ཐོད་འབུར་མས།
རྫ་རི་སྨུག་པའི་གསེང་ནས།།
ང་དང་ཁོ་རང་མཇལ་བྱུང་།།
མིག་གི་ཟུར་བལྟ་རེ་ལས།།
སྙིང་གཏམ་བཤད་ཁོམ་མ་བྱུང་།།
རི་རྩེ་སྨུག་པས་གཡོག་དུས།།
ང་དང་ཁོ་རང་གཉིས་པོ།།
འགྲོ་ལམ་ཁ་ཁ་ཡིན་པས།།
རི་སྐེད་དེ་ནས་གྱེས་སོང་།།
རི་འདབས་ཆུ་བོའི་ཤག་སྒྲ།།
རྣ་བས་ཐོས་པའི་དུས་སུ།།
ཡིད་ལ་ལྷང་ལྷང་ཤར་བ།།
དགའ་བའི་གྲོགས་དེའི་ཞལ་ངོ་།
སྤང་ཐང་རྩ་རི་འགྲིམ་ནས།།
མིག་རྒྱང་མདུན་དུ་ཅེར་རུང་།།
སེམས་དེ་ཕྱིར་འཁོར་བྱེད་ས།།
དགའ་བའི་མི་དེ་ཁོ་ན།།
རྐང་པས་ལམ་ཕྲན་འཛིན་ནས།།
ཀྱག་ཀྱོག་ས་ཐག་བསྐྱོད་ཚེ།།
རྐང་ལམ་ནོར་བ་མིན་རུང་།།
སེམས་ཀྱི་ཕྱོགས་ཡུལ་ལོག་སོང་།།
ང་དང་ཁོ་རང་གཉིས་པོ།།
སྐད་ཅིག་ཙམ་ལ་འཕྲད་རུང་།།
སེམས་ཀྱི་བག་ཆགས་ཟབ་མོ།།
ལོ་མང་གཤིབ་པའི་ཚོར་བ།།
སེམས་ཀྱི་ཟབ་ས་ཞིག་ལ།།
ཚོར་བ་དམར་ཅན་མ་འདི།།
དྲན་པའི་དུང་བ་ལྷན་དུ།།
ཆ་མེད་ངང་ནས་གྱེས་དགོས།།
དྲན་སེམས་ཕྱིར་འཁོར་འདྲ་འདྲ།།
དུས་ལ་བསྐྱར་གཤིབ་ཡོད་ན།།
ང་དང་ཁོ་རང་གཉིས་པོ།།
དངོས་སུ་ངོ་འཕྲད་ཡོང་ངེས།།
ད་ནི་ཕྱིར་སེམས་འཁོར་རུང་།།
ཕྱིར་མིག་བལྟ་བར་མི་བཟོད།།
མིག་མཐའ་མཆི་མས་གང་རུང་།།
མདུན་གྱི་ལམ་སྣེ་འཛིན་དགོས།།
༄༅། ངས་སེམས་ཁྱེད་ལ་འགྲོ་འགྲོ། ཁྱེད་སེམས་ང་ལ་འགྲོའམ།
བཅོས་མིན་ང་ལ་འགྲོ་ན། རི་ལུང་བསྐོར་ནས་མཇལ་ཆོག།
དང་པོ་མི་ཡུལ་འགྲིམ་དུས་། སུ་ཡང་དྲན་པ་མ་བྱུང།
དངོས་སུ་མི་ཡུལ་བསླེབས་དུས། དྲིན་ཆེན་ཕ་མ་དྲན་བྱུང།
ང་དང་མོ་རང་།
ཐང་གཅིག་ཐུག་བྱུང་།
ད་ནས་ག་དུས།
ཡང་བསྐྱར་ཐུག་གམ།
་
ང་དང་མོ་རང་།
ལན་གཅིག་འཕྲད་བྱུང་།
ད་དུང་ལན་གཅིག
ག་དུས་འཕྲད་འོངས།
་
ང་དང་མོ་རང་།
སྤྱན་མིག་འདྲེས་བྱུང་།
ད་དུང་དེ་འདྲ།
འདྲེ་རྒྱུ་བྱུང་ན།
་
ང་དང་མོ་རང་།
མཚམས་འདྲི་ལན་གཅིག
བྱས་པ་དེ་འདྲ།
ད་དུང་འོངས་སམ།