མི་ཉག་སྐལ་བཟང་།
བརྩེ་དུང་ནི་སྐྱག་པ་ལྟ་བུ་ཞིག་ཡིན་པས། བརྩེ་དུང་ལ་འགྲེལ་བཤད་དང་རྒྱས་བཤད་ཅི་ཡང་མེད་ཅིང་། བརྩེ་དུང་ལ་ལག་འཇུ་བྱེད་མ་མྱོང་བའི་མི་ཞིག་ཆ་མཚོན་ན་བརྩེ་དུང་ཟེར་བ་ནི་བྱིས་སྒྲུང་ཀློག་པ་ལྟ་བུའི་ཚོར་སྣང་ཙམ་ལས་གཞན་གང་ཡང་ཚོར་སྣང་སྟེར་མི་སྲིད། བརྩེ་དུང་ལ་རྒུན་ཆང་ལྟ་བུའི་བྲོ་བ་མེད་ལ། མེ་ཏོག་ལྟ་བུའི་མཛེས་སྡུག་ཀྱང་དེ་བས་མེད། བརྩེ་དུང་ལ་ཟབ་དང་མ་ཟབ་ཀྱི་ཁྱད་པར་ཡོད་རུང་སྐྱག་པ་ལ་ཡང་སྐམ་པོ་དང་རློན་པ་ཡི་ཁྱད་པར་ཡོད་པ་ལྟ་བུ་རེད།
བརྩེ་དུང་ནི་སྐྱག་པ་ལྟ་བུ་ཞིག་ཡིན་པས། བརྩེ་དུང་ལ་མགོ་མཇུག་དང་རྫོགས་མཐའ་གཞི་ནས་མེད་ཅིང་། བརྩེ་དུང་ལ་འཐམ་འདོད་པའི་མི་ཞིག་ཆ་མཚོན་ན་བརྩེ་དུང་ཟེར་བ་ནི་རྨི་ལམ་ནང་དུ་དགའ་རོགས་འཐོབ་པ་ལྟ་བུའི་འཕྲུལ་སྣང་ཙམ་ལས་གཞན་གང་ཡང་འཐོབ་་མི་སྲིད། བརྩེ་དུང་ལ་གངས་རི་ལྟ་བུའི་ལྷུན་ཆགས་མེད་ལ། ཉི་མ་ལྟ་བུའི་གཟི་མདངས་ཀྱང་དེ་བས་མེད། བརྩེ་དུང་ལ་འཚམ་དང་མ་འཚམ་གྱི་ཁྱད་པར་ཡོད་རུང་སྐྱག་པ་ལ་ཡང་མི་སྐྱག་དང་ཁྱི་སྐྱག་གི་ཁྱད་པར་ཡོད་པ་ལྟ་བུ་རེད།
བརྩེ་དུང་ནི་སྐྱག་པ་ལྟ་བུ་ཞིག་ཡིན་པས། བརྩེ་དུང་ལ་དམིགས་འདུན་དང་ཕུགས་བསམ་རྨང་ནས་མེད་ཅིང་། བརྩེ་དུང་ལ་རོལ་བཞིན་པའི་མི་ཞིག་ལ་ཆ་མཚོན་ན་བརྩེ་དུང་ཟེར་བ་ནི་མ་སྨིན་པའི་ཤིང་ཏོག་བཟས་པ་ལྟ་བུའི་བྲོ་བ་ཙམ་ལས་གཞན་གང་ཡང་བྲོ་བ་མྱོང་མི་སྲིད། བརྩེ་དུང་ལ་སྙན་ངག་ལྟ་བུའི་གསོན་ཤུགས་མེད་ལ། གདམས་ངག་ལྟ་བུའི་ཕན་ཐོགས་ཀྱང་དེ་བས་མེད། བརྩེ་དུང་ལ་མཛེས་དང་མ་མཛེས་ཀྱི་ཁྱད་པར་ཡོད་རུང་སྐྱག་པ་ལ་ཡང་ནར་མོ་དང་ལེབ་མོ་ཡི་ཁྱད་པར་ཡོད་པ་ལྟ་བུ་རེད།
བརྩེ་དུང་ནི་སྐྱག་པ་ལྟ་བུ་ཞིག་ཡིན་པས། བརྩེ་དུང་ལ་ཚད་འཇལ་དང་རིན་ཐང་ཡེ་ནས་མེད་ཅིང་། བརྩེ་དུང་གིས་ཕུང་པའི་མི་ཞིག་ལ་ཆ་མཚོན་ན་བརྩེ་དུང་ཟེར་བ་ནི་རི་བོ་ཞིག་ལ་གད་སྙིགས་སྤུངས་པ་མཐོང་བ་ལྟ་བུའི་སྣང་བརྙན་ཙམ་ལས་གཞན་གང་ཡང་མཐོང་མི་སྲིད། བརྩེ་དུང་ལ་སྔོ་ཚལ་ལྟ་བུའི་འཚོ་བཅུད་མེད་ལ། གླུ་དབྱངས་ལྟ་བུའི་སྙན་འཇེབས་ཀྱང་དེ་བས་མེད། བརྩེ་དུང་ལ་ཆེ་དང་མ་ཆེ་བའི་ཁྱད་པར་ཡོད་རུང་སྐྱག་པ་ལ་ཡང་ལྕི་ཡང་གི་ཁྱད་པར་ཡོད་པ་ལྟ་བུ་རེད།
རིག་གནས་མ་ཤེས་སྐྱག་པ་ཤེས། སྐྱག་པའི་བརྩེ་དུང་ཤེས་པ་སྐྱོ།
སྐྱག་བརྩེ་མ་གཏོགས་ཚིག་མི་ཤེས། མི་ཤེས་པ་ལ་སྙིང་རེ་རྗེ།
སྐྱག་པ་ལས་གཞན་དཔེ་མེད་ན། །སྐྱག་པ་ལས་གཞན་མ་ཤེས་རྟགས། །
བརྩེ་དུང་དག་ལ་དམོད་པ་ནི། །རང་སེམས་རང་གིས་དམོད་པའོ། །