ཚ་རུ་མ་ཐབས་མཁས་ཀྱིས།
ན་མོ་གུ་རུ་བྷྱཿ
༡༽སེམས་ཅན་ཀུན་དོན་མཛད་པ་ཡི།།
རྒྱལ་དང་རྒྱལ་སྲས་སེམས་དཔའི་ཚུལ།།
རྣམ་སྤྲུལ་དུ་མའི་ཆོ་འཕྲུལ་གྱིས།།
མགོན་གྱུར་ཁྱེད་ཉིད་བརྟན་བཞུགས་གསོལ།།
༢༽མ་འདྲིས་མཛའ་བའི་བཤེས་གྱུར་ཅིང་།།
དགྲ་གཉེན་དབྱེ་བ་ཡོངས་སྤངས་པས།།
ཀུན་ལ་ཕན་པར་བཞེད་དགོངས་པའི།།
འགྲོ་བའི་རྩ་ལག་བརྟན་བཞུགས་གསོལ།།
༣༽ས་དང་ཆུ་དང་མེ་རླུང་བཞིན།།
འགྲོ་བའི་ཉེར་འཚོའི་གཞིར་གྱུར་པ།།
བྱམས་བརྩེ་ཉི་མའི་དཀྱིལ་འཁོར་འཆང་།།
འགྲོ་བའི་མགོན་པོ་བརྟན་བཞུགས་གསོལ།།
༤༽ཕ་མ་འདོད་ལ་ཕ་མའི་ཚུལ།།
རྟག་ཏུ་བྱམས་བརྩེས་གཟིགས་མཛད་ཅིང་།།
གང་ལ་གང་འདུལ་དེར་སྟོན་པའི།།
སྙིང་རྗེའི་གཏེར་ཆེན་བརྟན་བཞུགས་གསོལ།།
༥༽གྲོགས་འདོད་པ་ལ་གྲོགས་པོ་དང་།།
བླ་མ་འདོད་ལ་བླ་མ་དང་།།
གང་གང་འདོད་པའི་གཏེར་གྱུར་པ།།
འདོད་འཇོ་ཁྱེད་ཉིད་བརྟན་བཞུགས་གསོལ།།
༦༽ཁམས་དང་མོས་པ་མཐའ་ཡས་པའི།།
འགྲོ་ཁམས་རྒྱ་མཚོའི་གཉེན་གཅིག་པུ།།
བདེ་ནས་བདེ་བའི་ལམ་སྟོན་པ།།
འགྲོ་བའི་དེད་དཔོན་བརྟན་བཞུགས་གསོལ།།
༧༽ཇི་སྲིད་ནམ་མཁའ་གནས་བར་དུ།།
དེ་སྲིད་གཞན་དོན་ལ་བརྩོན་པའི།།
ཐབས་མཁས་ཐུགས་རྗེའི་རོལ་གར་གྱིས།།
འཇིག་རྟེན་འདྲེན་པ་བརྟན་བཞུགས་གསོལ།།
༨༽ཕན་བདེའི་ལམ་ཀུན་འདོམས་མཛད་ཅིང་།།
རྨོངས་པའི་མུན་པ་དྲུངས་འབྱིན་པའི།།
ལེགས་གསུང་ལེགས་བཤད་གཏེར་ཆེན་པོས།།
འགྲོ་ཀུན་སྐྱོབ་པ་བརྟན་བཞུགས་གསོལ།།
༩༽ཐོག་མཐའ་ཀུན་ཏུ་དགེ་བ་ཡི།།
གཏི་མུག་རབ་རིབ་སེལ་མཛད་པའི།།
རྟེན་འབྱུང་གཏམ་གྱི་བདུད་རྩིའི་ཆར།།
དུས་ཀུན་འབེབས་པ་བརྟན་བཞུགས་གསོལ།།
༡༠༽ཕན་འདོགས་བསམ་པ་འབའ་ཞིག་འཆང་།།
རྟག་ཏུ་ཕན་པར་མཛད་པ་ཡི།།
སེམས་ཅན་ཀུན་གྱི་རེ་སྐོང་བའི།།
ཡིད་བཞིན་ནོར་བུ་བརྟན་བཞུགས་གསོལ།།
༡༡༽སྲིད་པར་འཁྱམ་ཞིང་ངལ་བ་ཡི།།
འགྲོ་ལ་ངལ་གསོའི་དབུགས་དབྱུང་ཞིང་།།
ལས་ཉོན་ནད་ཀུན་གསོ་མཛད་པའི།།
འགྲོ་བའི་སྨན་མཆོག་བརྟན་བཞུགས་གསོལ།།
༡༢༽མཁའ་ཁྱབ་སེམས་ཅན་རྒྱ་མཚོའི་དོན་གྱི་ཕྱིར།།
སེམས་ཀྱི་ཉེས་ཀུན་སེལ་པའི་བདུད་རྩིའི་གཏེར།།
སྣ་མང་ཐབས་མཁས་འཕྲུལ་གྱིས་ལེགས་འདོམས་པའི།།
འགྲོ་བའི་སེམས་ཀྱི་སྨན་པ་བརྟན་བཞུགས་གསོལ།།
༡༣༽ཀུན་ལ་སེམས་ཀྱི་དམ་པ་རིན་ཆེན་གྱི།།
སྨན་མཆོག་མྱུ་གུ་དུས་ཀུན་སྐྱེད་མཛད་ཅིང་།།
སྲིད་པའི་ཞིང་ས་དགེ་བར་སྐྲུན་མཛད་པའི།།
འཇིན་རྟེན་མཁྱེན་པ་མཆོག་གང་བརྟན་བཞུགས་གསོལ།།
༡༤༽གང་ལ་གནོད་དང་མི་སྙན་བརྗོད་པ་དག།
ལྷག་པར་བརྩེ་བའི་བུ་བཞིན་དགོངས་གྱུར་ནས།།
གཅིག་ཏུ་ཕན་པའི་ལན་ལྡོན་ལ་བརྩོན་པའི།།
འགྲོ་ཀུན་གྲོགས་སུ་གྱུར་པ་བརྟན་བཞུགས་གསོལ།།
༡༥༽ཚུལ་བསྟན་སྙུན་དང་བགྲེས་པ་ཡི།།
གསང་གསུམ་མཛད་པ་ཕྲ་མོ་རེས།།
ཚོགས་གཉིས་རྒྱ་མཚོ་འཕྱུར་མཛད་པའི།།
འགྲོ་དོན་མཛད་པ་བརྟན་བཞུགས་གསོལ།།
༡༦༽འགྲོ་ལ་ཕན་པའི་རྣམ་ཐར་ལ།།
བསྐལ་པ་དུ་མར་རབ་གོམས་པས།།
མནལ་དང་མཉམ་པར་མ་བཞག་ཀྱང་།།
ཕན་མཛད་མཆོག་ཁྱེད་བརྟན་བཞུགས་གསོལ།།
༡༧༽སྨན་དང་སྨན་གྱི་ལྗོན་པ་བཞིན།།
མཐོང་ཐོས་དྲན་དང་མོས་བྱེད་པས།།
བདེ་དགའ་རྒྱ་མཚོའི་དཔལ་སྟེར་པའི།།
འགྲོ་བའི་ཉི་མ་བརྟན་བཞུགས་གསོལ།།
༡༨༽སོར་བཅུའི་ཐལ་མོ་སྙིང་གར་སྦྱར།།
རྩེ་གཅིག་གུས་པའི་ཕྱག་འཚལ་བཞིན།།
འགྲོ་བའི་མུན་ཁམས་ཆེན་པོ་ཡི།།
ཆོས་ཀྱི་སྒྲོན་མེ་བརྟན་བཞུགས་གསོལ།།
༡༩༽དངོས་དང་ཡིད་ཀྱིས་རྣམ་སྤྲུལ་པའི།།
ཡིད་འོང་མཆོད་སྤྲིན་དཔག་མེད་བཞིས།།
རྒྱུན་མི་ཆད་པར་མཆོད་བྱེད་ན།།
ཞིང་མཆོག་དམ་པ་བརྟན་བཞུགས་གསོལ།།
༢༠༽རང་གཅེས་གོམས་པ་ཤུགས་དྲག་པས།།
གཞན་དོན་སེམས་པ་ཡོངས་སྤངས་ཤིང་།།
བཀའ་བཞིན་མ་བརྩོན་བཤགས་སྡོམ་ན།།
འགྲོ་བའི་མགོན་པོ་བརྟན་བཞུགས་གསོལ།།
༢༡༽གང་གི་གསང་གསུམ་མཛད་པ་ཡི།།
ཆ་ཤས་རེ་ཡང་རླབས་ཆེན་ཀྱི།།
རྒྱལ་སྲས་སྤྱོད་པར་ཡི་རང་ན།།
སྙིང་རྗེའི་གཏེར་ཆེན་བརྟན་བཞུགས་གསོལ།།
༢༢༽ཆེར་སྙིགས་ལྔ་བདོའི་སྲིད་འགྲོ་ཡི།།
སྙིང་གི་མུན་སེལ་ཉི་ཟླའི་དཔལ།།
དམ་ཆོས་སྒྲོན་མེ་སྦར་དུ་གསོལ།།
སྨྲ་བའི་སེངྒེ་བརྟན་བཞུགས་གསོལ།།
༢༣༽གང་ལ་དད་ཅིང་མོས་པའི་བློ།།
རྟག་ཏུ་མི་གཡོའི་བརྟུལ་ཞུགས་ཀྱིས།།
པུས་མོའི་ལྷ་ང་སར་བཙུགས་ནས།།
བསྐལ་པ་རྒྱ་མཚོར་བརྟན་གསོལ་འདེབས།།
༢༤༽བདག་གཞན་སྒོ་གསུམ་དགེ་བ་ལས།།
དུས་གསུམ་ཚོགས་གཉིས་གང་བསགས་པ།།
དགྱེས་བཞིན་རྗེས་སུ་འཛིན་པར་བསྔོ།།
དཔལ་ལྡན་བླ་མ་བརྟན་བཞུགས་གསོལ།།
༢༥༽སྐྱེ་ཀུན་བཤེས་གཉེན་དམ་པའི་རྣམ་རོལ་ནས།།
སྙིང་གི་དབུས་དང་གཙུག་གི་རྒྱན་བཞུགས་ཏེ།།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པ་ཡི།།
དམ་ཆོས་བདུད་རྩིས་རྟག་ཏུ་འཚོ་བར་ཤོག།
༢༦༽ཇི་སྲིད་ནམ་མཁའ་གནས་པ་དེ་སྲིད་དུ།།
འགྲོ་བའི་དོན་ལ་བརྩོན་པར་དམ་བཅས་བཞིན།།
བདག་ཅག་མགོན་མེད་འགྲོ་བའི་མགོན་མཛད་ནས།།
སྐུ་ཚེ་བསྐལ་པ་རྒྱ་མཚོར་བརྟན་བཞུགས་གསོལ།། །།
༡༧/༤/༢༠༡༩ ཉིན་༧སྐུའི་བླ་གཟའ་དགེ་བར་གུས་འབངས་ཚ་རུ་མ་ཐབས་མཁས་ཀྱིས་ཨོ་གླིང་མེལ་བྷིན་གྲོང་གི་མཐའི་རང་གནས་ནེའུ་ལེན་བྱ་བའི་དབེན་ལྗོངས་ནས་བྲིས་པའོ།།
ཚ་རུ་མ་འམ་ཐབས་མཁས་ཀྱིས། །
གསོལ་འདེབས་བརྟན་བཞུགས་ཁ་བརྡར་མཇལ། །
ངས་ཀྱང་ཐང་གཅིག་བཀླགས་མ་ཐག །
ཡི་རང་གསོལ་འདེབས་ཇི་བཞིན་ཤོག །
་
བསྐལ་མང་ཐུགས་རྗེ་གོམས་པ་ལས། །
འགྲོ་མང་སྡུག་བསྔལ་སེལ་མཛད་ཅིང་། །
བོད་འབངས་སྡུག་བསྔལ་མནར་ནས་བཟུང་། །
ད་ལྟའང་ཁྱེད་བསྟེན་བརྟན་བཞུགས་གསོལ། །
གང་མགྱོགས་རི་བོ་རྩེ་ལྔར་ཕེབས། །
དེ་རྗེས་སྟར་འཚེར་འཁྲུངས་ཡུལ་ནས། །
ལྷ་སའི་བར་གྱི་འགྲོ་རྣམས་ལ། །
བྱིན་རླབས་དབུགས་དབྱུང་བརྟན་བཞུགས་གསོལ། །
དགུང་གྲངས་བརྒྱ་དང་བཅུ་གསུམ་བར། །
༸སྐུ་ཡིས་ཡར་ཕེབས་མར་བཞུགས་གསོལ། །
༸གསུང་གིས་འདི་ཕྱིའི་ལམ་སྟོན་གསོལ། །
༸ཐུགས་ཀྱིས་རྗེས་འཛིན་ཞལ་བཞེས་གསོལ། །
ཚ་རུ་མ་འམ་ཐབས་མཁས་མཆོག
ཀརྡོ་རབ་འབྱམས་རྣམ་གཉིས་ཀྱིས།
བླ་མར་དད་པ་དབྱངས་གསལ་གྱིས།
བསྡེབས་པར་མཛད་ལ་བདག་ཡིད་རངས།
གངས་ཅན་མགོན་པོའི་སྐུ་ཚེ་བརྟན་པ་ལ།
ཆོལ་གསུམ་བོད་མིའི་དད་དམ་བརྟན་ན་དགའ།
གངས་ཅན་མགོན་པོར་བརྟན་བཞུགས་འབུལ་འདོད་ན།
གང་གི་བཀའ་སློབ་ལམ་སྟོན་རྒྱུན་དུ་སྲུང།
གངས་ཅན་མགོན་པོའི་སྐུ་ཚེ་བརྟན་པ་ལ།
སྐུ་ངལ་གསོ་རྒྱུའི་དུས་ཚོད་མང་ཙམ་ཕུལ།
ཐབས་མཁས་ཞུ་བས་གསོལ་བཏབ་བཞིན། །
བདག་ཀྱང་དེ་བཞིན་གསོལ་བ་འདེབས། །
ཀུན་ཀྱང་དེ་ལྟར་གསོལ་བ་ཐོབས། །
དགེ་བས་འགྲོ་ཀུན་སངས་རྒྱས་ཤོག །
བླ་མ་ཡིད་བཞིན་ནོར་བུ་ཁྱེད་ཀྱིས་མཁྱེན། སྐུ་ཚེ་གསལ། ཐང། བརྟན།
མཆོག་གསུམ་ཀུན་འདུས་བླ་མར་དད་ཕྱག་འཚལ།།
སྒོ་གསུམ་གུས་པས་བཀའ་སྒྲུབ་མཉེས་མཆོད་འབུལ།།
དུག་གསུམ་དབང་གྱུར་ནོངས་རྣམས་མཐོལ་ལོ་བཤགས།།
གསང་གསུམ་མཛད་པ་རྒྱ་མཚོར་རྗེས་ཡི་རང་།།
ཐེག་གསུམ་ཆོས་ཆར་དུག་གསུམ་མགོ་ལ་དབོབས།།
ཁམས་གསུམ་འགྲོ་བའི་མགོན་དུ་ཞབས་བརྟན་གསོལ།།
དུས་གསུམ་རང་གཞན་དགེ་འབྲས་ཅི་མཆིས་པ།།
དཀོན་མཆོག་གསུམ་དངོས་ཁྱེད་རྗེས་འཛིན་ཕྱིར་བསྔོ།།
#2 ལ་དྭགས་འཇམ་དཔལ།། ་ལགས་སུ།
ཁྱེད་སྐུ་ཁམས་བཟང་། བཀྲ་ཤིས་བདེ་ལེགས་ཞུ། སྐུ་གཟུགས་འཕྲོད་བསྟེན་དང་། སྐུ་ཚེ་ཡུན་བརྟན་ཞུའོ།། །།
ཀརྡོ་རབ་འབྱམས་པ་མཆོག་གིས། མཚམས་འདྲི་དང་། ཤིས་བརྗོད། བསླབ་སྟོན་མཛད་པར་འཇུ་་མང་དུ་ཞུ། འཇུ་ཡི་དོན་དག་ཅི་ནམ། བཀའ་གདམས་པ་འཛུགས་པ་པོས་དཔེ་མང་པོ་སྤུངས་པ་ན། དེ་དག་གི་གྲས་སུ་། འདི་ཡང་ཚུད་པ་མཁྱེན་གསལ་ལྟར་ཡིན་ལགས་སོ།
དགེ་བའི་བཤེས་གཉེན་པོ་ཏོ་བས་མཛད་པའི་དཔེ་ཆོས་རིན་ཆེན་སྤུངས་པ་,ན།
འཕེན་ཡུལ་གྱི་མི་དག་རྒྱལ་ཕམ་་རྩེ་བ་ན། ཕམ་པ་དེས་རྒྱལ་བ་ལ༏ ཇོ་བོ་འཇུ་ཁྱེད་ལ་སྐྱབས་སོ། དེ་ནས་རྒྱཨ་བ་དེས།་ཕ༹མ་པ་དེ་ལྷོད་པ་ན། ཚིག་ ངན་པ་ལབ་བཞིན་འགྲོ་བར་གསུངས་སོ།་རང་རེ་རྣམས་ཉམ་ཐག་པའི་སྐབས་ཆོས་བྱེད ་སྐྱིད་པའི་དུས་སུ་ཆོས་མི་དྲན་ནོ། དཔེར་ན། བདག་ལྟ་བུའོ།