རོང་པོ་བློ་བཟང་རིན་ཆེན།
ངའི་ཁང་མིག་ཏུ་ཚ་དྲོད་ཀྱིས་ཁྱབ་ཏེ་ལུས་པོ་རྔུལ་ནག་གིས་བརླན། འོན་ཀྱང་རེས་གཟའ་ཟླ་བའི་ངལ་གསོ་ལ་ཁ་གཡར་ནས་ལྷོད་ཀྱིས་ཉལ་བ་ཡིན། ཡར་ལངས་སྐབས་གཡས་གཡོན་གྱི་ཤག་མཚེས་ཚང་མས། སོ་སོར་དབང་བའི་ཤག་མིག་ཆུང་ཆུང་རེ་ལ་རང་དབང་གི་ལྷ་མོ་མགྲོན་དུ་བསུས་ཏེ་ཁུ་སིམ་མེར་བཞུགས་འདུག ངས་ཁོ་ཚོའི་ལྷིང་འཇགས་ལ་བར་ཆད་བཟོ་མ་ཕོད་པར་ཤག་ལ་འཛུལ་ནས་<<ཡབ་ཀྱི་བུ་མོར་སྤྲིངས་པའི་འཕྲིན་>>གྱི་<<སྐད་ཆ་དང་ཡི་གེ་ཨང་ཡིག་རྣམས་>>ཞེས་པའི་ཚན་པ་འདི་བཀླགས་ཁུལ་བྱས།
སྤྱིར་སྐད་ཡིག་གི་སྐོར་ལ་ཚན་པ་སྔ་མ་དག་ཏུ་ཅུང་ཙམ་རགས་བཤད་བྱས་ཟིན་པ་རེད། འོན་ཏེ་འདིར་འགྲོ་བ་མིའི་རིགས་ཀྱིས་སྐད་ཡིག་དེ་ཇི་ལྟར་འགོ་བརྩམས་མིན་ལ་རྒྱུས་ལོན་ཉུང་ཙམ་བྱས་འདུག ང་ཚོས་མཐོང་བ་ལྟར་སྤྲེའུ་དང་སེམས་ཅན་མང་པོ་ཞིག་ལ་འཇིགས་སྣང་དང་། ཡང་ན་སྤྲོ་སྣང་བྱུང་སྐབས་སོགས་སུ་ངག་ནས་སྐད་བརྡ་ཁྱད་མཚར་རེ་འབྱིན་གྱི་མི་འདུག་གམ། ང་ཚོ་འགྲོ་བ་མིའི་སྐད་ཡིག་ཀྱང་དང་ཐོག་ཁོང་ཚོའི་སྐད་བརྡ་བཞིན་ང་རོ་ཙམ་ལས་ཅི་ཡང་འབྱིན་མི་ཐུབ་ནའང་། འཇིགས་སྐྲག་ཚད་མེད་རེ་བྱུང་སྐབས་སུ་ཕན་ཚུན་ཉེན་བརྡ་གཏོང་བའི་ང་རོ་སྟབས་བདེ་རེ་ནས་འགོ་བཙུགས་ཏེ་སྐད་ཡིག་གི་དབུ་བརྙེས་པ་ཡིན་ནམ། ཡང་ན་ཕན་ཚུན་མཉམ་རུབ་ཀྱི་ལས་ཀ་རེ་གཉེར་སྐབས་ཚང་མས་མཉམ་གཅིག་ཏུ་སྒྲོག་པའི་ངལ་རྩོལ་གྱི་སྐད་བརྡ་རེ་ནས་མིའི་རིགས་ཀྱི་སྐད་ཡིག་གི་དབུ་བརྙེས་པ་ཡིན། གང་ལྟར་དང་ཐོག་ཐ་སྙད་སྟབས་བདེ་མིང་ཚིག་ལས་གཞན་བྱ་ཚིག་སོགས་མེད་པ་འདྲ། རིམ་གྱིས་སྐད་བརྡ་འཕེལ་རྒྱས་ལ་སོང་ནས་ཚིག་སྒྲུབ་ཐུང་ཐུང་རེ་གྲུབ། དེ་ནས་རིམ་བཞིན་སྙན་འཇེབས་ངག་གི་སྒྱུ་རྩལ་ལས་བྱུང་བའི་བརྗོད་པ་རིང་ཐུང་བཅོ་བརྒྱད་བྱུང་བ་རེེད། འོན་ཀྱང་དེ་ཙམ་གྱིས་མིའི་རིགས་ལ་གཅིག་གྱུར་གྱི་སྐད་ཡིག་ཅིག་བྱུང་བ་རེད་དམ་ཟེར་ན་ཁྱོན་ནས་མ་རེད། ཁོར་ཡུག་དང་ཕན་ཚུན་འབྲེལ་ལམ་སོགས་སྟབས་བདེ་མེད་པས་ཕལ་ཆེར་ཡུལ་ལུང་རེ་ལ་སྐད་བརྡ་རེ་དང་གོམས་གཤིས་རེ་གྲུབ་པ་རེད། སྐབས་དེར་ཁོང་ཚོས་ཡིག་ཐོག་ནས་མགུར་གླུ་དང་སྙན་ཚིག་སྦྱོང་རྒྱུ་མེད་ནའང་། ངག་ནས་ངག་བརྒྱུད་དེ་མགུར་གླུ་དང་སྙན་ཚིག་གི་རིགས་བློ་ལ་བཟུང་ནས་སྐད་ཡིག་གི་རྒྱུད་འཛིན་བྱས་པ་རེད། དེ་ལྟར་སྐད་ཡིག་འཕེལ་རྒྱས་བྱུང་བ་ལ་བརྟེན་ནས་སྐད་ཡིག་གི་ཁྱིམ་རྒྱུད་ཆེན་མོ་བཞི་སོགས་པ་བྱུང་བ་རེད། དེ་ལྟ་དེ་ལྟར་ལོ་ཟླ་རིམ་གྱིས་བསྐྱོད་ནས་ཕན་ཚུན་འབྲེལ་ལམ་སྟབས་བདེ་དང་གོ་ལ་གཅིག་གྱུར་གྱི་ཁ་གཡང་འབོད་བཞིན་པའི་དུས་རབས་འདི་བྱུང་བ་རེད། ད་ཆ་སྔོན་ཆད་ཡུལ་ལུང་སོ་སོས་སྤྱོད་མྱོང་བའི་སྐད་བརྡ་མང་པོ་ཞིག་ཉམས་ཚར་ནའང་། ད་དུང་གོ་ལ་འདིར་ལྷག་པའི་ཡུལ་ལུང་སོ་སོའི་སྐད་བརྡ་སྟོང་ཕྲག་འགའ་ཡོད་པ་<<ལུག་རྫི་རྒན་པོའི་ཀི་སྒྲ་>>ལས་མཐོང་མྱོང་། མདོར་ན་ང་ཚོའི་སྐད་ཡིག་ནི་དེ་ལྟར་དབུ་བརྙེས་ཤིང་ཡལ་ག་རྒྱས་ཏེ་འབྲས་བུ་སྨིན་པ་ཞིག་རེད་འདུག་གོ །
གྲངས་རྩིས་སམ་ཨང་ཡིག་ནི་ཧ་ཅང་གསར་རྙེད་ཆེན་མོ་ཞིག་དང་། དེ་གསར་གཏོད་བྱེད་མཁན་དེའང་སྐྱེ་སྟོབས་ཀྱི་ཤེས་རབ་ཕུན་སུམ་ཚོགས་པ་མངའ་བའི་སྐྱེས་བུ་ཞིག་ཏུ་ངོས་འཛིན་བྱས་ནས་བསྟོད་བསྔགས་བགྱིས་འདུག སྤྱིར་སྐད་ཡིག་སོ་སོའི་ནང་ཨང་ཡིག་འབྲི་སྟངས་རེ་ཡོད་མོད། དཔེར་ན་བོད་ཀྱི་སྐད་ཡིག་ཏུ་༡ ༢ ༣ ༤ ༥ ༦ ༧ ༨ ༩ ༡༠ ལྟ་བུ་རེད། དེ་བཞིན་གཞན་ཚང་མར་ཡོད་ནའང་དང་པོར་གཅིག་གྱུར་དུ་བཀོལ་བའི་ཨང་ཡིག་ནི་རཱོ་མན་ཨང་ཡིག་ཅེས་འབོད་བཞིན་པའི་I, II , IV, V, VII, VIII, IX, X ལ་སོགས་པའི་ཨང་ཡིག་འདི་རེད། འདི་ཅུང་ཙམ་རྫོར་པོ་ཞིག་དང་དོ་དམ་བྱེད་པར་དཀའ་ཉོག་ཡོད་པར་བཤད་འདུག ད་ལྟ་ཡོངས་ཁྱབ་ཏུ་བཀོལ་བཞིན་པའི་ཨང་ཡིག་ནི་1 2 3 4 5 6 7 8 9 10འདི་རེད། འདི་ནི་ཆེས་སྟབས་བདེ་ཤོས་སུ་གྱུར་ནས་ཡོངས་ཁྱབ་ཏུ་གྱུར་བ་རེད། འདི་ལ་ཨ་རབ་ཀྱི་ཨང་ཡིག་ཟེར་ནས་འབོད་བཞིན་ཡོད། དེ་ལྟར་འབོད་པའི་རྒྱུ་མཚན་ཡོ་རོབ་ནང་གི་མིས་ཐོག་མར་ཨ་རབ་བརྒྱུད་ནས་དར་ཡོང་བ་ཤེས་པས་དེ་ལྟར་བཏགས་པ་རེད། “དོན་དངོས་ཐོག་ཨང་ཡིག་འདི་ནི་ཨ་རབ་པ་ཚོས་རྒྱ་གར་ནས་བསླབས་ཡོང་བ་རེད། དེའི་ཕྱིར་འདི་ལ་རྒྱ་གར་གྱི་ཨང་ཡིག་ཟེར་ན་ཧ་ཅང་འཚམས་པོ་ཡོད་པ་རེད་”ཅེས་གདམས་འདུག
མདོར་ན་ཚན་པ་འདི་ནས་ང་ཚོས་རྒྱུན་དུ་གླེང་བཞིན་པའི་སྐད་ཡིག་གི་སྐོར་དང་། རྒྱུན་དུ་བཀོལ་བཞིན་པའི་ཨང་ཡིག་སོགས་ཀྱི་རྒྱབ་ལྗོངས་ཉུང་ངུ་རེ་རྟོགས་པ་ནི་དཔེ་ཆ་འདི་ཉིད་བཀླགས་པའི་གནས་སྐབས་ཀྱི་དགོས་པ་ཕྲན་བུ་ཞིག་ཡིན་ངེས།
2019/ 4 15 ལ་རང་ཤག་ཏུ་བྲིས།
རོང་པོ་བློ་བཟང་རིན་ཆེན ་གྱི་ཡི་གེ་རྣམས་དག་པོ་དང་། བརྗོད་བྱ་སྙན་པས། བུ་བསམ་བློ་ཡོད་པ་ཞིག་ཡིན་ས་རེད།
ཨང་གྲངས་སྐོར། རྒྱ་གར་ནས་ནུབ་གླིང་ཕྱོགས་ལ་ཨ་རབ་ཡུལ་བརྒྱུད་ནས་སོང་བ་ངས་ཀྱང་ཐོས། བོད་དང་། ནུབ་ཕྱོགས་པས་རྒྱ་གར་ཨང་གྲངས་བཀོལ་བ། སུ་སྔ་བ་ཡིན། རང་རེས་དཔྱོད་དགོས་པ་ཞིག་ཡིན། དོན་རྩ་ནི། ཀླད་སྐོར་བཟོ་མ་ཐུབ་པ་དེ་རེད། རྒྱ་གར་པས་དེ་ལ་སྟོང་པ་ཟེར།
ཁ་སྡོམ་བྱེད་ཀྱི་སྒྲོག་དང་། ཤུགས་ཀྱིས་བཏོན་པའི་སྒྲ་ལ་སྒྲོགས་ཟེར་བ་རེད་དེ། དེང་དུས་སྔོན་རྗེས་འཐོན་དཀའ། སྔར་གྱི་དཔེ་ཆ་ན་ཡོད་པ་རེད། དཔེར་ན། འབྲུག་ལྟར་ཆེར་སྒྲོགས་དང་། ལས་ཀྱི་ལྕགས་སྒྲོག ཅེས་པ་ལྟ་བུ་རེད།