ཆབ་ཚང་འཇམ་དཔལ་གྱིས་བརྩམས།
བླ་མ་དང་མགོན་པོ་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།
ཐོག་མར་ཡུལ་དམ་པ་རྣམས་ལ་མཆོད་པར་བརྗོད་པ་ནི།
རྩ་བར། རྒྱལ་དང་རྒྱལ་བའི་སྲས་རྣམས་གཤེགས་པའི་བཤུལ། །ལེགས་གསུངས་ལེགས་ལམ་ཇི་བཞིན་ཐུགས་ཆུད་ནས། །མ་ནོར་མ་འདྲེས་རྫོགས་པར་སྟོན་མཛད་པའི། །མཁས་པའི་མཁས་པ་དེ་ལ་མགོས་ཕྱག་འཚལ། །
ཉོན་མོངས་པའི་བདུད་དང༌། ཕུང་པོའི་བདུད། ལྷ་ཡི་བདུད། འཆི་བདག་གི་བདུད་སོགས་བདུད་བཞི་ལས་ལེགས་པར་རྒྱལ་བའི་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལམ་གྱི་རིམ་པ་གང་ཞིག་ལ་བརྟེན་ནས་གཤེགས་པའི་བཤུལ། ཐེག་པ་གསུམ་གྱི་གཞི་ལམ་འབྲས་བུ་དང་བཅས་པའི་རྣམ་གཞག་ལེགས་པར་གསུངས་པའི་ལེགས་ལམ་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་ནས། དེ་དག་གི་དོན་རྣམས་མ་ནོར་བ་དང༌། ཕན་ཚུན་དང་གོང་འོག་མ་འདྲེས་པར་ཞལ་གསལ་ཞིང་གོ་བདེ་བའི་ཐོག་ནས་རྫོགས་པར་སྟོན་པར་མཛད་པའི་རི་བོ་གངས་ཅན་པའི་མཁས་གྲུབ་ཀུན་གྱི་ཁྲོད་ནས་ཆེས་ཆེར་འཕགས་པའི་མཁས་པའི་ནང་ནས་ཀྱང་ཆེས་མཁས་པ་ཆོས་རྗེ་དོན་གྲུབ་རིན་ཆེན་དང༌། རེད་མདའ་བ་གཞོན་ནུ་བློ་གྲོས་སོགས་ཀྱིས་མཚོན་བདག་གི་ཡོངས་འཛིན་དམ་པ་དེ་དག་རྣམས་ལ་མགོ་བོས་ཕྱག་འཚལ་ཞིང་སྙིང་ནས་སྐྱབས་སུ་མཆིའོ།།
རྩོམ་པར་དམ་བཅའ་བ།
རྩ་བར། རྣམ་རིག་གཞུང་གི་ཤིན་ཏུ་དཀའ་བའི་གནས། །ཡིད་དང་ཀུན་གཞི་གསལ་བར་བསྟན་པ་དང༌། །བདག་ཉིད་དྲན་པ་གསོ་བར་བྱ་བའི་ཕྱིར། །བླ་མའི་གསུང་ལ་བརྟེན་ནས་འདིར་བཤད་བྱ། །
རྣམ་པར་རིག་པའམ་སེམས་ཙམ་པའི་གཞུང་གི་ཆེས་ཤིན་ཏུ་ནས་རྟོགས་པར་དཀའ་བའི་གནས་སུ་གྱུར་པ་ཉོན་ཡིད་དང་ཉོན་ཡིད་ཀྱིས་བདག་ཏུ་སྦྱོར་བའི་ཀུན་གཞིའི་རྣམ་གཞག་སོགས་སྐལ་ལྡན་གྱི་གདུལ་བྱ་གཞན་དང་གཞན་ལ་ཚིག་ཉུང་དོན་བསྡུས་ཀྱི་སྒོ་ནས་གསལ་བར་བསྟན་པ་དང་། བདག་ཉིད་ཀྱིས་ཀྱང་སྔོན་གྱི་ཚེ་ལེགས་པར་སྦྱངས་ཟིན་པ་རྣམས་བརྗེད་ངས་ཀྱི་རྐུན་པོའི་ལག་ཏུ་མ་ཤོར་བར་སེམས་ནང་དྲན་པ་ཡང་ནས་ཡང་དུ་གསོ་བར་བྱ་བའི་ཕྱིར། ངོས་རང་གི་དངོས་བརྒྱུད་ཀྱི་བླ་མ་དམ་པ་དགེ་བའི་བཤེས་གཉེན་དུ་མའི་གསུང་གི་རྒྱུན་བརྗེད་དུ་འཕངས་པ་རྣམས་གཞིར་བཞག་ཐོག་རང་གི་གོ་སྟོབས་ཕྲན་བུ་རེས་ཟུར་བརྒྱན་པ་བཅས་ལ་བརྟེན་ནས་གཞུང་འདིར་ཐོགས་མེད་སྐུ་མཆེད་ཀྱི་ལུགས་བཞིན་ཞལ་གསལ་ཞིང་གོ་བདེ་བའི་དབང་དུ་བྱས་ནས་བཤད་པར་བྱ།
ཐེག་ཆེན་གྱི་བསྟན་པ་སླར་ཡང་འཇིག་རྟེན་དུ་དར་རིམ་བཤད་པ།
རྩ་བར། སྨྲ་བའི་དམ་པས་ཐེག་པ་མཆོག །འཛིན་པ་ལུང་བསྟན་འཕགས་པ་ཀླུས། །ཐེག་མཆོག་རྒྱས་པར་མཛད་པའི་རྗེས། །ལུང་བསྟན་བརྙེས་པའི་ཐོགས་མེད་ཀྱིས། །སྲོལ་བཏོད་སྔོན་དུ་དབུ་མ་ཉིད། །
ཕྱི་དང་ནང་གི་སྟོན་པ་ཐམས་ཅད་ལས་ཀྱང་གསུང་གི་དབང་ཕྱུག་ཏུ་གྱུར་པ་སྨྲ་བའི་དམ་པ་སྙིགས་དུས་ཀྱི་རྣམ་འདྲེན་བཞི་པ་སྟོན་པ་ཐུབ་པའི་དབང་པོས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་སོགས་ཐེག་པ་འོག་མ་དག་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་ཐེག་པ་ཆེན་པོའི་བསྟན་པ་དབུ་མའི་ལུགས་མཆོག འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་འཇིག་རྟེན་གསུམ་དུ་འཛིན་པར་མདོ་སྡེ་ལངྐར་གཤེགས་པ་དང༌། འཇམ་དཔལ་རྩ་བའི་རྒྱུད་སོགས་སུ་ལུང་གིས་བསྟན་པའི་འཕཌ་པ་ཀླུ་སྒྲུབ་ཀྱིས་ཐེག་པ་མཆོག་སྟེ་ཐེག་ཆེན་གྱི་ཤེར་ཕྱིན་གྱི་མདོ་སྡེ་དུ་མ་ཀླུ་ཡུལ་སོགས་ནས་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་སྤྱན་དྲངས་ཏེ་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པར་མཛད་པའི་རྗེས། ལུང་བསྟན་བརྙེས་པ་སྟེ་དེ་སྔོན་ལུང་དུ་བསྟན་པའི་ས་གསུམ་བརྙེས་པ་འཕགས་པ་ཐོགས་མེད་ཀྱིས། ཆོས་ཐམས་ཅད་ནང་སེམས་ཀྱི་བདག་ཉིད་ཙམ་དུ་སྨྲ་པའི་རྣལ་འབྱོར་སྤྱོད་པའི་ལམ་གྱི་སྲོལ་ལེགས་པར་བཏོད་པ་དང༌། དེ་ལྟར་སྲོལ་མ་བཏོད་པའི་སྔོན་དུ་དབུ་མ་ཉིད་དམ་དབུ་མའི་ཚུལ་ལས་འཇིག་རྟེན་འདིར་ཐེག་ཆེན་གྱི་གྲུབ་མཐའ་གཞན་མེད་དོ།།
དང་པོ་མདོར་བསྟན་པ་ལ། ཀུན་གཞི་དང་ཉོན་ཡིད་མདོར་བསྡུས་ནས་བསྟན་ཚུལ་ནི།
རྩ་བར། མཚན་ཉིད་གྲུབ་པར་བྱེད་པ་དང༌། །དགུ་དང་གཅིག་པུར་འདོད་པ་དག །དོན་རྣམ་བཞི་ཡིས་ཀུན་གཞི་དང༌། །ཉོན་མོངས་ཅན་ཡིད་ཤེས་པར་བྱ། །
འོ་ན། རྣལ་འབྱོར་སྤྱོད་པའི་ལུགས་ཀྱི་དཀའ་བའི་གནས་ཀུན་གཞི་དང་ཉོན་ཡིད་གཉིས་ཀྱི་རྣམ་གཞག་རྒྱུ་གང་ལ་བརྟེན་ནས་གོ་དོན་དངོས་ཇི་ལྟ་བ་བཞིན་ཤེས་སྙམ་ན། དེ་ཡང་མཚན་ཉིད་དང༌། གྲུབ་པར་བྱེད་པ་དང་། རྣམ་ཤེས་ཚོགས་དགུར་འདོད་པ་དགག་པ་དང་། རྣམ་ཤེས་ཚོགས་གཅིག་པུར་འདོད་པ་དགག་པ་སོགས་དོན་གྱི་རྣམ་པ་མི་འདྲ་བ་བཞི་ཡིས་ཀུན་གཞི་དང་། ཉོན་མོངས་ཅན་གྱི་ཡིད་ཀྱི་རྣམ་གཞག་གཉིས་ཀྱི་གོ་དོན་དངོས་ཇི་ལྟ་བ་བཞིན་ཤེས་པར་བྱའོ།།
གཉིས་པར་རྒྱས་པར་བཤད་པ་ལ། མཚན་ཉིད་དང༌། སྒྲུབ་པར་བྱེད་པ་དང༌། རྣམ་ཤེས་དགུར་འདོད་པ་དང༌། རྣམ་ཤེས་གཅིག་པུར་འདོད་པ་བཅས་བཞི། དང་པོ་མཚན་ཉིད་ལ་ཀུན་གཞི་དང༌། ཉོན་ཡིད་ཀྱི་མཚན་ཉིད་གཉིས། དང་པོ་ཀུན་གཞི་ལ་རྟེན་དུ་གྱུར་པ་རྣམ་སྨིན་གྱི་ཀུན་གཞི་དང༌། བརྟེན་པ་ས་བོན་གྱི་ཀུན་གཞི་གཉིས་ཡོད་པར་སྟོན་པ་ནི།
རྩ་བར། མཚན་ཉིད་གཉིས་ལས་ཀུན་གཞི་ནི། །རྟེན་དང་བརྟེན་པའི་དབྱེ་བ་ཡིས། །མཚན་ཉིད་རྣམ་པ་གཉིས་སུ་འདོད། །
དང་པོའི་མཚན་ཉིད་ལ་ཀུན་གཞི་དང་ཉོན་ཡིད་ཀྱི་མཚན་ཉིད་གཉིས་ལས། དང་པོ་ཀུན་གཞིའི་མཚན་ཉིད་ལ་ནི། རྟེན་དུ་གྱུར་པ་རྣམ་སྨིན་གྱི་ཀུན་གཞི་དང་བརྟེན་པ་ས་བོན་གྱི་ཀུན་གཞིའི་དབྱེ་བ་ཡིས་མཚན་ཉིད་ཀྱི་རྣམ་པ་གཉིས་སུ་དབྱེ་བར་འདོད་དོ།
དེའི་དང་པོ་རྟེན་དུ་གྱུར་པ་རྣམ་སྨིན་གྱི་ཀུན་གཞིའི་མཚན་ཉིད་ནི།
རྩ་བར། དེ་ལ་རྟེན་གྱུར་ཀུན་གཞི་ནི། །དོན་དང་སེམས་ཅན་བག་ཆགས་ལ། །རྣམ་པར་རིག་པ་མི་རིག་པ། །ལུང་དུ་མ་བསྟན་རེག་ལ་སོགས། །ལྔ་ཉིད་དང་ལྡན།
དེ་ལ་རྟེན་དུ་གྱུར་པ་རྣམ་སྨིན་གྱི་ཀུན་གཞི་ལ་ནི། དམིགས་པ་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་དོན་ལྔ་དང་། རང་གི་ཐུན་མོང་མ་ཡིན་པའི་བདག་འབྲས་སུ་གྱུར་པའི་སེམས་ཅན་གྱི་མིག་རྣ་བ་སྣ་ལྕེ་ལུས་ཀྱི་དབང་པོ་ལྔ་དང༌། གང་ཟག་གི་བདག་འཛིན་དང་ཆོས་ཀྱི་བདག་འཛིན་གྱི་བག་ཆགས་སོགས་གསུམ་ལ་དམིགས་ནས། རྣམ་པ་དབང་དོན་གཉིས་ཀ་རྣམ་པར་རིག་པ་སྟེ་རྟེན་དུ་གྱུར་པ་རྣམ་སྨིན་གྱི་ཀུན་གཞི་ལ་ལེགས་པར་སྣང་ཡང༌། མི་རིག་པ་སྟེ་རང་གིས་ཀྱང་མི་ངེས་ལ་རྗེས་སུ་ངེས་པའང་རྩ་བ་ནས་འདྲེན་མི་ནུས་པ་མ་ཟད། ངོ་བོ་དགེ་མི་དགེ་གང་གི་ཕྱོགས་སུའང་སངས་རྒྱས་ཀྱིས་ལུང་དུ་མ་བསྟན་པ། འཁོར་ཚོར་བ། འདུ་ཤེས། སེམས་པ། རེག་པ། ཡིད་ལ་བྱེད་པ་སོགས་སེམས་བྱུང་ཀུན་འགྲོ་ལྔ་ཉིད་དང་མཚུངས་པར་ལྡན་པ། སྐྱེས་ནས་མཐར་འཆི་བའི་དུས་ཀྱི་མཐར་མ་སླེབས་པར་རྒྱུན་མི་འགྱུར་བར་བརྟན་པ་དང༌། དགེ་མི་དགེའི་བག་ཆགས་ཐམས་ཅད་བསྒོ་སའི་གཞིར་རུང་བ་ཞིག་ཡིན་ནོ།།
བག་ཆགས་དེ་ཀུན་གཞིའི་དམིགས་པར་ཇི་ལྟར་འགྱུར་ཚུལ།
རྩ་བར། ས་བོན་གྱི། །དབང་གིས་གནས་དོན་ལུས་སུ་ནི། །སྣང་ཕྱིར་དམིགས་པ་དག་ཏུ་འདོད། །
ཁྱེད་ཀྱིས་གོང་དུ་དབང་དོན་བག་ཆགས་གསུམ་ག་ཀུན་གཞིའི་དམིགས་པར་བཞག་པ་མཐོང་བས། བག་ཆགས་དེ་ཀུན་གཞིའི་དམིགས་པར་འགྱུར་ཚུལ་ཇི་ལྟར་ཡིན་སྙམ་ན། བག་ཆགས་དང་ས་བོན་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་སོང༌། ས་བོན་གྱི་དབང་གིས་བག་ཆགས་དེ་ཀུན་གཞིའི་དམིགས་པར་བཞག་པ་ནི། རྟེན་དུ་གྱུར་པ་རྣམ་སྨིན་གྱི་ཀུན་གཞི་ལ་དེ་སྣང་བའི་ཐོག་ནས་དེའི་དམིགས་པར་འཇོག་ཚུལ་དེ་མ་ཡིན་ཡང༌། གནས་དབང་རྟེན་ཁོག་པ་དང༌། དོན་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་ལྔ། ལུས་སུ་སྟེ་མིག་གི་དབང་པོ། རྣ་ཡི་དབང་པོ། སྣའི་དབང་པོ། ལྕེའི་དབང་པོ། ལུས་ཀྱི་དབང་པོ་སོགས་དབང་པོ་ལྔ་ནི། རྟེན་དུ་གྱུར་པ་རྣམ་སྨིན་གྱི་ཀུན་གཞི་ལ་སྣང་བའི་ཕྱིར། བག་ཆགས་དེ་ཀུན་གཞིའི་དམིགས་པའི་ནང་ཚན་དག་ཏུ་བགྲང་བར་འདོད་དོ།།
དེ་ལྟར་ན་གཟུགས་མེད་ཀྱི་ཀུན་གཞི་ལའང་གཟུགས་ཀྱི་སྣོད་བཅུད་སྣང་ངམ།
རྩ་བར། ཀུན་གཞིའི་གཟུང་ཆ་དག་ལ་ནི། །རྣམ་ཤེས་ལྔ་ཡིས་འཛིན་བྱེད་ཅིང༌། །དྲུག་པས་ཐ་སྙད་འདོགས་པས་ན། །ཁམས་གཉིས་དག་ཏུ་ངེས་པ་སྟེ། །དེ་ལྟ་མིན་ན་གཟུགས་མེད་པ། །གཟུགས་ཀྱི་འདི་ཤེས་མ་འདས་དང༌། གཟུགས་ཅན་ས་རུ་ཐལ་བར་འགྱུར། །ཤེས་ལ་གཟུགས་སུ་སྣང་བ་ལས། །མ་གཏོགས་ཕྱི་རོལ་མེད་ཕྱིར་རོ། །
ཀུན་གཞིའི་གཟུང་ཆའམ་ཀུན་གཞིའི་འཛིན་སྟངས་ཀྱི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་དོན་ལྔ་དག་ལ་ནི། མིག་རྣ་སྣ་ལྕེ་ལུས་ཀྱི་དབང་པོ་སོགས་རྣམ་ཤེས་ལྔ་ཡིས་འཛིན་པར་བྱེད་ཅིང་། དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པས་ཡུལ་ཅན་དབང་པོ་ལྔ་དང༌། ཡུལ་གཟུགས་སོགས་ལྔ་རེ་རེ་ལ་རིམ་པ་བཞིན་དུ་ཡུལ་ཅན་དང་ཡུལ་གྱི་ཐ་སྙད་འདོགས་པས་ན། དེ་ལྟའི་ཀུན་གཞིའི་རྣམ་ཤེས་ནི་འདོད་ཁམས་དང་གཟུགས་ཁམས་སོགས་ཁམས་གཉིས་དག་ཏུ་ངེས་པ་སྟེ། གལ་སྲིད་དེ་ལྟར་ངེས་པ་མིན་པར་འདོད་ན། གཟུགས་མེད་པའི་ཁམས་རྣམས་ཀྱང་གཟུགས་ཀྱི་འདུ་ཤེས་ལས་མ་འདས་པ་དང་། དེ་ལྟར་ན་གཟུགས་ཅན་གྱི་ས་རུ་ཐལ་བར་འགྱུར་ཏེ། གཟུགས་མེད་ཀྱི་ཀུན་གཞི་ལ་གཟུགས་ཀྱི་སྣོད་བཅུད་མཚན་ཉིད་པ་དངོས་སུ་སྣང་བའི་ཕྱིར་རོ། མ་ཁྱབ་སྙམ་ན། མི་འཐད་དེ། འདོད་ཁམས་དང་གཟུགས་ཁམས་གཉིས་ནའང་ཀུན་གཞིའི་སྟེང་གི་བག་ཆགས་སད་སྟོབས་ལ་བརྟེན་ནས་དབང་ཤེས་ལྔ་པོ་རེ་རེ་ལ་གཟུགས་སོགས་སུ་སྣང་བ་ལས་མ་གཏོགས། ཕྱི་རོལ་གྱི་ཡུལ་ན་རྡུལ་ཕྲན་བསགས་སྟོབས་ཀྱིས་གྲུབ་པའི་བེམ་རྫས་ཤིག་སེམས་ཙམ་པའི་ལུགས་ལ་མེད་པའི་ཕྱིར་རོ།།
འོ་ན། འདོད་གཟུགས་གང་རུང་གི་གང་ཟག་གཅིག་གི་ཀུན་གཞི་ལའང་སྣོད་བཅུད་ཐམས་ཅད་སྣང་ངམ།
རྩ་བར། འོག་ནའང་སེམས་ཅན་གཅིག་གི་ནི། །ཀུན་གཞི་ལ་ནི་སྣོད་དང་བཅུད། །ཐམས་ཅད་སྣང་ན་གཟུགས་ཁམས་ཀྱི། །ལྷ་ལའང་དམྱལ་སྣང་འབྱུང་བ་དང༌། །དམྱལ་བ་ལ་ཡང་ལྷ་རྣམས་ཀྱི། །སྣོད་བཅུད་སྣང་བ་འབྱུང་བ་དང༌། །ཐ་མལ་རྣམས་ལ་བསྐལ་པ་ཡི། །ཡུལ་སྣ་ཚོགས་པ་སྣང་བར་འགྱུར། །
ཁམས་འོག་མ་དག་ནའང་སེམས་ཅན་གཅིག་གི་ནི་རྒྱུད་ཀྱི་ཀུན་གཞི་ལ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་ཡོངས་དང་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་མཚན་ཉིད་པ་སྣང་བར་འདོད་ན། གཟུགས་ཁམས་ཀྱི་ལྷ་དག་ལའང་དམྱལ་བའི་བཙོ་སྲེག་སོགས་དམྱལ་སྣང་གོང་བཞིན་མཚན་ཉིད་པ་འབྱུང་བར་ཐལ་བ་དང་། དེ་བཞིན་དུ་དམྱལ་བ་པ་ལ་ཡང་གཟུགས་ཁམས་ཀྱི་ལྷ་རྣམས་ཀྱི་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་སོགས་མཚན་ཉིད་པ་སྣང་བ་འབྱུང་བར་ཐལ་བ་དང་། གཞན་ཡང༌། ཆེས་ཐ་མལ་པའི་སེམས་ཅན་རྣམས་ཀྱི་ཀུན་གཞི་རེ་རེ་ལ་ཡང་ཡུལ་དང་དུས་ཀྱི་སྒོ་ནས་ཆེས་ཤིན་ཏུ་བསྐལ་པ་ཡི་ཡུལ་གླིང་བཞི་གླིང་ཕྲན་གཞན་དང་གཞན་དག་སྣ་ཚོགས་པ་ཞིག་སྣང་བར་མི་འགྱུར་རམ་ངེས་པར་འགྱུར་ངེས་སོ།།
འོ་ན། འདོད་གཟུགས་ཀྱི་ཀུན་གཞིར་སྣོད་བཅུད་ཇི་ལྟར་སྣང༌།
རྩ་བར། དངོས་སུ་རང་གི་དབང་དོན་ནོ། །
དངོས་སུ་ནི་རང་རང་གི་རྒྱུད་ཀྱིས་བསྡུས་པའི་མིག རྣ། སྣ། ལྕེ། ལུས་ཀྱི་དབང་པོ་སོགས་དབང་པོ་ལྔ་དང༌། དེ་དག་ལ་སྣང་བའི་དོན་གཟུགས། སྒྲ། དྲི། རོ། རེག་བྱ་ལ་སོགས་པ་ཡིན་ནོ།།
དེས་འདོད་གཟུགས་ཀྱི་ཀུན་གཞིར་སྣང་ཚུལ་རྫོགས་སམ།
རྩ་བར། བརྒྱུད་ནས་དེ་ཡི་ཚོགས་དྲུག་གི། །ཡུལ་དུ་སྣང་བར་གང་ནུས་པ། །ཀུན་གཞིའི་ཡུལ་དུའང་འཇོག་པ་ཡིན། །
འོ་ན། ཀུན་གཞིའི་ཡུལ་དུ་སྣང་བ་དེ་ཙམ་ཞིག་ཡིན་ནམ་སྙམ་ན་མ་ཡིན་ཏེ། ད་དུང་བརྒྱུད་ནས་གང་ཟག་དེ་ཡི་མིག་གི་རྣམ་པར་ཤེས་པ། རྣ་བའི་རྣམ་པར་ཤེས་པ། སྣའི་རྣམ་པར་ཤེས་པ། ལྕེའི་རྣམ་པར་ཤེས་པ། ལུས་ཀྱི་རྣམ་པར་ཤེས་པ། ཡིད་ཀྱི་རྣམ་པར་ཤེས་པ་སོགས་རྣམ་ཤེས་ཚོགས་དྲུག་གི་ཡུལ་དུ་སྣང་བར་གང་ནུས་པ་ཐམས་ཅད། གང་ཟག་དེའི་རྒྱུད་ཀྱི་ཀུན་གཞིའི་ཡུལ་དུའང་ལེགས་པར་འཇོག་ཐུབ་པ་ཡིན།
དེ་ལྟར་ན་འདས་སོགས་སྒྲོ་བཏགས་ཀྱི་ཆ་རྣམས་ཀྱང་ཀུན་གཞིའི་ཡུལ་དུ་རུང་ངམ།
རྩ་བར། དབང་དོན་ལས་གཞན་དྲུག་པའི་ཡུལ། །ཀུན་གཞིའི་ཡུལ་དུ་མི་འགྱུར་ཏེ། །དྲུག་པ་བཏགས་པའི་ཡུལ་ཅན་དང༌། །ཀུན་གཞི་བཀྲར་འཛིན་གྱིས་དབེན་ཕྱིར། །
འོ་ན། གང་ཟག་དེའི་རྣམ་ཤེས་ཚོགས་དྲུག་གི་ཡུལ་དུ་གང་སྣང་བ་ཐམས་ཅད་གང་ཟག་དེའི་ཀུན་གཞིའི་ཡུལ་དུ་སྣང་ནུས་པ་ཡིན་ནམ་ཟེར་ན། དེ་ལྟར་མ་ཡིན་ཏེ། དབང་པོ་ལྔ་དང༌། དེའི་ཡུལ་དུ་གྱུར་པ་དོན་ལྔ། དེ་བཞིན་རྩ་བས་དངོས་སུ་མ་ཟིན་པའི་བག་ཆགས་བཅས་གསུམ་ལས་གཞན་པའི་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་ཐུན་མོང་མ་ཡིན་པའི་འཛིན་སྟངས་ཀྱི་ཡུལ་དུ་གྱུར་པ་གསུང་རབ་ཡན་ལག་བཅུ་གཉིས་དང༌། འདས་མ་འོངས་སོགས་སྒྲོ་བཏགས་ཀྱི་ཆ་རྣམས་གང་ཟག་དེའི་རྒྱུད་ཀྱི་ཀུན་གཞིའི་འཛིན་སྟངས་ཀྱི་ཡུལ་དུ་མི་འགྱུར་ཏེ། དེ་ཅིའི་ཕྱིར་སྙམ་ན། དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་སོགས་རེ་རེ་ལ་དེ་དང་འདི་ཞེས་སྒྲོ་བཏགས་ནས་ཡུལ་དུ་བྱེད་པའི་ཡུལ་ཅན་གྱི་རྣམ་པ་ཅན་ཡིན་པ་དང་། ཅིག་ཤོས་ཀུན་གཞི་ལ་ནི་གོང་བཞིན་ཐ་སྙད་སྣ་ཚོགས་པ་འདོགས་པའི་བཀྲར་འཛིན་གྱིས་ཀུན་ནས་དབེན་པའི་ཕྱིར་རོ།།
དེ་འདྲའི་ཀུན་གཞི་དེ་མ་བསྒྲིབས་ལུང་མ་བསྟན་ཁོ་ནར་ངེས་པ་ཅི།
རྩ་བར། བག་ཆགས་བསྒོ་གཞི་ཡིན་ཕྱིར་དང༌། །དགེ་དང་མི་དགེ་མངོན་གྱུར་དང༌། །རྒྱུད་གཅིག་ལ་ནི་འཇུག་པའི་ཕྱིར། །མ་བསྒྲིབས་ལུང་མ་བསྟན་ཏུ་གྲུབ། །
དེ་འདྲའི་ཀུན་གཞི་དེ་སུམ་གདུང་བར་མ་གསུམ་མམ་དགེ་མི་དགེ་ལུང་མ་བསྟན་གསུམ་ལས་གང་ཡིན་སྙམ་ན། དེ་ཡང་དགེ་བ་དང་མི་དགེ་བ་གཉིས་ཀའི་བག་ཆགས་བསྒོ་སའི་གཞི་ཡིན་པའི་ཕྱིར་དང་། མ་ཟད་དགེ་བ་དང་མི་དགེ་བ་སོགས་མངོན་གྱུར་དང་། དེ་གཉིས་གང་ཟག་རྒྱུད་གཅིག་ལ་ནི་དུས་ཅིག་ཅར་དུ་འཇུག་པའི་ཕྱིར། ངོ་བོ་དགེ་མི་དགེ་གང་ཡང་མ་ཡིན་པའི་མ་བསྒྲིབས་ལུང་མ་བསྟན་དུ་གྲུབ་པར་འདོད་དོ།།
ཀུན་གཞི་དེའི་འཁོར་དུ་ཀུན་འགྲོ་ལྔ་ཁོ་ནར་ངེས་པ་ཅི།
རྩ་བར། ལུང་མ་བསྟན་དང་མི་གསལ་ཕྱིར། །རེག་སོགས་སྔར་ངེས་ཚོལ་བ་ནི། །བར་མའོ་འདི་ལ་བདག་ཏུ་ནི། །སྦྱོར་བའི་ཕྱིར་ན་ཀུན་གཞིའོ། །
ཀུན་གཞི་དེ་དགེ་མི་དགེ་གང་དུ་ཡང་ལུང་གིས་མ་བསྟན་པས་དགེ་བ་བཅུ་གཅིག་དང་། རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ་སོགས་དེའི་འཁོར་དུ་མི་རུང་བ་དང༌། མི་གསལ་བ་སྟེ་ཡུལ་བྱེ་བྲག་ཏུ་གསལ་བར་གཅོད་མི་ནུས་པའི་ཕྱིར་ན། རང་རང་གི་ཡུལ་ངེས་པར་འཛིན་པའི་འདུན་པ་དང༌། མོས་པ། དྲན་པ། ཏིང་ངེ་འཛིན། ཤེས་རབ་སོགས་ཡུལ་ངེས་ལྔ་ཡང་དེའི་འཁོར་དུ་མི་འབྱུང༌། རྒྱུ་མཚན་དེས་ན་རེག་པ་ལ་སོགས་པའི་ཀུན་འགྲོ་ལྔ་ཁོ་ནར་ངེས་པ་ཡིན། ཀུན་འགྲོ་ལྔ་པོ་དེ་དག་ལས་ཚོར་བ་ནི། སུམ་གདུང་བར་མ་གསུམ་ལས་བར་མའོ། འདིའི་ཐད་རྗེ་བདག་ཉིད་ཆེན་པོས། གལ་ཏེ་ཚོར་བ་བདེ་བ་དང་ལྡན་ན་བསམ་གཏན་བཞི་པ་ཡན་ཆད་ཀྱང་ཚོར་བ་བདེ་བའི་སར་འགྱུར་ལ། དམྱལ་བ་ན་ཡང་རྣམ་སྨིན་གྱི་བདེ་བ་ཡོད་པར་འགྱུར་རོ། དེ་སྡུག་བསྔལ་དང་ལྡན་ན་བསོད་ནམས་དང་མི་གཡོ་བའི་ལས་ཀྱི་རྣམ་པར་སྨིན་པ་སྡུག་བསྔལ་འཕེན་པར་འགྱུར་བ་དང༌། གཟུགས་མེད་པ་ལྟ་བུ་ཡང་ཚོར་བ་གདུང་བའི་སར་འགྱུར་བ་སོགས་རྒྱ་ཆེའོ་ཞེས་ཇི་སྐད་གསུངས་པ་ལྟར་ཡིན། རྒྱུ་མཚན་ཅིའི་ཕྱིར་རྟེན་དུ་གྱུར་པ་རྣམ་སྨིན་གྱི་རྣམ་ཤེས་ལ་ཀུན་གཞི་ཞེས་བྱ་ཞེ་ན། ཉོན་ཡིད་ཀྱི་ལྷ་མི་དམྱལ་བ་ཡི་དྭགས་དུད་འགྲོ་སོགས་འགྲོ་བ་ལྔ་ཡི་སེམས་ཅན་རྣམས་རྣམ་པར་ཤེས་པ་འདི་ལ་དམིགས་ནས་གང་ཟག་གི་བདག་ཏུ་ནི་འཛིན་པ་ལ་ཡོངས་སུ་སྦྱོར་བའི་གཞིའམ་རྩ་བ་ཡིན་པའི་ཕྱིར་ན། ཀུན་གཞི་ཞེས་བྱའོ།།
དེ་འདྲའི་ཀུན་གཞི་དེ་འཇུག་ལྡོག་བྱེད་ཚུལ་ཅི།
རྩ་བར། ལྷག་མ་མེད་དང་རྡོ་རྗེ་ལྟའི། །བར་དུ་རྒྱུན་མི་ཆད་དུ་འཇུག །
དེ་ལྟའི་རྣམ་སྨིན་གྱི་ཀུན་གཞིའི་ཆ་དེ་གང་ནས་གང་བར་དུ་འཇུག་ལྡོག་བྱེད་ཅེ་ན། འདི་ལ་ཐེག་ཆེན་གྱི་དབང་དུ་བྱས་པ་དང༌། ཐེག་དམན་གྱི་དབང་དུ་བྱས་པ་གཉིས་ཡོད་སྟབས། ཐོག་མར་ཐེག་དམན་གྱི་དབང་དུ་བྱས་ན། ལྷག་མ་མེད་པའི་མྱང་འདས་དང་། ཐེག་ཆེན་གྱི་དབང་དུ་བྱས་ན། སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་ཁ་མའི་བར་དུ་རྒྱུན་མི་ཆད་དུ་འཇུག་ཅིང༌། མཚམས་དེ་ནས་ལེགས་པར་ལྡོག་གོ།།
ཇི་འདྲ་ཞིག་ལ་བརྟེན་པ་ས་བོན་གྱི་ཀུན་གཞི་ཟེར།
རྩ་བར། བརྟེན་པ་ས་བོན་ཀུན་གཞི་ནི། །བསྒོ་བར་བྱེད་པས་བསྒོ་གཞི་ལ། །འགག་ལ་མངོན་དུ་ཕྱོགས་པའི་ཚེ། །བཞག་པའི་ནུས་པའོ། །
ཀུན་གཞི་ལ་སྒྲས་བརྗོད་ཀྱིས་དབྱེ་ན། རྟེན་དུ་གྱུར་པ་རྣམ་སྨིན་གྱི་ཀུན་གཞི་དང༌། དེ་ལ་བརྟེན་པ་ས་བོན་གྱི་ཀུན་གཞི་གཉིས་ལས། ཕྱི་མ་དེ་ལ་བརྟེན་པ་ས་བོན་གྱི་ཀུན་གཞི་ནི་ཇི་ལྟ་བུ་ཞིག་ལ་ཟེར་སྙམ་ན། བསྒོ་བར་བྱེད་པ་ཚོགས་བདུན་རེ་རེས་བསྒོ་གཞི་ཀུན་གཞིའི་རྣམ་ཤེས་ལ་སྐད་ཅིག་གཉིས་པར་རང་ཉིད་འགག་པ་ལ་མངོན་དུ་ཕྱོགས་པའི་ཚེ། དེ་དག་གང་རུང་གིས་བཞག་པའི་ས་བོན་ནམ་ནུས་པ་ཞིག་ལ་བྱའོ།།
དེ་འདྲའི་བསྒོ་གཞི་དེར་ཐུན་མིན་གྱི་ཁྱད་ཆོས་ཇི་འདྲ་ཞིག་ཚང་དགོས།
རྩ་བར། བསྒོ་གཞི་ནི། །བརྟན་ལུང་མ་བསྟན་བསྒོ་བ་ནི། །བསྒོ་བར་བྱེད་དང་འབྲེལ་བ་དང༌། །མཐའ་གཅིག་བརྟེན་དུ་གྱུར་པ་སྟེ། །ཁྱད་པར་ལྔ་དང་ལྡན་པའོ། །
འོ་ན། བསྒོ་གཞི་ནི། ཇི་འདྲ་ཞིག་དགོས་སྙམ་ན། དེ་ཡང་དཔེར་ན་སྣ་མའི་མེ་ཏོག་གམ་ཛ་ཏའི་མེ་ཏོག་གི་དྲི་དེ་རྒྱུན་མི་བརྟན་པ་ལ་སྒྲ། གློག རླུང་གསུམ་དང༌། མེ་དང༌། ཆུ་ལྟ་བུའི་རིགས་ལ་བསྒོས་སུ་མེད་ལ། རྒྱུན་བརྟན་པ་གསེར། དངུལ། རྡོ་ཤིང་སོགས་ལ་བསྒོ་རུང་བ་ལྟར། འདིར་ཡང་སྐྱེས་ནས་མཐར་འཆི་བ་མངོན་དུ་མ་གྱུར་པར་རྒྱུན་ཆགས་སུ་འཇུག་པའི་རྒྱུན་བརྟན་པའི་ཁྱད་པར་དང༌། དེ་བཞིན་སྒོག་སྐྱ་དང་ཙན་དན་ལྟ་བུའི་དྲི་མི་མཚུངས་པ་ལ་མི་འགོ་བ་དང༌། ཏིལ་ལྟ་བུའི་དྲི་མཉམ་པ་ལ་འགོ་བ་ལྟར། དགེ་མི་དགེ་གང་གི་ཡང་ཕྱོགས་སུ་མ་ལྷུང་བའི་ལུང་མ་བསྟན་པའི་ཁྱད་པར་དང༌། བསྒོ་བར་བྱ་བ་ཉིད་ལ་ནི། འདུས་མ་བྱས་ཀྱི་ཆོས་ནམ་མཁའ་ལྟ་བུ་མ་ཡིན་པར་འདུས་བྱས་ཀྱི་རིགས་ཤིག་དགོས་པའི་ཁྱད་པར་དང༌། བསྒོ་བར་བྱེད་པ་ཚོགས་བདུན་དང་། བསྒོ་གཞི་ཀུན་གཞིའི་རྣམ་ཤེས་གཉིས་ཀ་སྐྱེ་འགག་དུས་གཅིག་ལ་བྱེད་པར་ངེས་པའི་འབྲེལ་བ་དང་ལྡན་པའི་ཁྱད་པར། གཞན་ཡང༌། རང་ཉིད་ལས་གཞན་པའི་རེག་སོགས་གང་ལའང་བག་ཆགས་དེ་རིགས་ནམ་ཡང་བསྒོར་མི་རུང་བས་ན། མཐའ་གཅིག་ཏུ་རང་ཉིད་འབའ་ཞིག་བག་ཆགས་ཀྱི་རྟེན་དུ་གྱུར་པ་སྟེ། ཐུན་མིན་གྱི་ཁྱད་པར་ལྔ་དང་ལྡན་པ་ཞིག་ལ་བྱའོ།།
དེ་ལྟའི་བག་ཆགས་དེ་ལ་དྲུག་ཏུ་དབྱེ་བ་དང༌། གསུམ་དུ་དབྱེ་བ་དང༌། བཞི་ཚན་དང་པོར་དབྱེ་བ་དང༌། བཞི་ཚན་གཉིས་པར་དབྱེ་བ་དང་བཅས་བཞི་ཡོད་དོ། དང་པོ་དྲུག་ཏུ་དབྱེ་བ་ནི།
ཕྱི་དང་ནང་དང་མི་གསལ་བ། །གཉིས་དང་ཀུན་རྫོབ་ཉིད་དང་ནི། །དམ་པའི་དོན་ཏེ་དེ་དག་ཀུན། །ས་བོན་རྣམ་པ་དྲུག་ཏུ་འདོད། །
ནས་དང༌། ཡང་ན་ཨུཏྤལའི་རྩ་བ་ལྟ་བུའི་ཕྱིའི་ས་བོན་དང་། ཀུན་གཞིའི་སྟེང་གི་བག་ཆགས་སམ་ནུས་པ་ལྟ་བུའི་ནང་གི་ས་བོན་དང་། ཀུན་ནས་ཉོན་མོངས་ཕྱོགས་མི་གསལ་བ་དང༌། རྣམ་བྱང་ཕྱོགས་མི་གསལ་བ་གཉིས་དང་། དོན་དམ་པར་ནང་ཤེས་པའི་བདག་ཉིད་ཙམ་དུ་གྲུབ་ན་ཡང་ཐ་སྙད་པའི་ཤེས་ངོར་ཕྱི་རོལ་ཡུལ་དུ་གྲུབ་པར་སྣང་བ་དེ་ཀུན་རྫོབ་པའི་ས་བོན་ཉིད་དང་ནི། སྟོང་གཞི་གཞན་དབང་བུམ་པ་དང༌། དེས་སྟོང་པ་ཡོངས་གྲུབ་གཉིས་བདེན་པར་གྲུབ་མ་གྲུབ་དེ་ཉིད་ནང་ཤེས་ངོར་བདེན་པར་གྲུབ་མ་གྲུབ་ལ་ལྟོས་པས་ན་དམ་པའི་དོན་ཏེ་དོན་དམ་པའི་ས་བོན་དུ་བཏགས་པ་བཅས་ས་བོན་དེ་དག་ཀུན། གཞི་གཅིག་ཏུ་བསྡོམས་པས་འདིར་ས་བོན་རྣམ་པ་དྲུག་ཏུ་འདོད་པ་ནི་ལྡོག་ཆས་དབྱེ་བ་ཙམ་ཡིན།
གཉིས་པ་གསུམ་དུ་དབྱེ་བ་ནི།
རྩ་བར། གཞན་ཡང་མངོན་བརྗོད་བདག་ལྟ་དང༌། །སྲིད་པའི་ཡན་ལག་བག་ཆགས་གསུམ། །
བག་ཆགས་ཀྱི་རྣམ་གྲངས་ལ་དབྱེ་ཚུལ་གཞན་ཡང་ཡོད་དེ། གོང་དུ་བག་ཆགས་ལ་ལྡོག་ཆས་དྲུག་ཏུ་དབྱེ་བ་སོགས་ཚུར་བསྡུས་ན། ས་རྡོ་རི་བྲག་དང་གསེར་དངུལ་ཟངས་ལྕགས་སོགས་རེ་རེ་ལ་འདི་དང་དེ་ཞེས་ཐ་སྙད་སྣ་ཚོགས་པ་སྦྱོར་བའི་རྒྱུ་བྱེད་པ་མངོན་བརྗོད་ཀྱི་བག་ཆགས་དང༌། ཉལ་གཉིད་ལང་གསུམ་དང༌། ཟ་འཐུང་སྤྱོད་གསུམ་སོགས་གང་གི་སྐབས་སུ་ཡང་རྟག་ཏུ་ངའོ་སྙམ་པ་སྐྱེད་པ་བདག་ལྟའི་བག་ཆགས་དང་། ལྷ་དང༌། ལྷ་མ་ཡིན། མི། དུད་འགྲོ། ཡི་དྭགས། དམྱལ་བ་སོགས་འགྲོ་བ་རིགས་དྲུག་རྣམས་སུ་སྐྱེ་འཆི་འགྲུབ་བྱེད་སྲིད་པའི་ཡན་ལག་གི་བག་ཆགས་དང༌། ཤུགས་བསྟན་རིགས་མཐུན་པའི་བག་ཆགས་བསྣན་པས་གསུམ་གང་རུང་གི་ནང་དུ་འདུའོ།།
གསུམ་པ་བཞི་ཚན་དང་པོར་དབྱེ་བ་ནི།
རྩ་བར། ཐུན་མོང་ཐུན་མོང་མ་ཡིན་དང༌། །ཚོར་དང་བཅས་དང་ཚོར་མེད་པའི། །ས་བོན་རྣམ་བཞི།
མཐའ་དང་མུ་མེད་པའི་ཕྱི་སྣོད་ཀྱི་འཇིག་རྟེན་འགྲུབ་བྱེད་ཀྱི་ཐུན་མོང་གི་ས་བོན་དང་། དེ་དག་ཏུ་གནས་མལ་བཅས་པའི་ནང་བཅུད་ཀྱི་སེམས་ཅན་འགྲུབ་བྱེད་ཀྱི་ཐུན་མོང་མ་ཡིན་པའི་ས་བོན་དང་། བདེ་སྡུག་གི་རྣམ་གྲངས་བརྒྱ་སྟོང་ཁྲི་འབུམ་གྱི་རྟེན་དུ་གྱུར་ཅིང་དེ་དག་ཀུན་སེམས་ཚོར་གྱིས་ཟིན་པས་ན། ཚོར་བ་དང་བཅས་པའི་ས་བོན་དང་། དེ་དག་སེམས་ཚོར་གྱིས་ཟིན་པ་གཏན་ནས་བཤད་དུ་མེད་པས་ན། ཚོར་བ་མེད་པའི་ས་བོན་དང་བཅས་ས་བོན་རྣམ་པ་བཞི་རུ་འདོད་དོ།།
བཞི་པ་བཞི་ཚན་གཉིས་པར་དབྱེ་བ་ནི།
རྩ་བར། གནས་ངན་ལེན། །ཤིན་ཏུ་སྦྱངས་དང་སྤྱད་ཟིན་དང༌། །མ་ཟིན་པ་དང་བཞི་རུའང་གསུངས། །
ཆགས་སྡང་ཁྲོ་གསུམ་སོགས་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་ས་བོན་ནམ་གནས་ངན་ལེན་གྱི་ས་བོན་དང༌། འཇིག་རྟེན་པ་རྣམས་ཀྱི་དགེ་བའི་ཆོས་རྣམ་བྱང་ཕྱོགས་ཀྱི་ས་བོན་ནམ་ཤིན་ཏུ་སྦྱངས་པའི་ས་བོན་དང་། དགེ་མི་དགེ་གང་རུང་གི་ས་བོན་རང་རང་གི་འཕངས་འབྲས་ཀྱི་ངོ་བོར་ཡོངས་སུ་གྲུབ་ཟིན་པའམ་སྤྱད་ཟིན་པའི་ས་བོན་དང་། དུས་ཐོག་མ་མེད་པ་ནས་རང་རང་ལ་ལྷན་སྐྱེས་སུ་ཡོད་ཡོད་པའི་མངོན་བརྗོད་ཀྱི་ས་བོན་ནམ་སྤྱད་མ་ཟིན་པའི་ས་བོན་དང་བཅས་བཞི་རུའང་གསུངས།
བག་ཆགས་དེ་རིགས་རྟེན་རྣམ་སྨིན་གྱི་རྣམ་ཤེས་དང་རྫས་གཅིག་གམ་ཐ་དད་ཅི།
རྩ་བར། བག་ཆགས་དེ་ཡང་རྟེན་ལས་ནི། །རྫས་གཅིག་ཐ་དད་གང་ཡང་མིན། །
རྟེན་དུ་གྱུར་པ་རྣམ་སྨིན་གྱི་ཀུན་གཞིའི་སྟེང་གི་བག་ཆགས་དེ་ཡང་རྟེན་དུ་གྱུར་པ་རྣམ་སྨིན་གྱི་ཀུན་གཞི་ལས་ནི་ལོག་ཁད་ཅིག་ཏུ་རྫས་གྲུབ་ཀྱི་གཅིག་དང༌། རྫས་གྲུབ་ཀྱི་ཐ་དད་གང་དུ་ཡང་གྲུབ་པ་མིན་ནོ།།
དེ་གཉིས་རྫས་གཅིག་ཏུ་ཁས་བླངས་པ་ལ་གནོད་བྱེད་ཅི།
རྩ་བར། ས་བོན་དམིགས་རྣམ་ཡོད་པ་དང༌། །འགྲོ་བ་ལྔ་ཡི་ས་བོན་རྣམས། །འཆོལ་བ་ཉིད་དུ་འགྱུར་བ་དང༌། །ཁམས་ཀྱང་འཆོལ་ཕྱིར་གཅིག་ཉིད་མིན། །
གལ་སྲིད་དེ་གཉིས་རྫས་གྲུབ་ཀྱི་གཅིག་ཏུ་གྲུབ་པར་འདོད་ན། རྟེན་དུ་གྱུར་པ་རྣམ་སྨིན་གྱི་ཀུན་གཞི་ལ་རང་གི་དམིགས་རྣམ་ཡོད་པ་དེ་བཞིན་དུ། དེ་ལ་བརྟེན་པའི་བག་ཆགས་སམ་ས་བོན་དེ་ལ་གོང་བཞིན་དུ་རང་གི་དམིགས་རྣམ་ཡོད་པར་ཐལ་བ་མི་འདོད་བཞིན་དུ་ཁས་ལེན་དགོས་པར་འགྱུར་བ་དང་། དེ་བཞིན་དུ་དམྱལ་བ་དང༌། དུད་འགྲོ་སོགས་འགྲོ་བ་ལྔ་ཡི་སར་འཕེན་བྱེད་ཀྱི་རང་རང་གི་ས་བོན་རྣམས་ཀྱང་ཕན་ཚུན་གཅིག་ལ་གཅིག་འཆོལ་བའམ་འདྲེས་ནས་དབྱེ་བ་ལོགས་སུ་མེད་པ་ཉིད་དུ་འགྱུར་བ་དང་། གཞན་ཡང༌། འདོད་ཁམས། གཟུགས་ཁམས། གཟུགས་མེད་ཀྱི་ཁམས་སོགས་ཁམས་གཞན་རྣམས་ཀྱང་དེ་མཚུངས་འཆོལ་བར་འགྱུར་ཕྱིར། དེ་གཉིས་རྫས་གྲུབ་ཀྱི་གཅིག་ཉིད་ནམ་ཡང་མིན་པར་འདོད་དོ།།
དེ་གཉིས་རྫས་ཐ་དད་དུ་ཁས་བླངས་པ་ལ་གནོད་བྱེད་ཅི།
རྩ་བར། རྟེན་གཅིག་ལ་ནི་ཀུན་གཞི་གཉིས། །ཡོད་པར་འགྱུར་བས་སོ་སོ་མིན། །
ཡང་ན་རྟེན་དུ་གྱུར་པ་རྣམ་སྨིན་གྱི་ཀུན་གཞི་དང་དེ་ལ་བརྟེན་པ་ས་བོན་གྱི་ཀུན་གཞི་གཉིས་རྫས་ཡོད་ཀྱི་ཐ་དད་ཡིན་ཟེར་ན། དེ་ཡང་མི་འཐད་དེ། དེ་ལྟར་ན་རྟེན་གྱི་གང་ཟག་བྱེ་བྲག་པ་ཤེས་རབ་རྒྱ་མཚོ་ལྟ་བུ་གཅིག་གི་རྒྱུད་ལ་ནི་རྟེན་དང་བརྟེན་པའི་འབྲེལ་བ་མེད་པའི་རྫས་ཡོད་ཀྱི་ཀུན་གཞི་མཚན་ཉིད་པ་གཉིས་ཡོད་པར་འགྱུར་བས། རྟེན་དུ་གྱུར་པ་རྣམ་སྨིན་གྱི་ཀུན་གཞི་ལ་མ་ལྟོས་པའི་རྫས་ཡོད་ཀྱི་སོ་སོ་བའང་ག་ལ་ཡིན་ཏེ་མིན་ནོ།།
འོ་ན། བག་ཆགས་དེ་ཚུལ་ཇི་ལྟར་གནས།
རྩ་བར། དེས་ན་རྟེན་ལས་དེ་ཉིད་དང༌། །གཞན་དུ་བརྗོད་དུ་མེད་པ་སྟེ། །བཏགས་ཡོད་ཙམ་དུ་གནས་ཕྱིར་རོ། །
རྫས་ཡོད་ཀྱི་གཅིག་དང་ཐ་དད་གང་དུ་ཡང་མ་གྲུབ་པ་དེས་ན་རྟེན་དུ་གྱུར་པ་རྣམ་སྨིན་གྱི་ཀུན་གཞི་ལས་བག་ཆགས་དེ་རྟེན་དུ་གྱུར་པ་རྣམ་སྨིན་གྱི་ཀུན་གཞི་དེ་ཉིད་དང་། རྟེན་དུ་གྱུར་པ་རྣམ་སྨིན་གྱི་ཀུན་གཞི་དེ་ལས་གཞན་དུ་ཐ་དད་པའི་ཚུལ་གྱིས་བརྗོད་དུ་མེད་པ་སྟེ། རྟེན་དུ་གྱུར་པ་རྣམ་སྨིན་གྱི་ཀུན་གཞི་ལ་ངེས་པར་ལྟོས་ནས་བཞག་པའི་བཏགས་པའི་ཡོད་པ་ཙམ་དུ་གནས་པའི་ཕྱིར་རོ།།
བག་ཆགས་དེ་རིགས་དགེ་མི་དགེ་ལུང་མ་བསྟན་གསུམ་ལས་གང༌།
རྩ་བར། འཇོག་བྱེད་དགེ་སོགས་གང་ཡིན་ཀྱང༌། །བཞག་པའི་བག་ཆགས་ལུང་མ་བསྟན། །དགེ་དང་མི་དགེ་མཚན་ཉིད་པར། །འདོད་ལ་སྒྲུབ་པར་བྱེད་པ་མེད། །
རྟེན་དུ་གྱུར་པ་རྣམ་སྨིན་གྱི་ཀུན་གཞིའི་སྟེང་གི་བག་ཆགས་སམ་ནུས་པ་དེ་རང་ཉིད་འཇོག་བྱེད་དགེ་བ་དང་མི་དགེ་བ་སོགས་གང་ཡིན་ཀྱང་། དེ་དག་གིས་བཞག་པའི་བག་ཆགས་དེ་ཉིད་ཀྱི་ངོ་བོ་ནི་མ་སྒྲིབ་ལུང་མ་བསྟན་དུ་འདོད་དོ།།
ཁ་ཅིག་གིས་བག་ཆགས་དེ་ལུང་མ་བསྟན་དུ་འདོད་པར་སྒྲུབ་བྱེད་མེད་པར་བསྟན་པ།
རྩ་བར། དགེ་དང་མི་དགེ་མཚན་ཉིད་པར། །འདོད་ལ་སྒྲུབ་པར་བྱེད་པ་མེད། །
རྟེན་དུ་གྱུར་པ་རྣམ་སྨིན་གྱི་ཀུན་གཞིའི་སྟེང་གི་བག་ཆགས་ཀྱི་ངོ་བོ་དེ་མ་སྒྲིབ་ལུང་མ་བསྟན་དུ་འདོད་པར་གནོད་བྱེད་དུ་ཀུན་བཏུས་སུ། རྗེས་སུ་འབྲེལ་བའི་དགེ་བ་གང་ཞེ་ན། དེ་དག་ཉིད་ཀྱི་བག་ཆགས་གང་ཡིན་པའོ། རྗེས་སུ་འབྲེལ་བའི་མི་དགེ་བ་གང་ཞེ་ན། དེ་དག་ཉིད་ཀྱི་བག་ཆགས་སོ། ཞེས་སོགས་ཀྱི་ལུང་དང་ཐལ་རིགས་གསུམ་བཅས་བཀོད་ནས་བག་ཆགས་དེ་ལ་དགེ་བ་དང་མི་དགེ་བ་སོགས་མཚན་ཉིད་པ་ཡོད་པར་བསྒྲུབས་ནས་དེ་ལྟར་འདོད་པ་ལ། གོང་གི་སྒྲུབ་བྱེད་ཀྱི་ལུང་རིགས་དེ་རྣམས་བཀོད་མོད་དེ་དག་ནི་དོན་དེ་སྒྲུབ་པར་བྱེད་པའམ་སྒྲུབ་བྱེད་རྣལ་མ་ཞིག་ཏུ་སོང་མེད་དོ།།
བག་ཆགས་དེ་དག་ཐོག་མ་ནས་ཀུན་གཞིའི་སྟེང་དུ་གནས་པ་ཞིག་གམ། ཡང་ན་གསར་དུ་བཞག་པ་ཞིག་ཡིན།
རྩ་བར། བག་ཆགས་འཇོག་པའི་ཚུལ་ལ་གསུམ། །ཆོས་ཉིད་ཀྱིས་ནི་སྔོན་མེད་བསྐྱེད། །དེ་དག་གཉིས་ཀར་འདོད་པའོ། །
དེ་འདྲའི་རྟེན་དུ་གྱུར་པ་རྣམ་སྨིན་གྱི་ཀུན་གཞིའི་སྟེང་གི་བག་ཆགས་འཇོག་པའི་ཚུལ་ལ་རྣལ་འབྱོར་སྤྱོད་པའི་ལུགས་ལ་མི་འདྲ་བ་གསུམ་ཡོད་པར་འདོད། དེ་ཡང་བུ་སྟོན་གྱི་འདོད་པ་གཞིར་བཟུང་བྱས་ནས་བཤད་ན། བག་ཆགས་ལ་ཆོས་ཉིད་ཀྱིས་གནས་པའི་བག་ཆགས་ཀྱིས་ཁྱབ་པར་འདོད་པ་སློབ་དཔོན་བློ་བརྟན་གྱི་ལུགས་དང༌། བསྒོ་བྱེད་ཀྱིས་སྔོན་མེད་གསར་དུ་བཞག་པ་དང༌། སྔར་བཞག་ཚར་བ་བསྒོ་བྱེད་ཀྱིས་གསར་དུ་བསྐྱེད་པ་གང་རུང་གིས་ཁྱབ་པར་འདོད་པ་ཡང་དག་བདེན་སྨྲའི་ལུགས་དང༌། ཆོས་ཉིད་ཀྱིས་གནས་པ་གསོ་བ་དང༌། སྔོན་མེད་གསར་དུ་བསྐྱེད་པ་སོགས་དེ་དག་གཉིས་ཀར་འདོད་པ་མཆོག་གི་སྡེའི་ལུགས་བཅས་གསུམ་དུ་འདོད་པའོ།།
ཀུན་གཞིའི་ས་བོན་གྱི་ཆར་ཀུན་གཞི་ཞེས་བརྗོད་པའི་རྒྱུ་མཚན་ཅི།
རྩ་བར། ཀུན་ནས་ཉོན་མོངས་ཆོས་ཐམས་ཅད། །རྒྱུའམ་འབྲས་བུའི་ངོ་བོ་རུ། །སྦྱོར་བའི་ཕྱིར་ན་ཀུན་གཞིའོ། །
བརྟེན་པ་ས་བོན་གྱི་ཀུན་གཞི་དེ་ལ་ཀུན་གཞིའི་མིང་གིས་བཏགས་དགོས་དོན་ཅི་ཡིན་སྙམ་ན། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་ཆོས་ཐམས་ཅད་ཚུར་ལེགས་པར་བསྡུས་ན། སྡུག་བསྔལ་བདེན་པ་དང་ཀུན་འབྱུང་བདེན་པ་གཉིས་ཀྱི་ནང་དུ་འདུ་ཞིང༌། དེ་ཡང་ཀུན་འབྱུང་བདེན་པ་སྡུག་བསྔལ་བདེན་པའི་རྒྱུའམ་སྡུག་བསྔལ་བདེན་པ་ཀུན་འབྱུང་བདེན་པའི་འབྲས་བུའི་ངོ་བོ་རུ་སྦྱོར་བའི་ཕྱིར་ན། ཀུན་གཞིའོ། ཡང་ན། སེམས་ཅན་རང་རང་སོ་སོ་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུའི་ངོ་བོ་དང༌། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་ཆོས་ཐམས་ཅད་ཀྱང་སེམས་ཅན་རང་རང་གི་འབྲས་བུའི་ངོ་བོ་རུ་སྦྱོར་བའི་ཕྱིར་ན། ཀུན་གཞིའོ་ཞེས་པའི་དོན་དུ་གསལ། འགྲེལ་ཚུལ་འདི་གཉིས་ཀ་ཀུན་གཞིའི་དཀའ་འགྲེལ་རང་ན་གསལ།
དེ་འདྲའི་ས་བོན་དེ་ལྡོག་མཚམས་གང༌།
རྩ་བར། དེའི་ཕྱིར་དབང་ཐོབ་དགྲ་བཅོམ་ལ། །ཀུན་གཞི་ཡོད་པ་མ་ཡིན་ཏེ། །འཇོག་བྱེད་གཉིས་པོ་མེད་ཕྱིར་རོ། །
དེའི་ཕྱིར་ཐེག་ཆེན་པ་ལྟར་ན། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ཡན་ཆད་རྣམས་དང༌། ཐེག་དམན་པ་ལྟར་ན། ཐེག་དམན་དགྲ་བཅོམ་པའི་རྒྱུད་ལ་ཀུན་གཞི་ཡོད་པ་མ་ཡིན་ཏེ། གོང་དུ་བཀོད་པའི་འཇོག་བྱེད་ས་བོན་དང་རྣམ་སྨིན་གྱི་ཆ་གཉིས་པོ་བྱང་ཆུབ་སེམས་དཔའ་དེ་དག་གི་རྒྱུད་ནས་ལེགས་པར་ཁེགས་པས་དེ་དག་གི་རྒྱུད་ལ་མེད་པའི་ཕྱིར་རོ།།
ཉོན་ཡིད་ཀྱི་མཚན་ཉིད་ཇི་ལྟར་ཡིན།
རྩ་བར། ཉོན་མོངས་ཅན་ཡིད་མཚན་ཉིད་ནི། །ཀུན་གཞི་རྣམ་སྨིན་ཆ་ཉིད་ལ། །བདག་ལྟ་བསྒྲིབས་ལ་ལུང་མ་བསྟན། །རེག་དང་ཆགས་སོགས་དགུ་ཁོ་ན། །
ཉོན་མོངས་ཅན་གྱི་ཡིད་དམ་ཉོན་ཡིད་ཀྱི་མཚན་ཉིད་ནི། ཀུན་གཞི་འཇོག་བྱེད་ཀྱི་ས་བོན་དང་རྣམ་སྨིན་གྱི་ཆ་གཉིས་ལས་ཕྱི་མ་རྣམ་སྨིན་གྱི་ཆ་ཉིད་དམ་འབའ་ཞིག་ལ་དམིགས་ནས་རྣམ་པ་དུས་རྟག་ཏུ་བདག་ཏུ་རློམ་པའམ་ངར་སེམས་པ་ལྟ་བ་ཉོན་མོངས་ཅན་ཡིན་པས་བསྒྲིབས་ལ། ངོ་བོ་དགེ་མི་དགེ་གང་དུ་ཡང་ལུང་དུ་མ་བསྟན་པ། འཁོར་རེག་པ་སོགས་ཀུན་འགྲོ་ལྔ་དང་། འདོད་ཆགས་དང༌། མ་རིག་པ། ང་རྒྱལ། བདག་ལྟ་སྟེ་བཞི་སོགས་བསྡོམས་པས་དགུ་ཁོ་ན་དང་མཚུངས་པར་ལྡན་ནོ།།
ཉོན་ཡིད་ཀྱི་འཇུག་ལྡོག་གི་མཚམས་གང༌།
རྩ་བར། འགོག་པ་མཉམ་བཞག་གནས་སྐབས་དུས། །དབང་ཐོབ་དགྲ་བཅོམ་མཐར་ཐུག་གོ། །
དང་པོ་ས་བརྒྱད་པ་མ་ཐོབ་པའི་དུས་ཀྱི་འགོག་སྙོམས་པ་དང༌། ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་མཉམ་བཞག་པ་གཉིས་ཀྱི་རྒྱུད་ནས་ཉོན་ཡིད་ཁེགས་ཚུལ་དེ། གནས་སྐབས་ཀྱི་དུས་དེར་ཁེགས་ཚུལ་ལམ་དེ་གཉིས་རེ་རེའི་མཇུག་ཐོག་དེ་མ་ཐག་ཏུ་སླར་ཡང་སྔར་བཞིན་མངོན་གྱུར་དུ་སྐྱེ་བ་ཡོད་པའི་ཁེགས་ཚུལ་དེ་ཡིན་ཞིང༌། གཉིས་པ་ཐེག་ཆེན་གྱི་ས་བརྒྱད་པ་ལ་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་ཡན་ཆད་དང༌། ཐེག་དམན་གྱི་ཉན་རང་དགྲ་བཅོམ་གཉིས་སོགས་ཀྱི་དུས་དེར་ཉོན་ཡིད་ཁེགས་ཚུལ་དེ་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་ནས་ཁེགས་ཚུལ་ལམ་མཐར་ཐུག་པའི་ཁེགས་ཚུལ་དེ་ཡིན་པར་གོ།
ཉོན་མོངས་ཅན་ཡིད་གནས་གྱུར་པས། །མཉམ་ཉིད་ཡེ་ཤེས་བརྗོད་པར་བྱ། །ཞེས་པ་ལྟར་ཉོན་ཡིད་ལྡོག་པའི་ཕྱིར་རོ་ཞེ་ན།
རྩ་བར། ཉོན་མོངས་ཅན་དུ་འཇོག་བྱེད་པའི། །གང་ཟག་འཛིན་པ་ལོག་གྱུར་ཀྱང༌། །དེ་ཡི་རིགས་ཙམ་ཡོད་ཕྱིར་དང༌། །ཆོས་འཛིན་བསྐྱེད་ནུས་མ་ལོག་ཕྱིར། །ཡིད་ཤེས་མེད་དང་མཉམ་པ་ཉིད། །ཐོབ་པའི་སྐྱོན་གཉིས་རིང་དུ་སྤངས། །
གོང་དུ་བཀོད་པའི་གང་ཟག་དེ་དག་ལས་ས་བརྒྱད་པ་ཡན་ཆོད་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང༌། ཉན་ཐོས་དང༌། རང་རྒྱལ་དགྲ་བཅོམ་ལ་གནས་པའི་གང་ཟག་དག་གི་རྒྱུད་ལ་ཉོན་ཡིད་ཉོན་མོངས་ཅན་དུ་འཇོག་པར་བྱེད་པའི་འཇིག་ཚོགས་ལ་ལྟ་བ་སོགས་གང་ཟག་གི་བདག་ཏུ་གྲུབ་པར་འཛིན་པའི་འཛིན་པ་རྣམས། རེས་འགའ་མངོན་དུ་འགྱུར་ལ་རེས་འགའ་མངོན་དུ་མི་འགྱུར་བ་ཙམ་མ་ཡིན་པར་གཏན་དུ་ལོག་པར་གྱུར་ཀྱང་། ཆོས་ཉིད་ལ་མངོན་སུམ་དུ་མཉམ་པར་བཞག་བཞིན་པའི་མཉམ་བཞག་པ་ཚོའི་རྒྱུད་ལ། དེ་དང་དེ་ཡི་རིགས་ཙམ་མམ་རྫས་རྒྱུན་ཙམ་ཡོད་པའི་ཕྱིར་དང་། དེ་བཞིན་ས་བརྒྱད་པ་ཡན་ཆོད་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང༌། ཉན་རང་དགྲ་བཅོམ་པ་སོགས་ཀྱི་རྒྱུད་ལའང་ཉོན་ཡིད་ཀྱིས་ཆོས་ཀྱི་བདག་འཛིན་བསྐྱེད་པའི་ནུས་པ་མ་ལོག་པའི་ཕྱིར་རམ་ནུས་པ་དེ། དེ་དག་གི་རྒྱུད་ལ་ཡོད་པའི་ཕྱིར་ན། གང་ཟག་དེ་དག་གི་རྒྱུད་ལ་རྣམ་ཤེས་ཚོགས་དྲུག་ལས་དྲུག་པ་ཡིད་ཀྱི་རྣམ་ཤེས་མེད་པ་དང་། དེ་དག་གིས་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་ཟིན་པའི་ཐལ་བ་སོགས་ཀྱི་སྐྱོན་གཉིས་པོ་རིང་དུ་སྤངས་པ་སྟེ་མེད་དོ།།
གཉིས་པ་ཡིད་དང་ཀུན་གཞིའི་སྒྲུབ་པར་བྱེད་པ་ནི། རྣམ་ཤེས་དྲུག་ལས་ཐ་དད་པའི་ཡིད་དང་ཀུན་གཞི་ཡོད་པ་གང་གིས་ཤེས་སམ།
རྩ་བར། ཡིད་ཆེས་ལུང་དང་རིགས་པ་ཡིས། །རྣམ་ཤེས་དྲུག་ལས་ཐ་དད་པའི། །ཡིད་དང་ཀུན་གཞི་རྣམ་པར་ཤེས། །ཡོད་པར་ཁོང་དུ་ཆུད་པར་བྱ། །
རིགས་པའི་རྗེས་འབྲང་གི་སེམས་ཙམ་པས་མཚོན་ཀུན་གཞི་དང་ཉོན་ཡིད་མེད་པར་འདོད་མཁན་ཚོས། ཀུན་གཞི་དང་ཉོན་ཡིད་ཡོད་པར་ཡིད་ཆེས་པའི་ཆོས་མངོན་པ་ཐེག་པ་ཆེན་པོའི་མདོ་དང༌། དགོངས་འགྲེལ་དང༌། འཕགས་པ་ལངྐར་གཤེགས་པའི་མདོ། གསེར་འོད་དམ་པ་བམ་པོ་བཅུ་པའི་མདོ་སོགས་ཀྱི་ལུང་དང་། དེ་བཞིན་དུ་གསུངས་ཀྱང་ལེན་དང་དང་པོ་གསལ། ཞེས་སོགས་ཀྱི་སྐབས་སུ་འཆད་འགྱུར་ལྟར་གྱི་རིགས་པ་ཡི་རྣམ་གྲངས་བརྒྱད་སོགས་ཀྱིས་རིམ་པ་བཞིན་རྣམ་ཤེས་ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་ཉོན་ཡིད་དང་ཀུན་གཞིའི་རྣམ་པར་ཤེས་པ་གཉིས་ཡོད་པར་ལེགས་པར་ཁོང་དུ་ཆུད་པར་བྱའོ།།
ཀུན་གཞི་དང་ཉོན་ཡིད་སྒྲུབ་བྱེད་ཀྱི་རིགས་པ་གཉིས་ལས། དང་པོ་ཀུན་གཞི་སྒྲུབ་བྱེད་ཀྱི་རིགས་པ་ནི།
རྩ་བར། རྣལ་འབྱོར་སྤྱོད་པའི་གཞུང་ལུགས་ནས། །སྒྲུབ་བྱེད་རིགས་པ་མཐའ་ཡས་པ། །གསུངས་ཀྱང་ལེན་དང་དང་པོ་གསལ། །ས་བོན་ལས་དང་ལུས་ཚོར་དང༌། །སྙོམས་འཇུག་འཆི་འཕོ་མི་རུང་བ། །བརྒྱད་དུ་འདུས་ཕྱིར་འདི་བཤད་བྱ། །
དང་པོ་རིགས་པ་ནི། རྣལ་འབྱོར་སྤྱོད་པའི་གཞུང་ལུགས་སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་ཐེག་པ་ཆེན་པོ་བསྡུས་པ་སྟེ། ཡོངས་གྲགས་སུ་ཐེག་བསྡུས་སུ་འབོད་པ་སོགས་ནས་ཀུན་གཞི་དང་ཉོན་ཡིད་ཡོད་པར་སྒྲུབ་བྱེད་ཀྱི་རིགས་པའི་རྣམ་གྲངས་མཐའ་ཡས་པ་ལེགས་པར་གསུངས་ཀྱང་། དེ་དག་ཀུན་ཚུར་གནད་གཅིག་ཏུ་བསྡུས་ན་ལེན་པ་མི་རུང་བ་དང་། དང་པོ་མི་རུང་བ། གསལ་བ་མི་རུང་བ། །ས་བོན་མི་རུང་བ། ལས་མི་རུང་བ་དང་། ལུས་ཚོར་མི་རུང་བ་དང་། སེམས་མེད་སྙོམས་པར་འཇུག་པ་མི་རུང་བ། འཆི་འཕོ་མི་རུང་བ་སྟེ། མི་རུང་བའི་རིགས་པ་བརྒྱད་དུ་འདུས་ཕྱིར། འདིར་རིགས་པ་བརྒྱད་པོ་དག་གཞིར་བཟུང་བྱས་ནས་བཤད་པར་བྱའོ།།
ཀུན་གཞིའི་རྣམ་ཤེས་དེ་ཐེག་དམན་གྱི་གཙུག་ལག་རྣམས་སུ་འབྱུང་ངམ།
རྩ་བར། ཀུན་གཞིའི་རྣམ་པར་ཤེས་པ་དེ། །ཐེག་དམན་གཙུག་ལག་རྣམས་སུ་ཡང༌། །ཀུན་གཞི་རྩ་བའི་རྣམ་ཤེས་དང༌། །སྲིད་པའི་ཡན་ལག་ཇི་སྲིད་པའི། །ཕུང་པོའི་རྣམ་གྲངས་དག་གིས་བསྟན། །
ཀུན་གཞིའི་རྣམ་པར་ཤེས་པ་དེ། རིགས་པའི་རྗེས་འབྲང་གི་སེམས་ཙམ་པའི་ངོ་བོར་ཡོད་པའི་སྒྲུབ་བྱེད་དུ་ཐེག་ཆེན་གྱི་མདོ་སྡེའི་སྡེ་སྣོད་སོགས་ལས་ལུང་མང་དུ་གསུངས་ཡོད་པར་མ་ཟད། ཐེག་དམན་གྱི་རིགས་ཅན་རྣམས་ལ་གསུངས་པའི་གཙུག་ལག་སྟེ་མདོ་སྡེའི་སྡེ་སྣོད་རྣམས་སུ་ཡང་མང་དུ་གསུངས་པ་དང༌། ལྷག་དོན་དེ་བཞིན་གཤེགས་པ་འབྱུང་བའི་ཕན་ཡོན་རྣམ་བཞིའི་མདོ་ལས། སྐྱེ་དགུ་ཀུན་གཞི་ལ་ཀུན་ཏུ་དགའ་བ། ཀུན་གཞི་ལ་དགའ་བ། ཀུན་གཞི་ལས་ཡང་དག་པར་འབྱུང་བ། ཀུན་གཞི་ལ་མངོན་པར་དགའ་བ་ཅན་དག་ལ་ཀུན་གཞི་སྤངས་པའི་ཕྱིར་ཆོས་བསྟན་ན་ཉན་འདོད་ལ་རྣ་བར་གཏོད་དེ། ཀུན་ཤེས་པར་བྱེད་པ་སེམས་ཉེ་བར་འཇོག་ཅིང་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་སྟེ། དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་འདི་ཡང་འཇིག་རྟེན་དུ་འབྱུང་ངོ་ཞེས་སོགས་དང༌། དེ་བཞིན་ཕལ་ཆེན་སྡེ་པའི་ལུང་ལས། རྩ་བའི་རྣམ་པར་ཤེས་པ་ཞེས་དང་། གནས་བརྟན་པའི་ལུང་ལས། སྲིད་པའི་ཡན་ལག་ལྟ་བ་དང་ཞེས་དང༌། ས་སྟོན་སྡེ་པའི་ལུང་ལས་ཀྱང༌། འཁོར་བ་ཇི་སྲིད་པའི་ཕུང་པོའི་ཀུན་གཞི་སྟོན་བྱེད་ཀྱི་རྣམ་གྲངས་དག་གིས་གསལ་བར་བསྟན་ཏོ།།
འོ་ན། ཉན་ཐོས་ཀྱི་ཐེག་པ་རྣམས་ཀྱིས་གོང་བཀོད་ཀྱི་མདོའི་དོན་ཇི་ལྟར་བཀྲལ།
རྩ་བར། དེ་ལྟར་གསུངས་པའི་ཀུན་གཞི་ལ། །དབྱིག་བཤེས་མིའུ་ཐུང་དབྱངས་སྒྲོག་གསུམ། །རིམ་བཞིན་ཕུང་པོ་ཚོར་བ་དང༌། །འཇུག་ལྟ་གསུམ་ལ་དགོངས་ཞེས་འདོད། །
དེ་ལྟར་ཐེག་དམན་གྱི་སྡེ་སྣོད་དེ་བཞིན་གཤེགས་པ་འབྱུང་བའི་ཕན་ཡོན་རྣམ་བཞིའི་མདོ་ལས་གསལ་བར་གསུངས་པའི་སྐྱེ་དགུ་ཀུན་གཞི་ལ་དགའ་བ་ཞེས་སོགས་ཀྱི་མདོ་ཡི་དོན་བཀྲལ་སྐབས་བཙུན་པ་དབྱིག་བཤེས་དང༌། མིའུ་ཐུང་། དབྱངས་སྒྲོགས་སོགས་གསུམ་གྱིས་རིམ་པ་བཞིན་དུ་ཕུང་པོ་དང༌། ཚོར་བ་དང་། འཇིག་ཚོགས་ལ་ལྟ་བ་གསུམ་ལ་དགོངས་ཞེས་འདོད་དོ།།
དེ་བཞིན་ཐེག་པ་ཆེན་པོར་རུང་ངམ།
རྩ་བར། ཐེག་པ་འོག་མའི་ལུགས་ལ་ནི། །ཚུལ་དེ་མི་རུང་མེད་མོད་ཀྱི། །ཐེག་ཆེན་པ་རྣམས་ལུང་དེའི་དོན། །ཀུན་གཞི་རྣམ་པར་ཤེས་པ་རུ། །འདོད་པ་ཆེས་ཆེར་བཟང་བ་སྟེ། །གང་ཕྱིར་དབྱིག་བཤིས་སོགས་ཀྱིས་ནི། །བཀྲལ་བ་སྐྱོན་དང་ལྡན་ཕྱིར་རོ། །
ཉན་ཐོས་ཀྱི་ཐེག་པ་སོགས་ཐེག་པ་འོག་མའི་གདུལ་བྱ་རིགས་ཅན་དག་ཀུན་གཞི་སྟོན་པའི་སྣོད་དུ་མི་རུང་བས་དེ་ཚོའི་ལུགས་གཞིར་བཟུང་བྱས་པ་ལ་ནི། འདོད་ཚུལ་དེ་གསུམ་གང་བྱས་ཀྱང་མི་རུང་བའི་སྐྱོན་ཆེར་མེད་མོད་ཀྱི། འོན་ཀྱང་ཐེག་ཆེན་པ་རྣམས་ཀྱིས་ལུང་དེའི་དོན། ཀུན་གཞི་རྣམ་པར་ཤེས་པ་རུ་འདོད་པ་ནི་ཆེས་ཆེར་བཟང་བ་སྟེ། གང་གི་ཕྱིར་སྙམ་ན། བཙུན་པ་དབྱིག་བཤེས་སོགས་གསུམ་གྱིས་ནི་བཀྲལ་བ་དེ། ཉེར་ལེན་གྱི་ཕུང་པོ་དག་ནི་ཤིན་ཏུ་སྡུག་བསྔལ་བའི་རང་བཞིན་ཅན་ཡིན་པས། དམྱལ་བ་པ་རྣམས་ཀྱིས་མི་འདོད་པའི་གཞི་དང༌། གནས་སྐབས་ཀྱི་ཚོར་བདེ་སོགས་ནི་བསམ་གཏན་བཞི་པ་ཡན་ཆད་ཀྱི་ལྷ་རྣམས་ལ་མེད་པས་དེ་དག་གི་མི་འདོད་པའི་གཞི་དང༌། འཇིག་ཚོགས་ལ་ལྟ་བ་ནི་ཆོས་ཐམས་ཅད་བདག་མེད་པ་ལ་ཆེས་ཆེར་མོས་པའི་རང་སྡེ་རྣམས་ཀྱི་མི་འདོད་པའི་གཞི་ཡིན་པས་ལུགས་དེ་གསུམ་སྐྱོན་དང་ལྡན་པའི་ཕྱིར་རོ།།
གཉིས་པ་ཉོན་ཡིད་ཀྱི་རིགས་པ་ནི།
རྩ་བར། ཉོན་མོངས་ཅན་གྱི་ཡིད་མེད་ན། །མ་འདྲེས་པ་ཡིན་མ་རིག་དང༌། །ལྔ་བོ་དག་དང་འདྲ་བ་དང༌། །སྙོམས་པར་འཇུག་པའི་བྱེ་བྲག་དང༌། །ངེས་ཚིག་མེད་པའི་སྐྱོན་དུ་འགྱུར། །འདུ་ཤེས་མེད་པར་སྐྱེས་པའི་རྒྱུན། །ངར་འཛིན་མེད་པའི་སྐྱོན་དུ་འགྱུར། །ངར་འཛིན་པ་དང་ལྡན་པ་ནི། །རྣམ་པ་ཀུན་ཏུ་མི་འཐད་ཕྱིར། །ཉོན་ཡིད་ཡོད་པར་ཤེས་པར་བྱ། །
ཉོན་མོངས་ཅན་གྱི་ཡིད་དམ་ཉོན་ཡིད་མེད་པར་ཁས་བླངས་ན། རྟེན་མ་འདྲེས་པ་ཡི་མ་རིག་པ་གཞི་མེད་དུ་ཐལ་བ་དང་། དེ་བཞིན་འཇུག་ཤེས་དྲུག་གི་ནང་ཚན་དུ་གྱུར་པའི་དྲུག་པ་ཡིད་ཤེས་དེ། འཇུག་ཤེས་ཡིན་པ་དབང་ཤེས་སོགས་ལྔ་པོ་དག་དང་འདྲ་བ་མ་ཡིན་པར་ཐལ་བ་དང་། འདུ་ཤེས་མེད་པའི་སྙོམས་འཇུག་དང༌། འགོག་པའི་སྙོམས་འཇུག་སོགས་སྙོམས་པར་འཇུག་པའི་རིགས་ལ་སྤྱི་དང་བྱེ་བྲག་གི་རྣམ་དབྱེ་ལེགས་པར་འབྱེད་དུ་མེད་པར་ཐལ་བ་དང་། ངར་སེམས་པ་ནི་ཡིད་ཡིན་ནོ་ཞེས་སོགས་ཀྱི་ངེས་ཚིག་ལའང་བཤད་དུ་མེད་པའི་སྐྱོན་དུའང་འགྱུར། དེ་ཙམ་དུ་མ་ཟད་འདུ་ཤེས་མེད་པར་སྐྱེས་པའི་ལྷ་སོགས་ལ་དུས་རྒྱུན་དུ་ནས་ངར་འཛིན་མེད་པའི་སྐྱོན་དུ་འགྱུར་ལ། ངར་འཛིན་པའི་འཇིག་ལྟ་དང་མཚུངས་པར་ལྡན་པའི་བློ་ནི། དུས་དང་རྣམ་པ་ཀུན་ཏུ་མི་འཐད་པ་དེའི་ཕྱིར། ཉོན་ཡིད་མེད་པར་འདོད་མཁན་ཚོས་རིགས་པ་འདི་དག་ལ་བརྟེན་ནས་ཉོན་ཡིད་ཡོད་པར་ཤེས་པར་བྱའོ།།
གསུམ་པ་རྣམ་ཤེས་ཚོགས་དགུར་འདོད་པ་དགག་པ་ལ། ཕྱོགས་སྔ་མ་བརྗོད་པ་དང༌། དེ་དགག་པ་གཉིས། དང་པོ་ཕྱོགས་སྔ་མ་བརྗོད་པ་ནི།
རྩ་བར། བདུན་པ་ལེན་པའི་རྣམ་ཤེས་དང༌། །ཀུན་གཞི་གསུམ་དུ་འཆད་པ་དང༌། །དགུ་བ་དྲི་མེད་རྣམ་ཤེས་སུ། །འདོད་པ་ཡང་དག་བདེན་པའི་ལུགས། །
མིག་གི་རྣམ་པར་ཤེས་པ་སོགས་རྣམ་ཤེས་ཚོགས་དྲུག་གི་སྟེང་དུ་བདུན་པ་ལེན་པའི་རྣམ་ཤེས་དང་། ངོ་བོ་ཉིད་ཀྱི་ཀུན་གཞི་དང༌། རྣམ་སྨིན་གྱི་ཀུན་གཞི་དང༌། ཀུན་ནས་ཉོན་མོངས་པའི་ཀུན་གཞི་སོགས་ཀུན་གཞི་གསུམ་དུ་འཆད་པ་དང་། དགུ་པ་དམིགས་བྱེད་དྲི་མེད་རྣམ་ཤེས་སོགས་གཉིས་སུ་དབྱེ་བ་བཅས་དགུར་འདོད་པ་ནི། སེམས་ཙམ་པའི་སློབ་དཔོན་ཡང་དག་བདེན་པའི་ལུགས་སུ་གྲགས་སོ།།
གཉིས་པ་ཕྱོགས་སྔ་མ་དགག་པ་ནི།
རྩ་བར། ཚོགས་བརྒྱད་དག་ལས་ལོགས་པ་ཡི། །གཙོ་བོའི་རྣམ་ཤེས་ཡོད་གྱུར་ན། །རྟག་པའི་དངོས་པོར་འགྱུར་བའི་ཕྱིར། །ཚོགས་དགུར་འདོད་ལ་སྒྲུབ་བྱེད་མེད། །
རྣམ་ཤེས་ཚོགས་བརྒྱད་པོ་དག་ལས་ལོགས་པའམ་དེ་དག་གི་ནང་དུ་མ་འདུས་པ་ཡི་སློབ་དཔོན་ཡང་དག་བདེན་པ་ཁྱོད་ཀྱི་འདོད་པའི་གཙོ་བོའི་རྣམ་ཤེས་ཟེར་བ་དེ་འདྲ་ཞིག་ཡོད་པར་གྱུར་ན། རྟག་པ་ཡིན་པའི་དངོས་པོ་ཞིག་ཡོད་པར་འགྱུར་བའི་ཕྱིར་ན། སློབ་དཔོན་ཁྱེད་ཀྱིས་རྣམ་ཤེས་ཚོགས་དགུར་འདོད་པ་ལ་སྒྲུབ་བྱེད་གཏིང་ཆོད་པ་ཞིག་གང་ཡང་མེད་དོ།།
བཞི་པ་རྣམ་ཤེས་ཚོགས་གཅིག་ཏུ་འདོད་པ་དགག་པ་ལ། ཕྱོགས་སྔ་མ་བརྗོད་པ་དང༌། དེ་དགག་པ་གཉིས། དང་པོ་ཕྱོགས་སྔ་མ་བརྗོད་པ་ནི།
རྩ་བར། ཡིད་ཤེས་གཅིག་ཉིད་དབང་དྲུག་གི། །རྟེན་ལ་སོ་སོར་རྒྱུ་བའི་ཚེ། །སོ་སོའི་མིང་དུ་བཏགས་པ་ཙམ། །བྲམ་ཟེ་ཚོམས་དང་སྐྱེ་མཆེད་ནི། །བཅུ་གཉིས་སྟོན་པའི་མདོ་ལས་ཀྱང༌། །གཅིག་པུར་གསུངས་དང་རྣམ་ཤེས་དྲུག །ཡིད་ཀྱི་སྐྱེ་མཆེད་ཡིན་གསུངས་ཕྱིར། །ཤེས་ཀུན་ཡིད་ཤེས་གཅིག་པུ་ལོ། །
ཡིད་ཀྱི་རྣམ་པར་ཤེས་པ་གཅིག་པུ་ཉིད་མིག་གི་དབང་པོ་སོགས་དབང་པོ་དྲུག་གི་རྟེན་ལ་སོ་སོར་བྱས་ནས་རྒྱུ་བའི་ཚེ་སྟེ་རང་རང་གི་ཡུལ་གཟུགས་སྒྲ་དྲི་རོ་སོགས་འཛིན་པའི་ཚེ། དབང་དྲུག་སོ་སོའི་མིང་དུ་བཏགས་པ་ཙམ་ལས་ངོ་བོའི་ཆ་ནས་ཡིད་ཀྱི་རྣམ་ཤེས་དང་ཐ་དད་པ་ཞིག་མེད་མོད། འོན་ཀྱང་བྲམ་ཟེ་ཚོམས་དང་སྐྱེ་མཆེད་ནི། བཅུ་གཉིས་ཀྱི་གྲངས་སྟོན་པའི་མདོ་སོགས་ལས་ཀྱང་། རིམ་པ་བཞིན་དུ་རིང་དུ་འགྲོ་བ་གཅིག་པུར་གསུངས་དང་རྣམ་ཤེས་དྲུག དྲུག་པ་ཡིད་ཀྱི་སྐྱེ་མཆེད་ཡིན་པར་གསུངས་པའི་ཕྱིར་ན། ཤེས་པ་ཕྲ་རགས་ཀུན་ཡིད་ཀྱི་རྣམ་ཤེས་གཅིག་པུ་ཡིན་ནོ་ལོ་ཞེས་མི་འཐད་པའི་ཚིག་མདའ་འཕངས་སོ།།
གཉིས་པ་དེ་དགག་པ་ནི།
རྩ་བར། ལུང་དོན་གཞན་དུ་ནུས་ཕྱིར་དང༌། །དབང་ཤེས་ཀྱིས་ཀྱང་ལྐོག་གྱུར་དང༌། །འདས་དང་མ་འོངས་འཛིན་གྱུར་ཕྱིར། །ཚོགས་གཅིག་འདོད་པ་མུན་སྤྲུལ་ལོ། །
དེ་ལྟར་འདོད་པ་མི་འཐད་དེ། ལུང་སྔ་མ་རིང་དུ་འགྲོ་བ་གཅིག་པུར་རྒྱུ། །གདུལ་བར་དཀའ་བའི་སེམས་འདུལ་བྱེད། །དེ་ནི་བྲམ་ཟེ་ངས་བཤད་དོ། །ཞེས་པའི་དོན་ནི། མིག་དབང་སོགས་དབང་ཤེས་ལྔ་ནས་གཞན་དུ་དྲུག་པ་ཡིད་ཀྱི་རྣམ་ཤེས་གཅིག་པུས་ཡུལ་གཟུགས་སྒྲ་སོགས་ཇི་བཞིན་འཛིན་ནུས་པ་ལ་དགོངས་པའི་ཕྱིར་དང་། ལུང་ཕྱི་མ་རྣམ་པར་ཤེས་པའི་ཚོགས་དྲུག་ནི་ཡིད་ཀྱི་སྐྱེ་མཆེད་དོ་ཞེས་པའི་དོན་ནི། རྣམ་ཤེས་ཚོགས་དྲུག་ག་སྐྱེ་མཆེད་བཅུ་གཉིས་ཀྱི་ནང་ནས་ཡིད་ཀྱི་སྐྱེ་མཆེད་ཡིན་གསུངས་པ་ཡིན་པས། ཡིད་ཀྱི་སྐྱེ་མཆེད་དང་ཡིད་ཤེས་གཉིས་དོན་གཅིག་པས། དེ་ཡིན་ན་ཡིད་ཤེས་ཡིན་དགོས་པའི་ཕྱིར། གལ་སྲིད་དེ་ལྟར་མིན་ན། མིག་དབང་སོགས་དབང་ཤེས་འཁོར་བཅས་ཀྱིས་ཀྱང་ཡིད་ཀྱི་རྣམ་ཤེས་ལྟར་རྟགས་ལ་བརྟེན་ནས་ལྐོག་གྱུར་གྱི་ཆོས་རྣམས་རྗེས་སུ་དཔོག་པར་ཐལ་བ་དང་། མ་ཟད་ད་ལྟའི་དུས་སུ་འདས་ཟིན་གྱི་ཆོས་རྣམས་དྲན་པ་དང་། དེ་བཞིན་མ་འོངས་འབྱུང་འགྱུར་གྱི་ཆོས་རྣམས་གཅིག་དང་གཉིས་རེ་བཞིན་འཛིན་པར་ཐལ་བར་གྱུར་པའི་ཕྱིར། རྣམ་པར་ཤེས་པ་ཚོགས་གཅིག་ཁོ་ན་འདོད་པ་ནི་མུན་སྤྲུལ་ལོ་སྟེ་རང་བཟོས་བསླད་པ་འབའ་ཞིག་ལས་གཞན་དུ་མ་འདས་སོ།།
རྣམ་ཤེས་ཚོགས་བརྒྱད་ལས་གྲངས་མང་བ་དང་ཉུང་བ་གང་འདོད་ཀྱང་དེར་ལུང་རིགས་ཀྱིས་གནོད་པ་ནི།
རྩ་བར། དེ་ཕྱིར་ཡིད་ཆེས་ལུང་རིགས་ཀྱིས། །གྲུབ་པ་རྣམ་ཤེས་བརྒྱད་ཡིན་ཕྱིར། །གསང་བའི་གནས་ལ་མི་ཞུམ་པའི། །མཁས་པས་བརྒྱད་ཉིད་འདོད་པར་བྱ། །
གོང་དུ་བཀོད་པའི་རྒྱུ་མཚན་དེ་དག་གི་ཕྱིར་ཡིད་ཆེས་པའི་ལུང་དང་རིགས་པ་བརྒྱ་ཕྲག་སོགས་ཀྱིས་ལེགས་པར་གྲུབ་པ་ནི། རྣམ་ཤེས་བརྒྱད་ཉིད་དམ་འབའ་ཞིག་ཡིན་ཕྱིར་རྣམ་ཤེས་ཚོགས་དགུ་དང༌། གཅིག་པུ་གང་རུང་འདོད་པ་སོགས་ལ་ནི། ཕྱོགས་ཡོངས་ནས་གནོད་པ་མང་དུ་འཇུག་གོ། ཆེས་རྟོགས་དཀའ་བ་སྟེ་གསང་བའི་གནས་ཀུན་གཞི་དང་ཉོན་ཡིད་གཉིས་ཀྱི་རྣམ་གཞག་གཏན་ལ་འབེབས་པ་ལ་བློའི་མཐུ་མི་ཞུམ་པའི་ནང་པ་སངས་རྒྱས་པའི་མཁས་པ་དག་གིས་རྣམ་ཤེས་ཚོགས་བརྒྱད་ཉིད་འདོད་པར་བྱའོ།།
གཞུང་འདི་བརྩམས་པའི་དགེ་བ་རྫོགས་བྱང་དུ་བསྔོ་བ་ནི།
རྩ་བར། ཡིད་དང་ཀུན་གཞིའི་དཀའ་བའི་གནས། །གསལ་བར་སྟོན་འདི་མཁས་མཆོག་རྣམས། །ཇི་ལྟར་བཞེད་བཞིན་བླ་མ་ཡི། །གསུང་ལ་བརྟེན་ནས་རྒྱལ་ཁམས་པ། །བློ་བཟང་གྲགས་པས་སྦྱར་བ་ཡི། །དགེ་དེས་ཐུབ་བསྟན་རྒྱས་གྱུར་ཅིག །
ཡིད་དང་དེ་བཞིན་ཀུན་གཞིའི་སྐོར་གྱི་ཤིན་ཏུ་རྟོགས་པར་དཀའ་བའི་གནས་ཚིག་ཚོགས་ཉུང་ཞིང༌། དོན་གྱི་གནད་ལེགས་པར་ཚང་བའི་སྒོ་ནས་གསལ་བར་སྟོན་པའི་བསྟན་བཅོས་འདི་ཉིད། རྣམ་རིག་པའི་ལྟ་བའི་རྣམ་གཞག་ལ་མཁས་པའི་མཆོག་ཏུ་གྱུར་པའི་སློབ་དཔོན་རྣམས་ཀྱིས་ཇི་ལྟར་བཞེད་དགོངས་བཞིན། ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན་དང༌། རེད་མདའ་བ་གཞོན་ནུ་བློ་གྲོས་སོགས་བླ་མ་དུ་མ་ཡི་རྙེད་དཀའ་བའི་ཞལ་གསུང་ཁྱད་དུ་འཕགས་པ་དུ་མ་ལ་བརྟེན་ནས་ཤར་མདོ་སྨད་ནས་ཡོང་བའི་རྒྱལ་ཁམས་པ་བློ་བཟང་གྲགས་པས་འཕྲལ་དུ་སྦྱར་བ་ཡི་དགེ་བ་དེས། ཐུབ་པའི་བསྟན་པ་སྤྱི་བྱེ་མཐའ་དག་ཉི་ཟླས་གར་ཁྱབ་ཀྱི་ས་ཡི་ཁྱོན་ཀུན་ལ། ཇི་སྲིད་བསྟན་པའི་གནས་ཚད་ཡོངས་སུ་མ་རྫོགས་པ་དེ་སྲིད་དུ་དར་ཞིང་རྒྱས་པར་གྱུར་ཅིག
དེ་ཡང་རྗེ་བདག་ཉིད་ཆེན་པོས་ཡིད་དང་ཀུན་གཞིའི་དཀའ་བའི་གནས་ཀྱི་རྩ་བ་ཞེས་པའི་བསྟན་བཅོས་དང་དེའི་རང་འགྲེལ་བཅས་མཛད་པ་ནས་བཟུང༌། མཁས་པ་དུ་མ་ཞིག་གིས་རྩ་བ་དེར་འགྲེལ་པ་རྒྱས་བསྡུས་སྣ་ཚོགས་པ་ཞིག་བྱས་པ་དངོས་སུ་མཇལ་རྒྱུ་བྱུང་མོད་ཀྱང༌། མང་ཆེ་བས་བཤད་པ་རྒྱས་དྲགས་ནས་གཞུང་གི་བསྟན་དོན་དངོས་མིག་སྔར་ཇི་བཞིན་བཏོན་མ་ཐུབ་པ་དང༌། འགའ་ཤས་ཀྱིས་དཀའ་སར་སླེབས་དུས་བཤད་པ་ཇེ་ཉུང་ཇེ་ཉུང་དང༌། སླ་སར་སླེབས་དུས་དོན་མེད་རྒྱས་སྤྲོས་ཇེ་མང་ནས་ཇེ་མང་དུ་བྱས་པ། ཡང་ལ་ལས་རྩ་བ་ལས་ཀྱང་ཆེད་དུ་འབད་པ་ལྟ་བུས་ཁ་ཇེ་དམ་བྱས་པ་སོགས་ཀྱིས་བདག་དང་བདག་འདྲའི་དབང་རྟུལ་གྱི་རིགས་ལ་དུས་ཐོག་ཆར་པ་ལྟ་བུའི་ཕན་ཐོགས་ངེས་ཅན་ཞིག་ཡོད་པར་མ་མཐོང་སྟབས། ཅུང་ཁ་གསལ་ཞིང་འབད་རྩོལ་ཆེར་མི་དགོས་པར་གོ་སླ་བའི་འབྲུ་འགྲེལ་རྒྱས་བསྡུས་འཚམ་པ་འདི་འདྲ་ཞིག་འབྲི་ཁུར་བྱས་མོད། གསུང་རབ་དགོངས་འགྲེལ་དང་བཅས་པའི་གཞུང་ཆེ་བ་རྣམས་གདམས་པའི་མཆོག་ཡིན་ཡང་ཡོངས་སུ་སྦྱངས་གོམས་མ་སོང་བའི་གང་ཟག་ལས་དང་པོ་བ་བདག་ལྟ་བུས། མཛད་པ་པོའི་བཞེད་དགོངས་ཇི་བཞིན་བྱུང་མེད་པ་ནི་ཐེ་ཚོམ་མི་དགོས་པས། དཔྱོད་ལྡན་པ་ཚོས་ལེགས་ཉེས་དབྱེ་འབྱེད་ཀྱི་དགོངས་ཚུལ་དུས་ཐོག་ལེགས་སྟོན་ཡོད་པར་ཞུ།།
ཆབ་ཚང་འཇམ་དཔལ་མཆོག་ལ། ལ་དྭགས་འཇམ་དཔལ་གྱིས་ཞུ་བ།
ཡིད་དང་ཀུན་གཞི་བཤད་པ་ཕུལ་དུ་བྱུང་བ་རིང་པོ་བྲིས་པར་ཐུགས་རྗེ་ཆེ་ཆེ་ཆེ། ལ་དྭགས་གཤམ་ཕྱོགས་པས་། ཀེ་གུ་ཞབས་ཀྱུར་འབོད་པ་ལྟར། ཁྱེད་ཀྱིས། སུམ་གདུང་བར་མ། ཞེས་དང་། ཁོ་བོའི་ངག་ཏུ། སིམ་གདུང་བར་མ་ཞིག་འདུག་པས། གཅིག་ན། ལོ་ངོ་གྱ་བདུན་པར་སོན་པ། རྒན་འཆོལ་རྟགས་ཡིན་ནམ། འདི་ལ་ལན་ཞིག་ཡོད་པར་ཞུ།
འཕཌ་པ། བདག་གི་དཔེ་ཆའི་དགེ་རྒན་ནས་གསུངས་པ། བསྡུས་ཡིག་ནི། དག་ཡིག་གི་དགྲ་ཡིན།
སུམ་ནོར་བ་རེད། སིམ་རེད། ཁྱེད་ཀྱིས་ནོར་མི་འདུག ནོར་མཁན་ང་རེད།
བསྡུས་ཡིག་ནི་འཛམ་གླིང་གི་སྐད་རིགས་མང་ཆེ་བར་ཡོད་པ་ཞིག་ལས། བོད་སྐད་གཅིག་པུའི་ཁྱད་ཆོས་ཤིག་རེད་མི་འདུག བསྡུས་ཡིག་དག་ཡིག་གི་དགྲ་རེད་ཟེར་བ་ནི་རྣ་བར་མི་འགྲོ་བའི་སྐད་ཆ་ཞིག་རེད། དེ་བས་བསྡུས་ཡིག་འབྲི་སྟངས་མི་ཤེས་པར་ཨུ་ཚུགས་དང་ཤེས་མདོག་གིས་བསྡུས་ཡིག་བྲིས་པ་དེ། དོན་གོ་བར་བྱེད་པའི་དགྲ་རེད་ཅེས་ལབ་ན། དེ་ནི་གཅིག་བྱས་ན་ལབ་སྟངས་སྙིང་རྗེ་བོ་ཞིག་ཡིན་ངེས། ངས་བལྟས་ན་བསྡུས་ཡིག་ནི་དག་ཡིག་གི་རྒྱན་དང་། སྐད་ཆའི་སྒྱུ་རྩལ་ཐུན་མོང་མ་ཡིན་པ་ཞིག་ཀྱང་རེད། མ་ཟད་བསྡུས་ཡིག་བྲིས་པ་དང་བཤད་པས་བརྗོད་པ་ཐུང་ངུའི་ནང་སྐད་ཆ་མང་པོ་དང་ལེགས་པོ་བརྡ་སྤྲོད་ཐུབ་པས། དེའི་ཡན་ཞིག་གང་ན་ཡོད།
་་་་་་་་་་་་་་་་་་་ ཆོས་ཐམས་ཅད་ནང་སེམས་ཀྱི་བདག་ཉིད་ཙམ་དུ་སྨྲ་པའི་རྣལ་འབྱོར་སྤྱོད་པའི་ལམ་གྱི་སྲོལ་ལེགས་པར་བཏོད་པ་དང༌། དེ་ལྟར་སྲོལ་མ་བཏོད་པའི་སྔོན་དུ་དབུ་མ་ཉིད་དམ་དབུ་མའི་ཚུལ་ལས་འཇིག་རྟེན་འདིར་ཐེག་ཆེན་གྱི་གྲུབ་མཐའ་གཞན་མེད་དོ།། ་་་་་་་་་་་་ཟེར་བ་འདིན་ནིཤིནད་ཏུ་ནས་མི་འཐད་དེ་ལང་དང་རིགས་པ་འོག་ཏུ་འགོད་པར་བྱའོ།།
་
བསྡུས་ཡིག་ནི། དག་ཡིག་གི་དགྲ་ལྟ་བུ་ཡང་ཡིན་ཏེ། དཔེར་ན། བཀྲ་ཤིས་ལ་བཀྲིས་དང་། བདེ་ལེགས་ལ་བདེ་ལེཊ་བྲིས་པ་ལ་སོགས་སོ། དུ་དུང་རྒྱུ་མཚན་དགོས་ན་མུ་མཐུད་ནས་འོངས་སོ།།
[གང་ཟག་གི་བདག་འཛིན་དང་ཆོས་ཀྱི་བདག་འཛིན་གྱི་བག་ཆགས་སོགས་གསུམ་ལ་དམིགས་ནས།] (རྟེན་དང་དབང་དོན་བག་ཆགས་ལ། ཞེས་པའི་བར་ཆགས་དེ་འདི་ཡེ་ཡིན་ཞིབ་ཏུ་གཟིགས་རོགས།)
གང་ཟག་གི་བདག་འཛིན་དང་ཆོས་ཀྱི་བདག་འཛིན་གྱི་བག་ཆགས་སོགས་གསུམ་ལ་དམིགས་ནས།] (དོན་དང་སེམས་ཅན་བག་ཆགས་ལ། ཞེས་པའི་བར་ཆགས་དེ་འདི་ཡེ་ཡིན་ཞིབ་ཏུ་གཟིགས་རོགས།) དགོངས་དག་གོང་རྩ་ཚིག་དེ་ནོར་འདུག།
དེ་ལྟ་མིན་ན་གཟུགས་མེད་པ། །གཟུགས་ཀྱི་འདི་ཤེས་མ་འདས་དང༌། (འདི་ཤེས་ཡེ་ཡིན)
ཀུན་གཞིའི་གཟུང་ཆའམ་ཀུན་གཞིའི་འཛིན་སྟངས་ཀྱི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་དོན་ལྔ་དག་ལ་ནི།(འདིའི་གཟུང་ཆ་འཛིན་སྟངས་ཀྱི་ཡུལ་ལ་གོ་རྒྱུ་ཡེ་ཡིན)
རེག་སོགས་སྔར་ངེས་ཚོལ་བ་ནི། །(སྔར་ཡེ་ཡིན) (ཚོལ་བ་ཡེ་ཡིན)
བློ་བཟང་གི་དྲི་བར་ལན་འདེབས།
དོན་དང་སེམས་ཅན་བག་ཆགས་ལ། །ཞེས་པའི་བག་ཆགས་དེ་བག་ཆགས་རང་ལས་༼བར་ཆགས་༽མ་རེད། ༼འདི་ཤེས་༽མ་རེད་༼འདུ་ཤེས་༽རེད། ནོར་འདུག འདིའི་༼གཟུང་ཆ་༽༼འཛིན་སྟངས་ཀྱི་ཡུལ་༽ལ་གོ་རྒྱུ་རེད། ༼ཚོལ་༽བ་མ་རེད། ༼ཚོར་བ༽ ར་ཆོས། ཡ་ཡ་ཡ། བཀའ་དྲིན་ཆེ།
རང་གི་ནོར་བ་ཁས་་བླངས་པ་དེ། ཡ་རབས་ཀྱི་ཚུལ་ཡིན་པར་བཀའ་དྲིན་ཆེ།
་
བདག་ཏུ་མེད་པ། ཞེས་པ་ལྟ་བུ་ལ། བདག་མེད། ཅེས་པ་ལྟ་བུ་ཡིག་རིགས་ཀུན་ལ་ཡོད་ངེས་ཀྱང་། ཌ། ཞེས་དང་། བཀྲ་ཤིས་ལ། བསྡུས་ཡིག བཀྲིས་སོགས་འབྲི་བ་ནི། ཀློག་པ་པོ་མང་པོས། ཡི་གེ་ཙམ་ཡང་ཀློག་མི་ཤེས་པ་ཁོ་བོས་དངོས་སུ་མཐོང་། བོད་སྐད་ལ་ལོག་པ་ལྔ་དང་། ཐུག་པོ་ལྔ་ཉེར་མཁོ་མེད་པས། ཐོན་མིས་སྤངས་པ་དེ།སླར་ཡང་བོད་སྐད་དུ་བཅུག་པ་བླུན་རྟགས་སུ་མི་འགྲོ་འམ།
་
དེའི་ཡན་ཞིག་གང་ན་ཡོད། འདི་ནང་གི་ཡན་གྱི་དོན་གང་ཡིན་ནམ།
ལ་དྭགས་འཇམ་དཔལ་གྱི་དྲི་བའི་ལན།
མི་ཤེས་པ་ནི་མ་སྦྱངས་པའི་རྟགས་རེད། དེ་འདྲ་སོང་ཀློག་མཁན་རང་ཉིད་ཀྱིས་མ་འགྲིག་པ་ལས། བསྡུས་ཡིག་གིས་མ་འགྲིག་པ་ཞིག་མ་རེད། གང་ལ་སྦྱངས་ན་དེ་ལ་མཁས་པ་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས། སྦྱངས་པ་སྔོན་དུ་སོང་བ་ཞིག་ན་དེ་འདྲའི་རིགས་ལ་དཀའ་ངལ་གང་ཡང་ཡོད་པ་མ་ཚོར། མ་སྦྱངས་པ་ཡིན་ན་དོན་དཀའ་སླ་གང་འདྲ་ཞིག་ལའང་རྨོངས་སྲིད་པ་ཞིག་རེད། མ་སྦྱངས་པ་ལ་ཀུན་མཁྱེན་དུ།།འགྲོ་ན་རྒྱུ་འབྲས་ག་ལ་སྲིད།།ཅེས་ས་པཎ་གྱིས་གསུངས་པ་ནི་ཉམས་མྱོང་གི་སྐད་ཆ་ཞིག་ལོས་ཀྱང་ཡིན།
ལོག་ཡིག་དེ་ཚོ་བོད་ཀྱི་དབྱངས་གསལ་སོ་བཞིའི་གྲས་ནས་སྤངས་པ་ཞིག་ལས། སྤྱིར་བཏང་ནས་སྤངས་པའི་སྐད་ཆ་མ་རེད། དགོས་མཁོ་ཡོད་ན་བེད་སྤྱོད་བཏང་ནའང་མ་འགྲིག་པ་ཞིག་མ་རེད་སྙམ། དེ་དག་བེད་སྤྱོད་བཏང་ན་བླུན་རྟགས་ཡིན་པ་འདྲ་བོ་ངས་ཚོར་གྱི་མེད།
༼དེའི་ཡན་ཞིག་མེད་༽ དེ་ལས་ལྷག་པ་ཞིག་ག་ལ་ཡོད་ཅེས་པའི་དོན་རེད།
བསྡུས་ཡིག་ལ་དགའ་བའི་མཁས་དབང་ཚོ། ཕཊ། འདི། ཕགས་རེད་དམ། ཕཊ། ཧྰུང་ཕཊ་ཀྱི་ཕཊ་རེད། ལགས།
ད་ལན་འཁྱེར་ཤོག
ཆབ་ཚང་འཇམ་དཔལ་གྱིས་བཀོད་པ།
མ་སྦྱངས་པ་ལ་ཀུན་མཁྱེན་དུ། །འགྲོ་ན་རྒྱུ་འབྲས་ག་ལ་སྲིད།།
དཔེ་ཆ་ཞིག་ན༏
མ་སྦྱངས་པ་ལ་ཀུན་མཁྱེན་དུ།།འགྲོ་ན་རྒྱུ་འབྲས་ག་ལ་བདེན།།
སྲིད་དང་། བདེན གང་དག་པ་ཡིན་ནམ།
་
དུད་འགྲོ་་དེ་དག་གང་འབྱུང་འབྱུང་དུ། ཡན་དུ་ཆུག ཅེཨ་བྱ་་ཚིག་ཏུ་བཀོལ་བ་ཡོད་དམ།
གང་དག་མིན་ས་པཎ་ལ་དྲིས་ན་མ་གཏོགས་ངས་ཤེས་ཀྱི་མེད། དེ་གཉིས་གང་བྲིས་ཀྱང་དོན་ལ་ནི་ཁྱད་པར་དེ་ཙམ་ཡོད་པ་མ་མཐོང་།
ཡན་ཞེས་པ་གཟུགས་མི་འགྱུར་བའི་བྱ་ཚིག་ལའང་འགྲོ་བ་ཡོད། དཔེར་ན། བསམ་བློ་གང་སར་༼ཡན་༽བཞིན་པའི་སྐབས་ཤིག་ལ་དགེ་རྒན་སླེབས་སོང་། འདི་དྲིས་ལན་མཐའ་མ་ཡིན།
ལ་དྭགས་པ་འཇམ་དཔལ་གྱི་དྲི་བར་ལན།
གང་དག་མིན་སྐུ་ཞབས་་ས་པཎ་ལ་དྲིས་ན་མ་གཏོགས་ངས་ཤེས་ཀྱི་མེད། དེ་གཉིས་གང་བྲིས་ཀྱང་དོན་ལ་ནི་ཁྱད་པར་དེ་ཙམ་ཡོད་པ་མ་མཐོང་། ཡན་ཞེས་པ་གཟུགས་མི་འགྱུར་བའི་བྱ་ཚིག་ལ་འགྲོ་བ་ཡོད། དཔེར་ན། བསམ་བློ་ག་ས་གང་དུ་ཡན་བཞིན་པའི་སྐབས་ཤིག་ལ་དགེ་རྒན་སླེབས་སོང་། ལྟ་བུ་རེད། འདི་དྲིས་ལན་མཐའ་མ་དེ་ཡིན།
ཡན་ཞེས་པ བྱ་ཚིག་ཡིན་ན། དུས་ཀྱི་སྒོ་ནས། འདས་ད་ལྟ་མ་འོངས་བཅས་ལ་འགྱུར་བ་ཡོད་དམ་མེད།
ངོ་བོའི་སྒོ་ནས། དབྱེ་ན། ཡུལ་ཡོད་དམ་། ཡུལ་མེད་བྱ་ཚིག་གང་རུང་དུ་འདོད་དགོས། འདི་ལ་བོད་སྐད་ཀྱི་བཤད་པ་དེ་གོ་དཀའ་བ་ཞིག་མཆིས་པས། ལེགས་སྦྱར་དང་། ཨཻན་སྐད་ཀྱི་བཤད་པ་དེ་བོད་སྐད་ལ་ཡང་གཅིག་མཚུངས་ཡིན་ནོ།
ཁྱེད་རང་མི་ཁེ་མཚར་པོ་དཔེ་འདུག དྲིས་ལན་ལ་ཡག་པོ་མི་བལྟ་བར་འདི་ག་རེ་རེད། གན་ག་རེ་རེད་ཅེས་དོན་མེད་ཀྱི་དྲི་བ་འདྲ་མིན་བཀོད་ནས། (ཡན་)གཟུགས་མི་འགྱུར་བའི་བྱ་ཚིག་རེད་ཅེས་གོང་ནས་བཤད་ཟིན། མ་ཟད་དཔེ་བརྗོད་ཡང་བཞག་ཡོད། ད་དུང་དྲི་བ་འདྲ་ཞིག་གཏོང་བསྡད་འདུག ཡུལ་མེད་བྱ་ཚིག ཧ་ཧ་ཧ། གོང་དུ་བཀོད་པའི་དཔེ་བརྗོད་ལ་ལྟོས་དང་། ཡུལ་ཡོད་དང་མེད་ཤེས་འགྲོ་ངེས་རེད། ད་ང་གཉིས་ཀྱིས་དོན་མེད་ཐོག་ཆུ་ཚོད་འཕྲོ་བརླག་ལ་གཏོང་བཞིན་བསྡད་ན་ཆོ་གང་ཡང་མི་འདུག བདེ་མོ་གྱིས།
“ཁྱེད་རང་མི་ཁེ་མཚར་པོ་དཔེ་འདུག ” ངའི་ཁེ་མཚར་པོ་ནས། ཁྱེད་ལ་ཡངརང་སྐལ་་ཐོབ་ངེས། བདེ་མོར་གྱིས།
“ཁྱེད་རང་མི་ཁེ་མཚར་པོ་དཔེ་འདུག ” བརྗོད་པ་ཐུང་ངུ་འདིར། ཁྱད་ལ། ཁེ་དང། རྦད་ལ། དཔེ། དེས་ན། བརྗོད་པ་འདི་ཉིད་ཆོས་སྐད་དུ། “ཁྱེད་རང་མི་ཁྱད་མཚར་པོ་རྦད་འདུག ” ཅེས་དང་། ཆབ་ཚང་འཇམ་དཔལ་གྱིས། ཡན་བྱ་ཚིག་ཡིན་པ་དཔེར་བརྗོད་དང་བཅས་བཀོད་པ་ལ། བདག་གིས་ཞིབ་ཏུ་བལྟས་མེད་པ་ལ་གོང་དག
དོན་འདི་དག་ལ་དགོངས་ནས། ཆོས་རྗེ་ས་པཎ་གྱིས།
ཆོས་ཀྱི་སྐད་དང་མཐུན་པ་ཡིས།
རང་ཡུལ་སྐད་ངན་སྤང་བར་བྱ། ཞེས་གསུངས། དེ་བཞིན་དུ། དབུ་མ་འཇུག་པ་ལས།
་
རང་ཁྱིམ་རྩིག་ཕུག་སྦྲུལ་གནས་མཐོང་བཞིན་དུ།
འདི་ན་གླང་ཆེན་མེད་ཅེས་དོགས་བསལ་ཏེ།
སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ནི
ཀྱེ་མ་གཞན་གྱི་གནམ་པོར་འགྱུར་ཉིད་དོ། ༡༤༡
དེས་ན་ཕལ་སྐད་བཟུང་ནས། ཡིག་སྐད་སྤངས་ན། གོང་གསལ་གྱི་སྐྱོན་རྣམས་མཐོང་བས། བདག་ལེགས་སུ་འདོད་པ་རྣམས་ཀྱི་གནས་འདི་ལ་གཟབ་བོ།
བཀྲི་བྱ། བཀྲི་བྱེད། བཀྲིས་ཟིན། བཀྲིས་ཤིག ཅེས་བཀྲིས་ཞེས་པའི་དག་ཡིག་ཐད་ལྡན་དག་ལ་ཡོད་བཞིན་དུ། བསྡུས་ཡིག་མཁས་མདོག་གིས། བཀྲ་ཤིས་བདེ་ལེགས། ཚབ་ཏུ། བཀྲིས་བདེ་ལེཊ། བཟོས་པ་འདི་གླེན་རྟགས་མ་གཏོགས་མཁས་རྟགས་མ་རེད་དོ།། བོད་རིགས་གཞོས་སྐྱེས་བློ་ཟུ་བོར་གནས་པ་ཚོ་ལ་སྤྲིངས་པའོ།།
གང་ཟག་གི་བདག་འཛིན་དང་ཆོས་ཀྱི་བདག་འཛིན་གྱི་བག་ཆགས་ཆོས་ཅན། དོན་དང་སེམས་ཅན་བག་ཆགས་ལ། ཞེས་པའི་བག་ཆགས་དེ་མ་ཡིན་པར་ཐལ། མངོན་བརྗོད་ཀྱི་བག་ཆག་མ་ཡིན་པའི་ཕྱིར།
ཀུན་གཞིའི་གཟུང་ཆ་ཞེས་པ་དེ་འཛིན་སྟངས་ཀྱི་ཡུལ་གོ་རྒྱུ་མ་ཡིན་པར་ཐལ། ཀུན་གཞིའི་འཛིན་སྟངས་ཀྱི་ཡུལ་མེད་པའི་ཕྱིར། རྟགས་གྲུབ་སྟེ། ཁྱོད་མ་རྟོག་པའི་བློ་ཡིན་པའི་ཕྱིར། ཁྱབ་སྟེ། སྣང་ཡུལ་ཤེས་པ་ཀུན་ལ་ཡོད། བཞེན་ཡུལ་རྟོག་པའི་སྒེར་ཆོས་ཡིན། འཛིན་སྟངས་རྟོགས་བློའི་སྒེར་ཆོས་ཡིན། གཟུང་ཆ་གཟུང་ཡུལ་གཟུང་དོན་དང། །སྣང་ཡུལ་སྣང་ཆ་དོན་གཅིག་ཡིན། །
བློ་བཟང་ལ་ལན་འདེབས། ཤེས་བསྡད་ཡོད་ན། དྲི་བ་བཏང་བ་དེ་ཆོ་མེད་པ་རང་རེད། ཁྱེད་རང་གིས་གང་བསམ་པའི་དོན་ལ་རང་དབང་གིས་འཇུག་པར་ཞུ།
ཤེས་བསྡད་ཡོད་ན། ཞེས་པ་དེ ། ཤེས་འདོད་ཡོད་ན། ཡིན་དགོས། དེ་ལྟར་ཡིན་ཚེ། ཡི་གེ་ཐོབ་སྟངས་ལ་སྦྱང་དགོས་པ་འདུག
ཡག་པོ་བྲིས་འདུག་དོན་རྩོད་རྒྱུ་མེད་པེ་ཚིག་གིས་དུས་འདའ་མཁན་རྣམས་བཏང་སྙོམས་སུ་བཞག་ན་ལེགས།
ཡག་པོ་བྲིས་འདུག་ཚིག་རྩོད་མཁན་དག་བཏང་སྙོམས་སུ་བཞག་ན་ལེགས།