེལ་བྱེད་མེད་གཉིས་ཀ་ལ་འཇུག་པའི་བྱ་ཚིག་ཅིག་རེད།
ལྷ་ས་བས།
ངས་ཕྱིན་ཆོག
ང་ཕྱིན་ཆོག
ཟེར་བ་ལྟ་བུ་རེད་དམ།
འདི་འདྲ་བ་ལ་བསྐྱར་དུ་བཤུ་ཟེར་ན་ཁྱད་མཚར་པོ་ཞིག་རེད། འདི་འདྲ་བ་དེ་བཤུ་བྱ་ཡིན་རྒྱུ་རེད་འདོད།
དེའི་བར་དུ་ལ་དོན་ཞིག་ཇི་ལྟར་ཐོབ་གི་ཡོད་པ་རེད།
ང་ཕྱིན་དང་།
ངས་ཕྱིན་གཉིས་དང་འདྲ་གི་མི་འདུག་སྙམ
མགོན་ཕྱག་ལགས་ཀྱིས།
༢པ། ངས་ནོར་སོང་། གཉིས་པ་དེ། ང་ནོར་འཁྲུལ་བྱེད་མཁན་དེ་རེད། འདི་འཐད་ཀྱང་།
༡པོ། ང་ནོར་སོང། དང་པོ་དེ་ང་ནོར་བྱ་ལ་བཞག་ན་འདི་ལྟ་བུར་དགོས་ཏེ། ཁོས་༼མི་ངོ་འདྲ་གཉིས་ཀྱི་ནང་ནས་༽ང་ལ་ནོར་སོང་། ཡང་ན། དེ་བཞིན། ཁོས་ང་དང་ནོར་སོང་། ཞེས་དགོས་ངེས། དེ་ལ་ལའམ་དང་གང་རུང་ཅིག་དགོས།
ངས་བལྟས་ན། ངས་ནོར་སོང་། དེ་སུམ་རྟགས་མཐུན་ལ། ང་ནོར་སོང་། དེང་དུས་དང་མཐུན་ཆེ་བས་འདི་གཉིས་དོན་གཅིག་མིན་ནམ། མཐའ་དོན། ང་ནོར་སོང་། ལས། ང་ནོར་འདུག འདི་དག་ག་འདུག
དགེ་རབ་ལགས་ཀྱི་ལྷ་ས་བས།
ང་ཕྱིན་ཆོག དང་། ངས་ཕྱིན་ཆོག་གཉིས་གོང་ལྟར་དོན་གཅིག་རེད་སྙམ། དཔེར་ན། ཁྱོད་ཀྱིས་ང་ནང་འདི་ནས་འབུད་ན་ང་ཕྱིན་ཆོག ཡང་ན། ཁོའི་ཚབ་ལ་ངས་ཕྱིན་ཆོག ལྟ་བུས་སོ་སོར་ཕྱེ་ནའང་བབས་ས་གཅིག་རེད་འདུག ལྷ་ས་བས་ཤོད་སྟངས་འདི་མ་དག་རྒྱུན་འབྱམས་ཞིག་མིན་ནམ། གང་ཡིན་ཟེར་ན། ང་འགྲོ་ཆོག དང་།
ངས་འགྲོ་ཆོག གི་ཚབ་ལ་ནོར་བ་མིན་འགྲོ དཔྱད་དགོས་འདུག
འདི་འདྲ་བ་ལ་་་་་། ་་འདི་འདྲ་བ་འདི་ལ་་་ དང་། འདི་འདྲ་བ་འདི་ཚོ་ལ་་་ཞེས་བསྡུས་ཚིག་བྲིས་ཁུལ་བྱས།
ད་རུང་བདེ་བོ་མི་འདུག
ཤི་འདི་འདྲ་བ་གཅད་དགོས་རེད། ཤིང་འདི་འདྲ་བ་འདི་ཚོ་གཅད་དགོས་རེད། གཅིག་པ་ཡིན་པ་འདྲ། འདི་ཚོ་གཅད་བྱ་མ་ཡིན་ནམ།
ཤིང་འདི་འདྲ་བ་འདི་ཚོ་ལ་གཟེར་ག་བརྡབ་དགོས་རེད་ཟེར་ན་དག་པ་རེད། འདི་ལ་མཚོན་ན། འདི་ཚོ་བྱ་ཡུལ་རེད། བརྡབ་བྱ་མ་རེད། བརྡབ་བྱ་གཟེར་ག་རེད།
གོང་གི་ནོར་དེ། བོད་ཀྱི་དུས་གསུམ་ཁག་ནང་བྱེད་མེད་ལས་ཚིག་རེད། བྱ་བྱེད་ཐ་མི་དད་པ་རེད།
དེ་ལྟར་ན། ང་ནོར་སོང་ཟེར་ན་འགྲིག་པ་རེད།
ཡིན་ནའང་། ངས་དག་ཆ་ནོར་སོང་། ངས་བྱེད་སྟངས་ནོར་སོང་། ཟེར་ནས། བྱ་བྱེད་ཐ་དད་པར་འཇུག་པའང་འདུག
བོད་ཡིག་ལས་སླ་པོ་དེ་ལ། ཁྱོད་ཚོས་རྣམ་གཞག་འདྲ་མ་འདྲ་གུ་རུ་མཚན་བརྒྱད་བཟོས་ཏེ། མགོ་འཐོམ་གྱི་འདུག ངས་ནི་སི་ཏུ་པྲ་ཏི་དང་གསེར་ཏོག བདག་དང་གཞན་དང་དུས་གསུམ་ཟེར་བ་དེ་ཚོ་སྦྱངས་མ་མྱོང་། གསུང་རབ་མང་ཙམ་བཀླགས། ནམ་རྒྱུན་གྱི་རྒྱུན་སྐད་དེ་ཚོ་ལ་བསམས་ནས་ཡི་གེ་འབྲི་གི་ཡོད། དེ་ལྟར་བྲིས་པ་དེ་གཞན་ལ་བརྡ་འཕྲོད་ཀི་འདུག དེ་ལྟར་ལས་སླ་བའི་བོད་ཡིག་འདི་ལ། མཁས་པ་སོ་སོས་རྣམ་གཞག་རེ་བཟོས། དེ་ལ་རྗེས་འཇུག་ཚོས་རྩོད་པ་བརྒྱབ་ནས། ཀུན་གྱིས་ཤེས་པ་འདི་མི་ཤེས་པ་ཞིག་ཏུ་བཟོ་གི་འདུག་དྲན། དཔེར་ན་བདག་གཞན་གྱི་རྣམ་གཞག་ཟེར་བ་དེ་ལ་ཆོ་ག་རེ་འདུག སི་ཏུ་འགྲེལ་ཆེན་གྱི་གོང་ན་དངོས་པོ་བདག་གཞན་གྱི་རྣམ་གཞག་ཟེར་བ་དེ་ཚོ་ཅང་ཡོད་ས་མ་རེད། ཡིན་ནའང་སི་ཏུའི་གོང་གི་མཁས་པ་ཚོས་བོད་ཡིག་ཐོག་ནས་བསྟན་བཅོས་མང་པོ་བརྩམས་པ་རེད། དེ་ཚོ་གོ་གི་ཡོད་རེད། བདག་གཞན་གྱི་རྣམ་གཞག་ཟེར་བ་དེ་བཟོས་ནས་ཕན་དམིགས་བསལ་ག་རེ་ཐོགས་འདུག
མགོན་ཕྱག་ལགས་ཀྱིས།
་་་་། བོད་ཀྱི་དུས་གསུམ་ཁག་ནང་ བྱེད་མེད་ལས་ཚིག་རེད། བྱ་བྱེད་ཐ་མི་དད་པ་རེད།
དེ་ལྟར་ན། ང་ནོར་སོང་ཟེར་ན་འགྲིག་པ་རེད།
ཡིན་ནའང་། ངས་དག་ཆ་ནོར་སོང་། ངས་བྱེད་སྟངས་ནོར་སོང་། ཟེར་ནས། བྱ་བྱེད་ཐ་དད་པར་འཇུག་པའང་འདུག འདི་ནི་འཐད་པར་ལྟར་སྣང་ཡང་། དེང་དུས་སྤྱི་སྐད་སྐབས་ལ་གབ་མིན་ག་འདྲ་བྱེད་ཡོང་། ངས་དཔེར་བརྗོད་དང་བཅས་པའི་གསལ་བཤད་ལ་ཡང་བསྐྱར་སོམས་དགོས།
དཔེར་བརྗོད་མི་འདྲ་བ་ཁག་གཉིས་ལ་གཟིགས་དང་།
ཤིང་འདི་འདྲ་བ་གཅད་དགོས་རེད། ཅེས་པ་ལ་། ལ་དོན་མི་ཐོབ་ཀྱང་། ཁྱེད་ལྟར་དང་། ངེད་ལྟར་ན།
ཤིང་འདི་འདྲ་བ་ལ་གཅད་དགོས་ཚེ་གཅོད་སྟངས་ལ་གཟབ་དགོས་རེད། ཅེས་པ་ལ། ལ་དོན་མི་ཐོབ་ཨ་ཡིན།
ཁང་གསར་རྡོ་རྗེ་ལགས་ད་ལྟ་ནས་སྒྱིད་མ་ལུག་ཅིག ཅེས་བསྐུལ་མ་དང་བཅས་ཞུ་རྒྱུར།
ཁྱེད་ཀྱིས་སི་ཏུ་སོགས་ཀྱི་སྔོན་ལ་དངོས་པོ་བདག་གཞན་སོགས་ཅང་ཨ་ཡོད་གསུངས་འདི་ནི། ཐུ་མིའི་སྔོན་ལ་བོད་ཡིག་ཅང་ཨ་ཡོད་ཟེར་བ་དང་། སུམ་རྟགས་ཐུ་མིས་བརྩམས་པ་ཨ་ཡིན་ཟེར་བ་དང་། གཉའ་ཁྲིའི་སྔོན་ལ་བོད་རྒྱལ་ཨ་ཡོད་ཟེར་བ་དང་འདྲ་བས་དྲི་བ་འདི་ཚོའི་ལན་ལ་ཞིབ་འཇུག་ཚད་ལོངས་བ་སུས་ཀྱང་བྱས་མེད་པར་འདོད། ད་གཞོན་སྐྱེས་བློ་གསར་ཚོས་བྱོས་ཤིག
ང་ནོར་སོང་དང་ངས་ནོར་སོང་། ཟེར་བ་གཉིས་ལྟོས་ས་ལྟོས་འཇོག་གི་སྒོ་ནས་འགྲིག་མི་འགྲིག་ལྟ་དགོས་པ་རེད། ངས་བྱ་བ་སྒྲུབ་པ་ནོར་སོང་བ་ལ། ངས་ནོར་སོང་ཞེས་བསྡུས་ཚིག་བྲིས་ན་ནོར་མཁན་ང་ཡིན་པ་གསལ་བོ་རེད། ང་་ནོར་སོང་ཟེར་བ་ནི། ནོར་མཁན་ང་མ་རེད་ཁོང་རེད། ཁོང་གིས་ང་མི་གཞན་དང་ནོར་བ་རེད། འདིའི་ནོར་ནི་བྱེད་འབྲེལ་ལས་ཚིག་རེད། བྱེད་འབྲེལ་ལས་ཚིག་ལ་རྣམ་དབྱེ་གསུམ་པ་འཐོབ་ངེས་རེད། ཁོང་གིས་ང་མི་གཞན་དང་ནོར་ཡོད་ན། དངོས་ཡོད་ལ་ང་ནོར་སོང་ཞེས་གོ་དཀའ་རུ་གཏོང་བ་ལས་ཁོང་གིས་ནོར་སོང་ཞེས་ཐད་ཀར་ལབ་ན་གོ་བདེ།
འོན་ཀྱང་། ང་འགྲོ་དང་ངས་འགྲོ་གཉིས་བྱེད་མེད་ལས་ཚིག་ཡིན་པས་རྣམ་དབྱེ་གསུམ་པའི་ཕྲད་ཐོབ་ཐབས་ཡོད་པ་མ་རེད། སོ་སོ་འགྲོ་བཞིན་ཡོད་ནའང་འདྲ། མིའི་ཚབ་དུ་འགྲོ་རྒྱུ་ཡིན་ནའང་འདྲ། གང་ལྟར་ང་འགྲོ་ཟེར་བ་ལས་ངས་འགྲོ་ཟེར་བ་ཞིག་ཡོད་པ་མ་རེད་དེ། དེང་མང་པོ་ཞིག་གིས་རང་སྣང་གང་ཤར་དུ་སྐད་ཆ་དམ་དུམ་འདི་འདྲ་མང་པོ་བཤད་མཁན་མང་། ཚེ་རིང་གིས་འགྲོ་རྒྱུ་རེད། བཀྲ་ཤིས་ཀྱིས་ཉལ་བཞིན་འདུག སྒྲོལ་མ་ཡིས་ཡར་ལངས་ཚར་འདུག་སོགས་ཤོལ་སྲོལ་མེད་བཞིན་དུ་འདི་ལྟར་ཨུ་ཚུགས་ཀྱིས་བཤད་དགོས་རྒྱུ་རེད། བྱས་ཙང། བྱེད་མེད་ལས་ཚིག་ཡིན་ན་རྣམ་དབྱེ་གསུམ་པའི་ཕྲད་མི་ཐོབ་པའི་གནད་ཀ་འདི་ཤེས་རྒྱུ་བྱེད་འབྲེལ་བྱེད་མེད་རྟེན་བྱུང་འབྲེལ་ཡིན།
བོད་ལ་བཀའ་དྲིན་ཆེ་བའི་མཁས་པའི་དབང་བོ་དུང་དམུ་ཚེ་གསུམ་ནི་ང་ཚོས་དུས་ནམ་ཡང་བརྗེད་མི་སྲིད།
ནོར་དེ་བྱེད་འབྲེལ་ལས་ཚིག་ལ་འཇོག་ན་ཅང་བཤད་རྒྱུ་མེད།
བོད་ཀྱི་ཚིག་མཛོད་ཁག་ནང་ནོར་དེ་བྱེད་མེད་ལས་ཚིག་ཁོངས་བཞག་འདུག ཁྱེད་ཀྱིས་བྱེད་མེད་ལ་གསུམཔའི་ཕྲད་མི་ཐོབ་ཟེར་གི་ཡོད་པར་བརྟེན། འདི་འདྲ་ཡང་འདུག་ཟེར་ནས་སྟོན་པའི་ཆེད་ཁོ་ན་ཡིན།
བོད་ཀྱི་སྐད་ལུགས་ལ་དཀར་གུར་དང་གུར་དཀར་དོནགཅིག ནག་གུར་དང་གུར་ནག་དོན་གཅིག་ཏེ། དཔེར་ན། དཀར་ཐིག་དང་ཐིག་དཀར་དོན་གཅིག ནག་ཐིག་དང་ཐིག་ནག་དོན་གཅིག་པ་བཞིན་ནོ། ད་དུང་དཀར་གུར་ལས་གུར་དཀར་ཞེས་རྗོད་མི་བདེ་བ་ཡོད་དེ། གུར་ནག་པོ། ཞེས་པོ་སྒྲ་ཞིག་དགོས་པས་སོ། །
ཀརྡོ།
དཀར་ཐིག་དང་ཐིག་དཀར་གཉིས་དོན་དག་གཅིག་པ་མ་རེད་ལགས།
དཀར་ཐིག་ནི་གཞི་ནག་པོ་སོགས་ཚོན་མདོག་གཞན་ཞིག་གི་ཐོག་ཚོན་མདོག་དཀར་པོ་ཆུང་ཙག་རེ་ཡོད་པ་དེ་ལ་ཟེར། ངའི་གོན་པའི་སྟེང་ནག་ཐིག་ཅིག་ལྷུང་འདུག་ཟེར་བ་ལྟ་བུ་རེད།
ཐིག་དཀར་ནི་ཐིག་དཀར་པོའམ་རྟགས་དཀར་པོ་ནར་མོ་ཞིག་འཐེན་པ་དེ་ལ་ཟེར། དེ་ཡང་གནའ་སྔ་མོ། སྨྱུག་གུ་སོགས་མེད་སྐབས། དཔེ་བཞག་ན། དངོས་པོ་གང་ཞིག་དྲས་གཏུབ་བྱེད་སྐབས། ཐིག་སྐུད་ཅིག་གི་ཐོག་ཐལ་བའམ་གཞན་པའི་ཚོན་ཞིག་བྱུགས་ནས་སྣེ་མོ་གཉིས་ནས་མནན་ཏེ། ཐིག་སྐུད་ཀྱི་དཀྱིལ་ནས་ཡར་འཐེན་དེ་མར་གློད་པ་ན། ངོས་གང་དེའི་སྟེང་ཐིག་དྲང་མོ་ཞིག་ཕབ་པ་དེ་ལ་ཟེར། ང་རང་ཆུང་ཆུང་ཡིན་སྐབས། ངའི་ཨ་ཕས་ད་རུང་གནའ་སྔ་མོའི་ཐབས་ཤེས་དེ་རང་བཀོལ་གྱི་འདུག
མདའ་མཚན་པ་ལགས།
དཀར་ཐིག་གི་དོན་དེ་དཀར་པོ་ཆུང་ཙག་ལ་མིན་པ་དེ། བོད་རྒྱ་ཚིག་མཛོད་ཆེན་མོའི་ཟོག་གྲངས་༥༥ལ་ལྟོས་ཤིག ཡང་།
ཁྱེད་ཀྱིས་ནག་ཐིག་དང་ནག་ཐིག་ཐིག་གཉིས་འདིར་བསྲེས་ནོར་ཐེབས་པ་རེད། ཚེམ་བུ་བའི་ཐིག་སྐུད་ཀྱི་སྒྲུང་དེ་ཁྱེད་རང་གི་མི་རབས་རྗེས་མ་དེ་ཚོ་ལ་ཤོད་དགོས་པ་ལས་འདིར་ཤོད་ས་ནོར་བ་འདྲ།
ཁྱེད་གཉིས་ལྟར་ན། མི་དཀར་དང་རྟ་དཀར་མ་གཏོགས་བོད་སྐད་ལ་འགྲོ་སྟངས་མེད་ན། ཟླ་བའི་དཀར་གསལ་ལས། དཀར་གསལ་ཟླ་བ་ཟེར་ན་ནོར་བ་ཡིན་ནམ། ནག་རྩིས་དང་ནག་ལས་ཟེར་བ་དེ་ཚོ་བོད་སྐད་ནོར་བ་རེད་དམ།
ང་སོང་བ་ཡིན་ལ། ངས་ཕྱིན་པ་ཡིན།
ང་ཟ་ཡིན། ངས་འགྲོ་ཡིན་ཟེར་བ་སོགས་ནི་མ་དག་རྒྱུན་འབྱམས་ཡིན་རྒྱུ་རེད་འདོད།
ངས་སྔོན་མར་དབུས་ཕྱོགས་ནས་ཕེབས་པའི་གྲོགས་པོ་དག་གིས་ངས་ནོར་སོང་། ཟེར་དུས་དེ་ནོར་ཡོད་ཚུལ་གྱི་རྩོད་པའང་གང་འཚམས་ཞིག་བརྒྱབས་མྱོང་ལ། ངས་གོ་མྱོང་བའི་གྲོགས་པོ་ཚང་མའི་ཞལ་ནས་དེ་ག་རང་དུ་ཐོན་གྱིན་འདུག་པས་རྗེས་སུ་བསམ་བློ་འདི་ལྟར་བཏང་མྱོང་།
བྱེད་མེད་ལས་ཚིག་ལ་བྱེད་སྒྲ་མི་ཐོབ་པས་འདི་ཅི་ཡིན་ནམ། སྐུ་མདུན་མཆོག་གིས་རྒྱུན་དུ་སྤྱོད་གནང་བའི་ངོས་ཞེས་པ་ཡིན་ནམ་སྙམ་གྱིན་ཡོད།
ངོས་ནོར་སོང་། ངོས་ཕྱིན་ཡིན་ཞེས་ན་གཞུང་དང་ཡང་འགལ་གྱིན་མི་འདུག་པས་ཁྱེད་རྣམ་པས་གཟིགས་ན་གང་འདྲ་འདུག
མདའ་ཚན་པ་ལགས།
གོང་དུ་གསུང་གིན་པའི་ཐིག་དཀར་དང་དཀར་ཐིག་གཉིས་ཀྱི་ཐིག་དེ་བདག་གིས་བསམས་ན་དོན་དེ་བཞིན་དུ་འགྲེལ་བ་ཁས་ལེན་རུང་མོད། དག་ཆ་མི་འདྲ་བ་ཡིན་རྒྱུ་རེད་འདོད།
དེ་བཞིན་དུ་ཐིག་ནག་དང་ནག་ཐིག་ཀྱང་ཡིན་རྒྱུ་རེད་འདོད། ཐིག་དཀར་དང་ཐིག་ནག་གི་ཐིག་ནི་ཐ་གི་གུ་ཐིག་དང་།
དཀར་ཐིག་དང་ནག་ཐིག་གི་ཐིག་ནི་ཐ་གི་གུ་ག་ས་བཞག་ཐིགས་ཡིན་རྒྱུ་རེད་འདོད།
ཐིག་དཀར་དང་། དཀར་ཐིགས་སམ་དཀར་ཏིགས།
ཐིག་ནག་དང་། ནག་ཐིགས་སམ་ནག་ཏིགས།
ངས་བསམས་ན།
ཐིག་དང་བོ་ནི་ཐིག་སྟེ། ང་ཚོས་རྒྱུན་དུ་ཐིག་འཐེན་ཟེར་བ་དེའི་ཐིག
ཐིག་གཉིས་པ་ནི་ཐིགས་ཏེ། ཐིགས་པའི་དོན་དུ་འདོད།
ཁྱེད་ཀྱིས་གཟིགས་ན་གང་འདྲ་འདུག