རོང་པོ་བློ་བཟང་རིན་ཆེན།
ང་རང་གཉིད་རྒྱུར་དགའ་བའི་རྐྱེན་གྱིས་ཕ་ཡུལ་ནས་གྲོགས་པོ་འགས་ང་ལ་ཕག་ལོ་ཞེས་མིང་འདོགས་བྱེད་མྱོང་། ད་ལྟའང་ཕག་ལོ་ནང་བཞིན་གཉིད་ལ་དགའ་བ་ཞིག་ཡིན། དེའི་རྐྱེན་གྱིས་ཚོགས་དང་ཆོས་ར་ལ་ཆད་པ་ཉུང་ཉུང་ག་ལ་ཡིན། འཛིན་གྲོགས་ཚོས་ང་ལ་ཡ་མེད་ཅེས་ཡང་ཡང་འབོད་མྱོང་། དོན་དངོས་ཐོག་ང་ནི་ཡ་མེད་རང་རེད། དྲིན་ཕ་མས་རེ་བ་བཞག ནང་ཕུ་ནུས་རེ་བས་བལྟས། གྲོགས་བཟང་པོའི་སྨོན་འདུན་གྱི་དཀྱིལ་དུ་མཆིས་ནའང་། ངས་འདི་ནས་སྒྱིད་ལུག་དང་ལེ་ལོ་གྲོགས་སུ་བརྟེན། བྱ་བ་ཕལ་བ་རེ་ལ་འཇུག་ནས་མི་ཚེ་ཟད་པ་ནི་ཡ་མེད་ཀྱི་རང་གཤིས་སམ། བསམ་མེད་ཀྱི་ངང་ཚུལ་ལས་མ་འདས་སོ།། དེ་རིང་ཡང་གཉིད་ལ་དགའ་བའི་མགོ་རིལ་ངས་<<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་>>གྱི་<<མིའི་གྲལ་རིམ་འདྲ་མིན་>>ཞེས་པའི་ཚན་པ་འདི་ཉིད་བཀླགས་ཁུལ་བྱས།
ཚན་པ་སྔ་མ་དག་ལ་བརྟེན་ནས་ང་ཚོས་ལོ་རྒྱུས་སྐོར་ལ་རགས་ཙམ་རྒྱུས་ལོན་བྱས་པ་རེད། སྤྱིར་ལོ་རྒྱུས་ཀྱིས་ང་ཚོར་འདས་པའི་བྱ་བཞག་མང་པོ་ཞིག་འཆད་བཞིན་ཡོད། དཔེར་ན་སྐབས་དེ་དུས་ཀྱི་སྤྱི་ཚོགས་ཀྱི་གནས་བབ། མི་དམངས་ཀྱི་བསམ་ཚུལ། མཁས་པ་ཚོའི་དམིགས་ཡུལ། དཔོན་པོ་ཚོའི་ལམ་སྟོན། བློན་པོ་ཚོའི་འགྲན་རྩོད། མདོར་ན་བདེ་སྐྱིད་ལས་ཉམས་སྟངས། དཀའ་ངལ་ལས་རྒྱལ་ཚུལ་སོགས་ཐམས་ཅད་དམར་ཁྲིད་བགྱིད་བཞིན་པ་དེའོ།། ང་ཚོས་གོ་རྟོགས་དེ་ཡོད་པའི་ངང་ནས་ལོ་རྒྱུས་ལ་བསླབ་ན། ང་ཚོས་མིག་མདུན་གྱི་དཀའ་ངལ་མང་པོ་ཞིག་ལ་སྙིགས་དོར་བཅུད་ལེན་བྱ་བཏུབ། སྤྱིར་རླབས་ཆེན་དང་མཛད་རྗེས་ཅན་གྱི་ལོ་རྒྱུས་ལ་དོ་སྣང་བྱས་ཏེ་སློབ་དགོས་པ་ནི་སྨོས་མ་དགོས་པ་ཞིག་རེད། འོན་ཀྱང་གནའ་སྔ་མོའི་དུས་ཀྱི་འབངས་མིའི་འཚོ་བའི་གནས་སྟངས་ལའང་སྣང་མེད་དུ་མི་འཇོག་པར་དོ་སྣང་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ནོ་ཞེས་གདམས་འདུག
དེའི་འཕྲོར་གྲལ་རིམ་འདྲ་མིན་གྱི་སྐོར་ནས་བྲིས་འདུག སྔོན་ཆད་རུས་་རྒྱུད་འཚོ་བ་གྲུབ་པ་ནས་ངལ་རྩོལ་གྱི་རིགས་སྣ་ཚོགས་ཤིག་གི་འགོ་བརྩམས་ཏེ། གཙོ་བདག་ཟེར་བ་རེ་བསྐོས་པ་རེད། རྗེས་སུ་ཁོ་ཚོས་དབང་ཆ་ལོག་སྤྱོད་དང་། སྒེར་སེམས་ཁོག་བཅུག་བྱས་ཏེ་རང་གི་ནང་མི་དང་། གཉེན་ཉེ་ལ་སོགས་ལས་ཀའི་དོ་དམ་དུ་བསྐོས་པ་སོགས་ཀྱི་གནས་ཚུལ་མང་པོ་ཞིག་ང་ཚོས་ཚན་པ་སྔ་མ་དག་ནས་རྒྱུས་ལོན་བྱས་ཚར་བ་རེད། དེ་ལྟ་དེ་ལྟར་ཁོ་ཚོ་མིའི་རིགས་ཀྱི་གྲལ་རིམ་མཐོ་ཤོས་སུ་ཆགས་པ་རེད། ཁོ་ཚོས་རང་ཉིད་གྲལ་རིམ་མཐོ་ཤོས་ཡིན་སྙམ་པ་དང་། ཡང་ན་གཙོ་བདག་ཡིན་སྙམ་པའི་རང་རློམ་གྱིས་མི་མང་ལ་འཛིན་སྐྱོང་དང་བཀའ་བཀོད་བཞག་སྟེ། མི་མང་ཁོང་ཚོའི་བཀའ་བཀོད་ལག་བསྟར་བྱ་མཁན་དུ་གྱུར་ནས་གྲལ་རིམ་མི་འདྲ་བ་གཉིས་བྱུང་བ་རེད།
རྗེས་སུ་ལས་ཀ་སྐལ་བགོ་བྱེད་པའི་ལམ་ལུགས་བྱུང་བ་ནས་གྲལ་རིམ་མི་འདྲ་སྣ་ཚོགས་ཤིག་བྱུང་བ་རེད། དེའང་གྲལ་རིམ་མི་འདྲ་བ་ལྔའི་ནང་དུ་བསྡུས་ནས་བཤད་ན། དང་པོ་རྒྱལ་པོ་དང་། དེའི་ནང་མི། སྲིད་འཛིན་སྡེ་ཁག་བཅས་ཀྱི་གྲལ་རིམ་རེད། ཁོང་ཚོས་རྒྱུན་དུ་རྒྱལ་ཁབ་ཀྱི་ཆེད་དུ་ལས་ཀ་གཉེར་བཞིན་ཡོད། གཉིས་པ། གོང་མའི་ལྷ་ཁང་ནང་ལ་བཞུགས་པའི་ཆོས་དཔོན་རྣམས་རེད། ཁོང་ཚོར་མི་གཞན་པ་ཚང་མས་དགའ་གུས་བྱེད་པ་མ་ཟད། ཁོང་ཚོ་བཞུགས་སའི་ལྷ་ཁང་ལའང་དགའ་མོས་བྱེད་བཞིན་ཡོད། གསུམ་པ། ཚོང་པ་རྣམས་རེད། ཁོང་ཚོས་རྒྱལ་ཁབ་ནས་རྒྱལ་ཁབ་བརྒྱུད་དེ་དངོས་ཟོག་ཕར་བཙོང་ཚུར་ཉོ་ཡི་ལས་ཀ་གཉེར་བཞིན་ཚོང་ཁང་དང་བཟོ་གྲྭ་སོགས་བསྐྲུན་པ་རེད། བཞི་པ། ལག་རྩལ་ལ་མཁས་པའི་བཟོ་བོ་དག་རེད། ཁོ་ཚོ་དངོས་ཟོག་བཟོ་མཁན་དང་། རྒྱུ་སྤུན་འཁེལ་མཁན། གྱོན་པ་འཐག་མཁན། རྫ་ཆས། རག གསེར། བ་སོ་སོགས་ཀྱིས་རྒྱུ་དངོས་བཟོ་མཁན་རེད། ཁོང་ཚོ་རྒྱུན་དུ་གྲོང་ཁྱེར་དེའི་ཉེ་འགྲམ་དུ་བཅའ་སྡོད་བྱས་ཡོད། ལྔ་པ། ཞིང་ཁ་དང་གྲོང་ཁྱེར་གྱི་ནང་དུ་ལས་ཀར་འབད་པའི་ཞིང་པ་དང་ངལ་རྩོལ་བ་དག་རེད། ཁོང་ཚོ་ནི་གྲལ་་རིམ་གཞི་རྒྱ་ཆེ་ཤོས་ཡིན་པ་བཤད་མི་དགོས་ལ། གྲལ་རིམ་གཞན་ཚང་མས་ཁོང་ཚོ་ལས་བརྒལ་བའི་ཡོང་སྒོ་ཞིག་ཐོབ་པར་འབད་པ་བྱེད་བཞིན་གདའ་ཞེས་བྲིས་འདུག
2019/4/22ལ་རང་ཤག་ཏུ་བྲིས།
མཆན།•ཕག་ལོ་ཞེས་པ་ནི་<<མོ་སྟོན་ཕག་མགོ་>>ཞེས་པའི་སྒྲུང་གཏམ་ནང་གི་ཉིན་མཚན་དབྱེ་བ་མེད་པར་ཉལ་འདུག་མཁན་གྱི་མི་སྣ་དེ་རེད།
དུས་སྡ་མོའི་སྐབས་གོང་དུ་བཀོད་པའི་གྲལ་རིམ་ལྔ་གི་འོག་ཏུ་
མི་མང་འཚོ་དགོས་པ་དང་དུས་དེང་སང་མང་གཙོ་དམངས་
གཙོ་ལ་ཁ་ཕྱོགས་ནས་མགོ་འདྲེན་དང་ཕྱོགས་གཏོགས་གྲལ་
རིམ་འོག་མི་མང་འཚོ་དགོས་པའི་དུས་རབས་ཤར་མི་འདུག་གམ།