ཉེ་ཆར་རྫི་རྫེལ་ཞེས་པའི་བཟོ་གྲྭ་ཞིག་གིས་ནང་བའི་སྟོན་པ་དང་། འཇམ་པའི་དབྱངས། གོང་ས་རྒྱལ་དབང་མཆོག་གི་སྐུ་བརྙན། དེ་མིན་མ་ཎི་སོགས་གཟུངས་སྔགས། བོད་ཀྱི་རྒྱལ་དར་སོགས་ལྷམ་སྟེང་དུ་དཔར་བ་ལས་འཕྲོས་པའི་གླེང་རྙོག་འབྱུང་གིན་འདུག་ཅིང་། དེ་ལ་དགའ་མོས་མི་བྱེད་མཁན་ཀྱང་མང་ཙམ་འབྱུང་གིན་ཡོད་ཚོད་རེད། ཡིན་ནའང་བཟོ་གྲྭ་དེའི་བྱེད་བབ་ལ་ངོ་རྒོལ་བྱེད་མཁན་བོད་མི་གཅིག་རང་མ་ཡིན་པར་ཉི་ཧོང་དུའང་དགག་བྱ་བྱེད་མཁན་བྱུང་ཡོད་པ་འདྲ།
རང་རེའི་སྤྱི་ཚོགས་སུ་དེ་འབྲེལ་གྱི་བསམ་ཚུལ་འདོན་མཁན་མང་ཙམ་འབྱུང་གིན་ཡོད་པ་ལས་སྤོབས་པ་མཐའ་ཡས་ཀྱི་མཚན་བྱང་བེད་སྤྱོད་གཏོང་མཁན་ཁོང་གི་རྩོམ་ཡིག་ལ་རྣོ་དབལ་དང་གནས་ལུགས། རྒྱུ་མཚན་གཏིང་ཟབ་མོ་ལྡན་པའི་ཁར། ཡིག་སྤུས་དང་ཚིག་སྦྱོར་གྱི་རྩལ་ཀྱང་གཞན་འགྲན་མེད་པ་ལྟ་བུར་མཐོང་བས། རང་ཅག་གི་སྤྱི་ཚོགས་སུ་འདི་འདྲའི་རྩོམ་ཡིག་རིན་ཐང་ཅན་སྤེལ་མཁན་ཡོད་པ་ལ་ཤིན་ཏུ་ནས་ཡི་རང་བྱེད་འོས་པ་ཞིག་རེད།
འོན་ཀྱང་རང་བཞིན་གྱིས་མི་རེ་རེར་བསམ་བློ་གཏོང་སྟངས་མི་འདྲ་བ་རེ་ཡོང་གིན་ཡོད་པ་ཇི་བཞིན། རང་ཉིད་ཀྱང་མི་ཞིག་ཡིན་པའི་ཆ་ནས་བསམ་ཚུལ་རེ་ཡོང་གིན་འདུག་པས། རྒོལ་སེམས་དང་སྡང་སེམས་སོགས་མེད་པའི་ཐོག་ནས་བསམ་ཚུལ་ཙམ་ཞུས་ན་སྐྱོན་དུ་འགྱུར་བར་ཡང་མ་མཐོང་བས་བསམ་ཚུལ་འགའ་རེ་ཞུ་འདོད་བྱུང་། ཕྲན་གྱི་བསམ་པར་ད་རེས་ཀྱི་དོན་རྐྱེན་འདིའི་དགེ་སྐྱོན་ནི་ཐེག་པ་ཆེན་པོའི་ལྟ་གྲུབ་གཅིག་པུས་སྒྲུབ་བྱེད་གཏོང་ཐུབ་པ་ཞིག་མ་ཡིན་པར། འདི་ཐུག་ས་མཐར་ཐུག་ནི་བོད་མི་རིགས་སུ་འབོད་པ་འདིའི་རིག་གནས་དང་བསམ་བློའི་ཁྱེར་སོ་ཐུན་མོང་མ་ཡིན་པ་སྟེ། སྤྱི་ཚོགས་བྱེ་བྲག་པ་ཞིག་གི་རིག་གནས་ཡོད་ཚད་དང་འབྲེལ་བ་ཡོད་པར་མཐོང་། མི་རིགས་སུ་གྲགས་པ་འདི་ལ་རང་རང་གི་ཆོས་ལུགས་དང་། ཆབ་སྲིད། ཡུལ་སྲོལ་གོམས་གཤིས། མཚན་ཉིད། སྒྱུ་རྩལ། རོལ་དབྱངས། མཛེས་དཔྱོད་ཀྱི་ལྟ་བ། རིན་ཐང་གི་འདུ་ཤེས་སོགས་ཀྱིས་བསྐྱེད་པའི་བསམ་བློའི་འཛིན་སྟངས་ཐུན་མོང་མ་ཡིན་པ་རེ་ཡོད་ངེས་པ་ཡིན་ལ། དེ་འདྲ་ལ་བརྟེན་ནས་བོད་ཀྱི་རིག་གནས་དང་། རྒྱ་ནག་གི་རིག་གནས། ཉི་ཧོང་གི་རིག་གནས། རྒྱ་གར་གྱི་རིག་གནས་ཞེས་ཡུལ་ལུང་བྱེ་བྲག་པའི་རིག་གནས་ཐུན་མོང་མ་ཡིན་པར་དགར་གྱིན་ཡོད་པ་མ་ཡིན་ནམ།
ང་ཚོར་ཕ་མ་རྒན་རྒོན་དག་གིས། ཞྭ་ཡར། ལྷམ་ཐུར་ཟེར་བ་ལྟ་བུའི་བསམ་བློའི་འདུ་ཤེས་འཛིན་སྟངས་ཟབ་མོ་མང་བོ་ཞིག་བསླབས་ཡོད། འདི་འདྲ་ལ་ཡར་དང་ཐུར་གཉིས་ལ་མཆོག་དམན་གྱི་རྣམ་བཞག་འཇོག་མི་ཐུབ་པའི་ལྟ་གྲུབ་ཀྱིས་རྩོད་པ་རྒྱག་རྒྱུ་ཡང་མེད་ཅིང་། ང་ཚོས་ཟ་ཕོར་ནང་དུ་གཅིན་གཏོང་བ་དེ་ཤིན་ཏུ་ནས་མ་འོས་པའི་དཔེ་མཚོན་དུ་བྱེད། དེ་བཞིན་ཁ་ཟོས་གཡོས་སྦྱོར་བྱེད་སའི་སྣོད་ཆས་སུ་གྱོན་ཆས་དང་མགོ་སྐྲ་སོགས་འཁྲུད་གཤལ་ཀྱང་མི་བྱེད། དེ་དག་ལ་ཚན་རིག་དང་མཚན་ཉིད་རིགས་པས་དཔྱད་རྒྱུ་ཅང་ཨེ་ཡོད་སྙམ། དེ་མཚུངས་རྒན་རབས་ལ་གུས་ཞབས་དང་། རང་ལས་ཡོན་ཏན་ཆེ་བ་ལ་བཀུར་བསྟི། ཕ་མ་དང་སྤུན་ཉེའི་མདུན་དུ་ཆགས་ཚིག་སོགས་འཛེན་བྱ་མང་བོ་ཞིག་ཡོད་པ་དེ་དག་ཀྱང་གཞུང་ལུགས་ཀྱིས་གཏན་ལ་ཕབ་ཐུབ་པ་ཞིག་ག་ལ་ཡིན།
དགོན་སྡེ་དང་གྲོང་གསེབ་ཀྱི་དབྱེ་བ་དེ་ཙམ་མེད་པར་ལྷ་དང་བླ་མ་དག་གི་སྐུ་བརྙན་ལ་མགོ་བོས་གུས་ཕྱག་འབུལ་བ་ལས་རྐང་བས་གུས་ཕྱག་འབུལ་སྲོལ་ཞིག་ང་ཚོར་དར་མེད། དེ་བཞིན་སྐུ་གསུང་ཐུགས་རྟེན་བྱིན་ཅན་ཞིག་ཐོབ་ན་ཐོག་མར་སྤྱི་བོར་འཇོག་པ་ལས་རྐང་རྩེ་ལ་འཇོག་མཁན་སུ་ཡང་མེད་པའི་ཚོད་ཡིན། དེ་ལ་ལུས་ཀྱི་སྟོད་སྨད་གཉིས་ལ་གཙང་བཙོག་གི་རྣམ་དབྱེ་གཞག་ཏུ་མེད་པ་མཚན་ཉིད་ཀྱི་རིགས་པས་བརྩད་ན་རྐང་བས་གུས་ཕྱག་འབུལ་མ་འོས་པ་མེད་པའི་སྒྲུབ་བྱེད་གཏོང་ཐུབ་པ་སྲིད་ཀྱང་། མི་རིགས་ཤིག་གི་སེམས་ངོ་ལ་ཐིམ་པའི་རིག་གནས་དང་འགལ་གྱིན་ཡོད་པ་ལྡོག་མི་ཐུབ། དེ་བཞིན་བུ་ཕྲུག་གིས་རང་གི་ཕ་མ་ལ་འཁྲིག་པ་སྤྱོད་མི་འོས་པར་ལྟ་བ་ལྟ་བུའི་སྤྱི་ཚོགས་ཀྱི་བསམ་ཁྱེར་དེ་དག་ཀྱང་ལྟ་གྲུབ་དང་རིགས་པས་བསྒྲུབས་ན། དེ་ལྟར་མི་འོས་པའི་སྒྲུབ་བྱེད་རི་འདྲ་བ་གཞག་ཏུ་མེད་ཅིང་། མདོ་སྔགས་ཀྱི་གཞུང་ཆེན་མོ་ཁག་ཏུའང་བླ་མའི་རིག་མ་སོགས་འཁྲིག་པ་སྤྱོད་མི་འོས་པའི་བུད་མེད་དང་། ཉིན་མོ་དང་ཚེས་བཟང་དུས་བཟང་ལྟ་བུ་སྤྱོད་མི་འོས་པའི་དུས། ལྷ་ཁང་དང་མཆོད་ཁང་། སྐུ་བརྙན་གྱི་མདུན་སོགས་སྤྱོད་མི་འོས་པའི་གནས་ལ་སོགས་པ་གསལ་བོར་གསུངས་ཡོད་ཀྱང་། རིགས་ལམ་གཅིག་པུའི་དབང་དུ་བཏང་ན་དེ་ལྟར་མི་འོས་པའི་རྒྱུ་མཚན་གྱིས་འདང་མི་འདང་ཅི་རིགས་ཡོད་པ་འདྲ།
ང་ཚོས་མངོན་རྟོགས་རྒྱན་དུ་སངས་རྒྱས་ཀྱི་མཚན་དཔེའི་ཡོན་ཏན་གསུང་སྐབས། འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང་། ། གསུངས་པ་ལྟ་བུའི་ལུང་ལ་གཏུགས་ཏེ་བཙོག་པ་དང་སྐྱུགས་བྲོ་བའི་དངོས་པོས་མཆོད་པ་དབུལ་དུ་མེད་པ་སོགས་འཇིག་རྟེན་ཡོངས་གྲགས་ཀྱི་འགྲོ་ལུགས་འདུག་སྟངས་རྣམས་སྣང་མེད་དུ་བཏང་བ་ཡིན་ན། གཙང་བཙོག་དང་། མཆོག་དམན། བཟང་ངན། ལེགས་ཉེས་། བླ་སློབ། འོས་དང་མི་འོས། འགྲིག་དང་མི་འགྲིག་སོགས་ཀྱི་རྣམ་བཞག་རྣམས་གཞི་མེད་དུ་འགྲོ་ངེས་ཡིན་པས། འཇིག་རྟེན་གྲགས་པའི་ཀུན་རྫོབ་ཀྱང་སྣང་མེད་དུ་གཏོང་མི་རིགས་པ་དཔལ་ལྡན་ཟླ་བ་གྲགས་པས་གསུང་བ་མ་ཡིན་ནམ།
སྤྱི་ལོ་༡༩༩༨ ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་རྒྱ་དམག་གིས་སྐུ་ཐང་མང་བོ་ཞིག་ས་ལ་བཏིང་བའི་སྟེང་གྲྭ་བ་སྐོར་ཞིག་འགྲོ་བཅུག་སྐབས། དགེ་བཤེས་རྩེ་ཕུད་རྨེད་གཤིས་འཇིགས་མེད་ཚང་གིས་སྲོག་གཅོད་དགོས་ཀྱང་འགྲོ་རྒྱུ་མི་གསུངས་ནས་མ་ཕེབས་པས་རྡུང་རྡེག་ཡ་ང་ཕོག་པ་ད་ལྟའང་ཡུལ་དེ་བར་ཡོངས་གྲགས་ཡིན། བོད་ཀྱི་ཡུལ་ལུང་གཞན་མང་བོར་ཡང་དེ་འདྲའི་གཏམ་རྒྱུད་མང་། དེས་ན་དགེ་བཤེས་ཆེ་ཁག་དེ་འདྲས་སྤྱོད་འཇུག་སོགས་གཞུང་ཆེན་མོ་ཁག་ཅིག་ཏུ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་དང་སྦྱར་བའི་ལུང་ཚིག་སྣ་ཚོགས་ཡོད་པ་མ་མཁྱེན་པ་ག་ལ་ཡིན་སྙམ།
ལྷག་པར་དུ་དེང་སྐབས་བོད་མི་གང་འཚམ་ཞིག་རང་ཡུལ་ལ་གཉེན་འཕྲད་དུ་འགྲོ་ཐུབ་ཀྱིན་མེད། རྒྱུ་མཚན་གཙོ་བོ་ནི་མཚམས་རེར་གོང་ས་རྒྱལ་དབང་མཆོག་ལ་བསྐུར་འདེབས་བྱེད་དགོས་པ་དང་། མཚམས་རེར་དེ་བས་ཀྱང་མ་འོས་པའི་ལས་ལ་འཇུག་དགོས་ཀྱིན་ཡོད་སྟབས། དེ་འདྲ་སེམས་ཀྱིས་མ་བཟོད་ནས་རང་གི་ཕ་མ་གཉེན་ཚན་དག་འཆི་ཉེར་གཏུགས་ནས་ཡོད་ཀྱང་སྡུག་སྒོམ་བརྒྱབས་ནས་སྡོད་པ་ལས་རྒྱ་ནག་གཞུང་ཚབ་ཁང་དུ་འགྲོ་མ་དགོས་པ་བྱེད་མཁན་ཡོད་པ་ཐོས་ཤིང་། བོད་ནང་དུའང་རྒྱལ་བ་རིན་པོ་ཆེའི་སྐུ་པར་བློས་གཏོང་བྱེད་མ་ཕོད་པ་དང་། རྒྱལ་བ་རིན་པོ་ཆེ་ལ་སྐུར་བ་འདེབས་བྱེད་མ་ཐུབ་པའི་དབང་གིས་རྒྱ་ལག་ནས་སྡིག་སྦྱོང་ཕོག་མཁན་མི་ཉུང་བ་འབྱུང་གིན་ཡོད། ང་ཚོས་དེ་དག་གི་བྱེད་བབ་དེ་དམན་པ་དང་རྨོངས་དད་ཙམ་དུ་བལྟ་མི་འོས་པར། མི་རིགས་ཤིག་གི་སེམས་གཤིས་ལ་འདྲེས་པའི་རིག་གནས་ཏེ། དད་སྟོབས་དང་དུང་སེམས། སྙིང་སྟོབས་དང་ལ་རྒྱ་སོགས་ཡོད་ཚད་འདུས་པའི་མི་རིགས་ཀྱི་སྤོབས་པ་ལ་ངོས་འཛིན་མ་བྱས་རང་བྱས་རེད་སྙམ།
ལྷག་པར་དུ་མི་རིགས་ཤིག་གི་རིག་གནས་ཡོངས་རྫོགས་ཐེག་པ་ཆེན་པོའི་ལྟ་གྲུབ་ཀྱི་ཐིག་ཤིང་གིས་ཚད་གཞལ་བ་ཡིན་ན། མི་ཆོས་རིང་ལུགས་ཀྱི་རྣམ་བཞག་རྣམས་འཐོར་ཞིག་ཏུ་འགྲོ་བ་ལས། རྒྱུ་མཚན་ཟབ་མོ་དང་མཉམ་དུ་ལངས་ནས་སྡོད་ཐུབ་མཁན་ཉུང་ངུ་ལས་མི་འོངས་པ་འདྲ། འདི་ང་ཚོ་གཅིག་པུའི་རིག་གནས་ཀྱི་ཞན་སྐྱོན་ཀྱང་མ་རེད། འཛམ་གླིང་འདིའི་སྟེང་གི་མི་རིགས་བྱེ་བྲག་པར་དགར་དུ་ཡོད་པ་ཚང་མ་ཐུན་མོང་དུ་ཡོད་པ་ཞིག་ཡིན།
རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཡོན་ཏན་གསུང་སྐབས། སྐུ་ལུས་ཀྱི་གཞོགས་གཅིག་ལ་ཙན་དན་གྱིས་ལྡེ་གུ་འབྱུག་པ་དང་། གཞོགས་ཅིག་ཤོས་ཀྱི་སྐུ་ཤ་རལ་གྲིས་གཏུབས་པ་གཉིས་ལ་ཉེ་རིང་ཅུང་ཟད་ཀྱང་མི་འོང་བར་གསུངས་པ་དེ་འདྲ་གང་ཟག་ཁྱད་འཕགས་པ་རེ་ཟུང་ཙམ་ལས་སྤྱི་ཚོགས་ཤིག་གིས་ལག་ལེན་དུ་བསྟར་བ་ཕར་ཟད་བསམས་ཀྱང་མི་ནུས་པ་ལྟ་བུ་ཡིན། དཔེ་མཚོན་དེ་འདྲས་ང་ཚོའི་སྤྱི་ཚོགས་ཧྲིལ་བོའི་གནས་སྟངས་མཚོན་དཀའ་བ་ཡིན་ནམ་སྙམ།
ཡང་སྒོམ་སྡེ་ལྷ་རམས་པ་སོགས་ཁག་ཅིག་གིས་རྒྱ་མིས་དེ་འདྲ་བྱས་པ་ཡིན་ན་དགག་དགོས་རྒྱུ་ལ། ཕྱི་རྒྱལ་བས་བྱས་སྟབས་ཀུན་སློང་ལ་སྐྱོན་མེད་པས་དགག་མི་རིགས་པར་བཤད་འདུག་པའང་གནས་ལུགས་རྒྱུ་མཚན་གྱིས་འདང་བ་ཞིག་ཨེ་ཡིན་སྙམ། འདི་ང་ཚོས་ཕར་བཟོ་གྲྭ་དེའི་ཀུན་སློང་ལ་ཞུས་དག་གཏོང་རྒྱུ་ཞིག་མ་ཡིན་པར། བསམ་པ་དཀར་ལ་སྦྱོར་བ་རྩུབ་པའི་ལས་བྱས་པ་ཡིན་ནམ། གང་ལྟར་ང་ཚོའི་རིག་གཞུང་གི་ལྟ་བའི་སྟེང་ནས་བལྟས་ཚེ་རྒྱབ་སྐྱོར་ཞུ་ཐུབ་པ་ཞིག་ཏུ་མ་མཐོང་། ང་ཚོའི་སྐྱབས་འགྲོའི་བསླབ་བྱ་ཉི་ཤུ་ནས་མགོན་དགེ་བའི་བཤེས་གཉེན་བསྟེན་ཚུལ་སོགས་དང་འབྲེལ་ནས་སངས་རྒྱས་ཀྱི་སྐུ་གཟུགས་ལྟ་བུ་ཕར་ཟད། སྤྱིར་བཏང་གི་དགེ་འདུན་པའི་གྱོན་ཆས་ཀྱི་ཚོན་མདོག་ཅན་རས་དམར་སེར་ཙམ་ལའང་གུས་བཀུར་བྱེད་དགོས་པའི་བསླབ་བྱ་ལམ་སྟོན་ཡོད་པ་མ་ཡིན་ནམ། དེས་ན་རང་ཉིད་ཀྱིས་མ་བྱས་ཀྱང་། གཞན་གྱིས་རང་ཅག་གི་སྟོན་པའི་སྐུ་བརྙན་སོགས་ལ་མ་འོས་པའི་ལས་བྱས་པ་མཐོང་ན་དེ་ལ་ཡི་རང་ངམ་རྒྱབ་སྐྱོར་ཞུ་ག་ལ་འོས། བསྟན་དོན་དུ་རློམ་ནས་ཞེ་སྡང་གི་སྦྱོར་བ་བརྩམས་པ་ཡིན་ན་དེ་ཉིད་བསྟན་བཤིག་ཏུ་འགྱུར་བར་སྤོབས་པ་མཐའ་ཡས་ཀྱིས་བཤད་པ་ངོས་ལེན་ལོས་ཡོད། འོན་ཀྱང་ང་ཚོས་ཞེ་སྡང་དང་མ་འདྲེས་པའི་སྒོ་ནས་བཟོ་གྲྭ་དེའི་བྱེད་བབ་མ་འགྲིག་པ་ར་སྤྲོད་བྱེད་རྒྱུ་དང་། ཁོང་རྣམས་ལ་དེ་འདྲ་མི་འོས་པའི་འགྲེལ་བཤད་རྒྱག་རྒྱུ་དེ་ང་ཚོའི་ལས་འགན་ཡིན་ལ། ང་ཚོའི་དད་མོས་དང་ཡིད་ཆེས་ཀྱི་སྐོར་ཁོང་རྣམ་པར་འགྲེལ་བཤད་བརྒྱབ་པ་འཚེ་བའི་ལས་སུའང་ཨེ་འགྲོ། གལ་སྲིད་ང་ཚོས་འགྲེལ་བཤད་ཅི་ཙམ་བརྒྱབས་ཀྱང་ཁོང་རྣམ་པས་གསན་འཇོག་མ་བྱས་ཚེ། བཟོད་སྒོམ་གྱི་མཚན་ཉིད་ཚང་མིན་ལ་མ་ལྟོས་པར་ང་ཚོས་སྡུག་སྒོམ་རྒྱག་རྒྱུ་ལས་ཐབས་གཞན་དཀའ་མོད། དེ་ལྟར་བྱས་པས་དགྲ་མེད་སར་དགྲ་བཙལ་བའི་སྐྱོན་དུ་འགྱུར་བར་མི་སེམས།
བཟོ་གྲྭ་འདིས་ཤེས་བཞིན་ཁྱད་གསོད་བྱས་པ་མ་ཡིན་པའི་དབང་དུ་བཏང་ཡང་། སྣང་ཆུང་ཁྱད་གསོད་དུ་སོང་བ་ཞིག་ཡིན་པ་ཧ་ཅང་གསལ་བོ་རེད། དཔེ་མཚོན་ཆུང་ཆུང་ཞིག་གི་ཐོག་ནས་བཤད་ན། གཞན་མི་ཤེས་ཀྱང་ཨ་རིའི་གྲོང་ཁྱེར་ནོའུ་ཡོཀ་ཏུ་རྒྱ་གར་དང་བོད་པའི་གཡུང་དྲུང་གི་རི་མོ་ཡོད་པའི་ཅ་ལག་འཚོང་འགྲེམས་བྱེད་མི་ཆོག་པ་ལྟ་བུ་ཡོད། དེ་བྱས་ན་རྗེའུ་མི་རིགས་དག་གིས་ཁྲིམས་ཁང་དུ་མ་ཁྲིད་རུང་། ཁ་རྡུང་དང་སྡིག་ར་ཆེན་པོ་ཕོག་གིན་ཡོད། རྒྱུ་མཚན་ནི་གཡུང་དྲུང་དེ་ཧི་ཋ་ལར་གྱི་རྒྱལ་རྟགས་སམ་ལས་རྟགས་དང་ཆ་འདྲ་བ་ཡིན་སྟབས། ཁོང་རྣམ་པའི་མིག་མདུན་དུ་ཁོང་ཚོ་མི་དགའ་བའི་དངོས་པོ་ཙམ་ཡང་བཞག་ཆོག་གིན་མེད། གནས་ཚུལ་འདི་རང་མྱོང་དངོས་དང་སྦྱར་ནས་ཞུ་རྒྱུ་མང་བོ་ཡོད་ཀྱང་དེ་རིང་རྒྱས་སྤྲོས་བྱ་གལ་མི་ཆེ།
འདི་འདྲའི་ཐོག་ནས་བསམ་ཚེ་ང་ཚོས་ཨ་རིའི་ས་ཐོག་ཏུ་རྒྱ་ནག་གི་སྐར་ལྔའི་དར་མར་འཕྱར་བ་འགོག་མ་ཐུབ་རུང་། ཨ་རིའི་སྲིད་འཛིན་ཟུར་བ་རིས་ཆད་ཌ་ནིཀ་སིན་གྱི་དྲན་རྟེན་ཁང་གི་མའོ་ཡི་སྐུ་བརྙན་གཙང་བཟོ་བྱེད་མ་ཐུབ་རུང་། རང་གིས་དད་གུས་བྱེད་སའི་ལྷ་དང་བླ་མའི་སྐུ་བརྙན་ལྷམ་སྟེང་དུ་སྦྱར་བ་ང་ཚོའི་མི་རིགས་འདིའི་དད་མོས་དང་བརྩེ་དུངས་ལ་རྨ་ཁ་བཟོ་བཞིན་ཡོད་པའི་སྐོར་གསལ་བཤད་བྱེད་རྒྱུ་དེ་གལ་ཆེན་དུ་མཐོང་།
སྤྱིར་བཏང་ཨ་རིའི་ནང་གི་མཁས་པ་དང་ཆབ་སྲིད་པ་དག་གིས་འཛམ་གླིང་གི་ཆོས་ལུགས་ཁག་དང་འབྲེལ་བའི་སྐད་ཆ་བཤད་སྐབས་ཡེ་ཤུ་དང་ཁ་ཆེ། རྗེའུའི་ཆོས་ལུགས་གསུམ་ལས་ནང་བ་འདི་ཆོས་ལུགས་ཤིག་གི་གོ་གནས་སུ་འཇོག་མཁན་ཤིན་ཏུ་དཀོན་པོ་ཡིན། གོང་གི་ཆོས་ལུགས་དེ་གསུམ་བགྲང་དགོས་པ་ལའང་རྒྱུ་མཚན་མི་འདྲ་བ་ཡོད། ཨ་རིའི་མི་འབོར་ས་ཡ་སུམ་བརྒྱའི་ནང་གི་བརྒྱ་ཆ་༧༦ ཙམ་ཡེ་ཤུ་ཆོས་ལུགས་ཀྱི་རྗེས་འབྲངས་པ་ཡིན་ཞིང་། ཨ་རིའི་ནང་རྗེའུའི་ཆོས་ལུགས་ལ་དད་མོས་བྱེད་མཁན་ས་ཡ་ལྔ་ཙམ་ལས་མེད་ཀྱང་། རྗེའུའི་མི་རིགས་ལ་དཔལ་འབྱོར་སྟོབས་ཤུགས་ཤིན་ཏུ་ཆེན་པོ་ཡོད་སྟབས་ཁོང་ཚོའི་ཆོས་ལུགས་ཀྱི་གོ་གནས་དང་ཐོབ་ཐང་དེ་ཡེ་ཤུ་ཆོས་ལུགས་དང་དཔུང་བ་མཉམ་གཤིབ་བྱེད་ཐུབ་ཀྱིན་ཡོད། སྤྱི་ལོ་༢༠༠༡ ལོར་ཐོ་འགོད་བྱས་པ་ལྟར་ན་ཨ་རིའི་ནང་ཁ་ཆེ་ས་ཡ་གསུམ་མ་ཟིན་ཙམ་ལས་མེད་ཀྱང་། ཨ་རི་དང་ཁ་ཆེའི་ཆོས་ལུགས་པའི་བར་དཀའ་རྙོག་མང་བོ་འབྱུང་གིན་ཡོད་སྟབས། ཆོས་ལུགས་ཀྱི་གནད་དོན་ཞིག་གླེང་སྐབས་ཁ་ཆེའི་ཆོས་ལུགས་མ་གླེང་རང་གླེང་ཆགས་ཀྱིན་ཡོད། རྒྱུ་མཚན་འདི་དག་གི་ཐོག་ནས་བལྟས་ན། འཛམ་བུའི་གླིང་འདིའི་ཐོག་གི་ཆོས་ལུགས་དང་རིག་གཞུང་གང་ཡིན་ཀྱང་། དེ་ཉིད་ལག་ལེན་དང་ཉམས་ལེན་བྱེད་མཁན། དེ་ལ་བདག་པོ་རྒྱག་མཁན་གྱི་རྒྱལ་ཁབ་བམ་མི་རིགས་དེའི་སྟོབས་ཤུགས་དང་ཐད་ཀར་འབྲེལ་བ་ཡོད་པ་གསལ་བོ་རེད།
ཁ་སྔོན་ཆོས་ལུགས་ཁག་ཅིག་གི་སྟོན་པ་རྣམས་ཀྱི་ཟུར་ཟའི་རི་མོ་བྲིས་སྐབས་ཀྱང་བདག་མེད་དུ་སྡོད་མཁན་ང་ཚོ་ཡིན་ལ། ད་རེས་ཁོང་རྣམ་པས་ལྷམ་གོག་བཟོ་སྐབས་དོ་སྣང་དང་འཛེམས་ཟོན་མ་བྱས་པའི་རྒྱུ་མཚན་ཡང་། ནང་བའི་ཆོས་ལུགས་འདིའི་རྒྱབ་ལོགས་སུ་ཡོད་མཁན་གཙོ་བོ་ཞིག་བོད་པ་ཡིན་ཅིང་། བོད་པས་རང་མགོ་མ་ཐོན་པར་ལྷག་ནས་ཡོད་པའི་གནས་སྟངས་ཐབས་རྡུགས་འདི་ཁོ་བ་ཚོས་ཤེས་ཀྱིན་ཡོད་སྟབས། ཆོས་ལུགས་འདིའི་རྒྱབ་ལོགས་ན་རྙོག་དྲ་སློང་མཁན་གྱི་སྟོབས་ཤུགས་གང་མེད་སྙམ་དུ་སྣང་མེད་དུ་བཏང་བ་ཞིག་ཡིན་པ་འདྲ།
ལྷག་པར་དུ་སྐུ་བརྙན་ལྷམ་སྟེང་དུ་སྦྱར་བ་ལ་ངོ་རྒོལ་བྱེད་མི་རིགས་པའི་དཔེ་མཚོན་དུ་ཨབ་གྷན་གྱི་ཐ་ལེ་བྷན་གྱི་ཆོས་ལུགས་ཐལ་སྤྱོད་རུ་ཚོགས་བཞག་པ་དེ་ཙམ་བདེ་བོ་མ་བྱུང་། ང་ཚོས་ང་ཚོའི་སྟོན་པ་བཅོམ་ལྡན་འདས་དང་། བོད་མིའི་སྟོན་པ་ལྟ་བུར་གྱུར་པ་རྒྱལ་བ་རིན་པོ་ཆེའི་སྐུ་པར་ལྷམ་སྟེང་དུ་སྦྱོར་མི་འོས་པར་བཤད་པ་དང་། ཁ་ཆེའི་ཆོས་ལུགས་ཐལ་སྤྱོད་པ་དག་གིས་ཁ་ཆེ་མ་ཡིན་པའི་མི་སེར་གསོད་གཏུབ་བྱས་ཏེ་འཛམ་གླིང་ཡོངས་རྫོགས་ཁ་ཆེས་དབང་སྒྱུར་བྱེད་རྒྱུའི་འབོད་སྒྲ་སྒྲོག་བཞིན་པ་དེ་གཉིས་ལ་འདྲ་མཚུངས་ཀྱི་ཆ་མ་མཐོང་།
དོལ་རྒྱལ་ཚོགས་པས་རྒྱལ་བ་རིན་པོ་ཆེར་མི་འོས་པའི་ལས་སྣ་ཚོགས་བརྩམས་སྐབས་ཁ་གྲགས་མཁན་མ་བྱུང་གསུངས་པའང་ངོས་ལེན་ཞུ་ཐུབ་མ་སོང་། རང་རེའི་བྱེས་གྱར་སྤྱི་ཚོགས་ཁྲོད་ཀྱི་སྤྱི་སྒེར་མང་བོས་དེབ་དང་རྩོམ་ཡིག་ཧ་ཅང་མང་བོ་བྲིས་ཏེ་དགག་དགོས་ས་ལ་དགག གནས་ཚུལ་ངོ་སྤྲོད་བྱེད་དགོས་ས་ལ་ངོ་སྤྲོད་བྱས་པ་སོགས། ལོ་སྣེར་ལོ་བསྟུད་ཀྱིས་དཀའ་ལས་རྒྱག་མཁན་མང་བོ་བྱུང་ཡོད། གཅིག་བྱས་ན་སྐུ་ཉིད་བཙན་བྱོལ་བོད་གཞུང་ནང་དུ་ཕྱག་ལས་གནང་མ་མྱོང་བའམ། ཡང་ན་སྤྱི་ལོ་༡༩༩༦ ལོའི་རྗེས་ནས་གཞུང་དང་དེའི་ཉེ་འཁོར་དུ་ཕྱག་ལས་གནང་མ་མྱོང་བ་ཡིན་ན་གནས་ཚུལ་མང་བོ་ཞིག་རང་བཞིན་གྱིས་ལྷག་འགྲོ་བ་ཆོས་ཉིད་རེད་སྙམ།
མདོར་བསྡུས་ན་ང་ཚོའི་བར་རྩོད་གཞི་དང་རྩོད་པ་ཅི་ཡང་མེད། ནང་བ་སངས་རྒྱས་པའི་སྟོན་པ་དང་ཉེ་སྲས། གོང་ས་རྒྱལ་དབང་མཆོག་གི་སྐུ་པར་ལྷམ་སྟེང་དུ་དཔར་བ་ལ་འོས་མི་འོས་ཀྱི་བསམ་ཚུལ་གཉིས་བྱུང་བ་རེད། ཆོས་ལུགས་ཀྱི་དབང་དུ་བྱས་ན་ས་མཐོན་པོ་ལ་གནས་པའི་སྐྱེས་ཆེན་ཞིག་གི་སྣང་ངོར་དེ་ཚོ་ལ་ཁྱད་པར་མི་ཡོང་བ་བདེན་མོད། འཇིག་རྟེན་རང་དགའ་བའི་སྤྱི་ཚོགས་ཤིག་ལ་མཚོན་ན་དེ་འདྲའི་བསམ་བློ་རྒྱ་ཆེ་ཞིང་གཏིང་ཟབ་པ་གཏོང་ཐུབ་མཁན་ཤིན་ཏུ་ཉུང་།
གང་ལྟར་དེ་ལ་ངོ་རྒོལ་བྱེད་རྒྱུ་གྲ་སྒྲིག་གནང་མཁན་འདྲ་ཡོད་ན། ཞེ་སྡང་དང་ང་རྒྱལ་གྱི་དབང་དུ་མ་སོང་བར་ཡིན་ལུགས་ཚུལ་མཐུན་གྱི་ལམ་ནས་ངོ་རྒོལ་གནང་རྒྱུ་གལ་ཆེ་བར་སྣང་།
སྤྱི་ལོ་༢༠༡༠ ཟླ་༦ ཚེས་༡༦ ཉིན་བྱང་ཨ་རིའི་གྲོང་ཁྱེར་ནོའུ་ཡོཀ་ཏུ་བྲིས་ཏེ་ཕུལ།།
དཔྱོད་ལྡན་མཁས་མཆོག་ཧོར་གཙང་འཇིགས་མེད་ལགས་ཀྱིས་རླབས་ཆེན་ཀྱི་དགོངས་ཚུལ་འདི་ལྟ་བུ་གསུངས་བ་ལ་སྙིང་ནས་ཡི་རང་དང་ཐུགས་རྗེ་ཆེ་ཞུ།
ཁྱེད་ཀྱི་དགོངས་ཚུལ་ལ་རྒྱབ་སྐྱོར་མཚོན་ཆེད་དུ།
བཟོད་པ་སྒོམ་བཞིན་གཞན་གྱི་ངན་སྤྱོད་ལ་ངོ་རྒོལ་བྱེད་དགོས།
གཞན་གྱི་བྱ་སྤྱོད་ངན་པ་ཐམས་ཅད་བཟང་སྤྱོད་དུ་རློམ་ནས་སྡུག་སྒུར་བྱེད་ཐུབ་ན་ད་གཟོད་ཆོས་པར་འགྱུར་སྙམ་ན་ཡོངས་སུ་ནོར་བ་རེད། བཟོད་པ་སྒོམ་པ་དང་གཞན་གྱི་ངན་སྤྱོད་འགོག་པ་གཉིས་འགལ་བ་ཡིན་པ་སྤྱོད་འཇུག་ལས་གཏན་ནས་གསུངས་མེད་པར་མ་ཟད། རྒྱལ་སྲས་ཞི་བ་ལྷ་རང་ཉིད་ཀྱིས་གཞན་གྱི་ངན་སྤྱོད་ལ་ངོ་རྒོལ་ཞི་དྲག་མང་པོ་མཛད་ཡོད་པ་ངོ་མཚར་གཏམ་བདུན་གྱི་རང་རྣམ་ལ་བལྟས་པས་ཤེས་ཐུབ།
དེང་སང་བོད་མི་ཚོས་ནང་ཆོས་ལ་སློབ་སྦྱོང་མ་བྱས་པའི་རྐྱེན་གྱིས། ནང་ཆོས་ཧ་མི་གོ་མཁན་ཤིན་ཏུ་མང་ལ་ནང་ཆོས་གོ་ལོག་ཐེབས་མཁན་ཡང་ཤིན་ཏུ་མང་། ཀྱེ་མ་་བོད་མི་ཚོ་ལ་ནང་ཆོས་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་རེ་བསྐྲུན་ཐུབ་ན་ཅི་མ་རུང་།
ངོ་ཚ་དང་ཁྲེལ་མེད་ཀྱིས་ནང་པ་སྤྱི་ཡོངས་ཀྱི་ཆོས་དང་རིག་གཞུང་ལ་སྨ་འབེབས་བྱེད་མཁན་གྱི་zazzleབཟོ་ཚོང་ལས་ཁུངས་དེ་ལ་ང་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ནི། ད་ལྟའི་འཛམ་གླིང་ནང་པ་ཡོངས་ཀྱི་འོས་འགན་རེད་ལ་་བོད་ཀྱི་རིག་གཞུང་གི་ཐད་ནས་བསམ་ན། བོད་རིགས་ཚོ་ལས་འགུལ་འདིའི་རིགས་ལ་ལྷག་པར་ཞུགས་འོས་པ་ཞིག་རེད།
གཞན་གྱི་སྤྱོད་ངན་ལ་ཞི་བའི་ངོ་རྒོལ་བྱེད་རྒྱུ་ནི་རྨོངས་དད་རང་བཞིན་མ་རེད་ལ་རྗེས་ལུས་ཀྱི་རང་བཞིན་དེ་བས་མ་རེད།
དེས་ན་བོད་རིགས་སྐྱ་སེར་ཚང་མས་ངན་རྒོལ་བཟང་སྐྱོབ་ཀྱི་་ལས་འགུལ་འདི་ལྟ་བུ་ལ་རྒྱབ་སྐྱོར་ཆེན་པོར་བྱེད་དགོས།
བཟོད་པ་སྒོམ་བཞིན་གཞན་གྱི་ངན་སྤྱོད་ལ་ངོ་རྒོལ་བྱེད་དགོས།
ཧོར་འཇིགས་ལགས།
སྐུ་ཉིད་ཀྱིས་བསམ་ཚུལ་གསུངས་པ་ནི་ཧ་ཅང་ལེགས་ཤིང་ཕྱོགས་གཉིས་སུ་མ་ལྷུང་བའི་རྒྱུ་མཚན་མང་དུ་མངའ་བས་ཕྲན་གྱིས་མོས་བཀུར་ཡོད། འོན་ཀྱང་གོང་དུ་བཀོད་པའི་རྒྱུ་མཚན་དེ་དག་གིས་ཕྲན་གྱི་དོགས་པ་ཡོད་ཚད་སངས་མ་ནུས་པས་དྲི་བ་ཁ་ཤས་མཆིས་ཤིང་དེ་ནི་གཤམ་གསལ།
༡ བོད་པ་ཚོར་ཅིས་ཕྱིར་ཡེ་ཤེ་རྒྱ་སྐྱེད་རིང་ལུགས་དང་ཁ་ཆེ་ཐལ་སྤྱོད་རིང་ལུགས་ཀྱི་རྗེས་སུ་འབྲང་ནས་མི་མོས་བ་ཐམས་ཅད་བཀག་འགོག་བྱེད་དགོས་པ་ཅི་ཡིན་ནམ།
༢ ཆོས་ལུགས་ཟེར་བ་ནི་མིའི་བདེ་སྒྲུབ་བྱེད་ཀྱི་ཆ་རྐྱེན་ཞིག་ཏུ་ལེགས་ན་དེ་ལྷམ་མགོ་བཀོད་ནས་མིའི་འདོད་འདུན་སྐོང་ནས་བདེ་པ་སྒྲུབ་ཚེ་ཅི་ཕྱིར་མ་ལེགས་སམ།
༣ གསང་བསྔགས་སུ་ཅི་སྣང་ཆོས་སུ་གསུངས་བའི་འབྲི་དོན་བཞིན་ཡོད་ཚད་ལ་གཙང་བཙོག་གི་འདུ་ཤེས་འཛིན་མི་ཐུབ་པ་བདེན་མོད། རྐང་ལག་གཉིས་ལ་ཅིས་ཕྱིར་བོད་མི་རྣམས་ཀྱིས་ནུབ་ཕྱོགས་ཀྱི་མི་སྣ་ཁག་ཅིག་བཞིན་འདྲ་མཉམ་ཀྱི་འདུ་ཤེས་འཛིན་མི་ཐུབ་པའི་གནད་དོན་གཙོ་བོ་གང་ཡིན་ནམ།
༤ ནུབ་ཕྱོགས་ཀྱི་མི་སྣང་མང་པོ་ཞིག་གིས་གསང་བསྔགས་ཀྱི་དགོངས་དོན་ཉམས་ལེན་བྱས་བ་མིན་ཡང་རྐང་ལག་གཉིས་ལ་ཕྱོགས་རིས་བའི་འདོད་ཚུལ་མི་འཛིན་པའི་རྩ་བའི་རྒྱུ་རྐྱེན་ཅི་ཡིན་ནམ།
༥ གལ་སྲིད་ཉིད་ཀྱིས་གསུངས་པ་བཞིན་ཆོས་ལུགས་ཀྱི་གནས་ཚད་མཐོ་པོ་སོན་པའི་སྐྱེས་ཆེན་དག་གི་སྣང་ངོར་དེ་ཚོ་ལ་ཁྱད་པར་མི་ཡོང་ན། ཅིས་ཕྱིར་དད་ལྡན་པ་ཚོར་ཚོས་ཁོང་ཚོའི་རྗེས་སུ་མི་འབྲང་བར་ལམ་ལོག་ཏུ་ཕྱིན་དགོས་སམ།
༦ སྐྱེས་ཆེན་རྣམས་པ་ནི་དད་ཞེན་པ་དག་གིས་མིག་ལྟོས་དང་མ་འོངས་བར་དེ་ལྟར་འགྱུར་རྒྱུའི་རེ་བ་ཡིན་ན། དད་ཞེན་པ་ཚོས་སྐྱེས་ཆེན་དམ་པ་ནང་བཞིན་ཉམས་ལེན་བྱེད་དགོས་བ་མ་ལགས་སམ།
༦ ནང་ཆོས་ལས་དད་པ་བྱེད་མན་གྱི་རྒྱལ་ཁ་Thailand, Vietnam, Cambodia, Burmaསོགས་ཡོད་ན་ཅིས་ཕྱིར་བོད་པ་ནང་ཆོས་ཀྱི་དོ་བདག་གཙོ་བོ་གྱུར་བ་ཡིན་ནམ།
རང་རེའི་སྤྱི་ཚོགས་འདིའི་ནང་གི་མི་སྣ་གནད་ཡོད་སྐུ་ཞབས་ཧོར་གཙང་འཇིགས་མེད་ལགས་ཀྱིས་ཁོ་བོའི་བསམ་ཚུལ་ཧྲལ་ཧྲིལ་དེར་བོང་བ་གསེར་གཟིགས་ཀྱིས་དོ་སྣང་དང་དགོངས་འཆར་གནང་བས་བློ་སྐྱེད་དང་། ཡིད་འགུལ། སེམས་ཤུགས་ཆེན་པོ་ཐེབས་པ་བྱུང་བས་ཞིབ་ཀློག་དང་བསམ་གཞིག་བྱས་རྗེས་ཞུ་བྱ་རེ་ཡོད་ན་ཕུལ་ངེས་ཡིན།
ཧོར་གཙང་ལགས་ཁྱེད་ཀྱིས་ཉེ་ཆར་ཨ་རིའི་བཟོ་གྲྭ་ཞིག་ནས་སྟོན་པའི་སྐུ་བརྙན་སོགས་ཡུལ་མཆོག་གི་སྐུ་པར་འགའ་ཞིག་ལྷམ་སྟེང་དུ་བཀོད་པའི་སྐོར་ལས་འཕྲོས་པའི་ནང་པས་སྐྱབས་ཡུལ་ལ་གུས་བསྐུར་བྱེད་སྟངས་སོགས་ཀྱི་སྐོར་ལ་འགྲེལ་བཤད་རིང་མོ་ཞིག་རྒྱབ་འདུག་པས་རྗེས་སུ་ཡིད་རངས་ཞུ་འོས་སུ་མཆིས།
འོན་ཀྱང་ཁྱེད་ཀྱིས་གསུངས་པ་བཞིན་མི་སོ་སོར་བསམ་ཚུལ་མི་འདྲ་བ་ཡོད་པའི་རྒྱུ་མཚན་བཀོད་པ་བཞིན་ངོས་ནས་ཀྱང་དེ་བཞིན་བསམ་ཚུལ་ཅུང་ཙམ་ཞིག་ཞུ་འདོད་མཆིས།
ཁྱེད་ཀྱིས་མགོ་བོས་གུས་ཞབས་བྱེད་པ་ལས་རྐང་པས་གུས་ཕྱག་མི་འབུལ་ཚུལ་བཤད་པར་ངས་བསམ་ཚུལ་འདི་ལྟར་བཤད་འདོད་བྱུང། ནང་པའི་ཆོས་གཞུང་མང་པོ་ནས་སྐྱབས་ཡུལ་ལ་གུས་ཕྱག་འབུལ་བཤད་སྐབས་སུ་སྒོ་གསུམ་གུས་པས་གུས་ཕྱག་འབུལ་ཚུལ་མི་ཉུང་བ་ཞིག་བཤད་ཡོད་པས་ཁྱེད་ལྟར་ན་དེ་ལྟར་མི་འཐད་དམ། མགོ་དང་ལག་དང་རྐང་པའི་པུས་མོ་དང་། ཡན་ལག་སྨད་ལྔ་ས་ལ་རབ་བཙུགས་ནས། བདེ་བར་གཤེགས་པ་རྣམས་ལ་ཕྱག་འཚལ་ནས། ཞེས་སོགས་གསལ་བས་ལན་ཇི་ལྟར་འདེབས་སམ།
མ་གཞི་ནི་བོད་པས་མ་ནི་ཡིག་དྲུག་དང་སྟོན་པའི་སྐུ་པར་དེ་བཞིན་༸གོང་ས་༸་མཆོག་གི་སྐུ་པར་སོགས་སྟོད་གོས་དང་དེ་བཞིན་ལུས་ཀྱི་གྱོན་གོས་སོགས་སུ་བཀོད་པ་ཡོད་འདུག་པས་ད་ལམ་གྱི་གནས་ཚུལ་འདི་དག་ཀྱང་ངས་བསམ་ན་ལྟ་ངན་འདི་དག་ལས་བྱུང་བའི་ནད་ཡམ་ཞིག་ཡིན་པར་སེམས།
དེ་ཡིས་ག་ལ་ཚད་ང་ཡི་ངོ་ཤེས་བོད་རིགས་ཚོང་པ་ཞིག་ལྷ་སར་ཡོད་ཅིང་ཁོང་ལ་ཚོང་ཁང་ཆུང་ངུ་ཞིག་ཀྱང་ཡོད་ཁོང་གི་ཚོང་ཁང་ནང་གི་ཉལ་ཁྲིའི་འོག་ཏུ་བལ་ཡུལ་གྱི་ལི་སྐུ་དང་ཐང་ཀ་དེ་བཞིན་མཆོད་ཆས་སོགས་མི་ཉུང་བ་བཞག་པར་མཐོང་བས་འདི་དག་ལའང་ང་ཚོས་དགག་བཞག་བྱེད་དགོས་མི་འདུག་གམ།
བཀྲ་་་་ཤིས་བདེ་ལེགས།
དྲ་གྲོགས་རྣམ་པ་ཚོ་བགྲོ་གླེང་གི་ཚུལ་དུ་རང་གི་བསམ་ཚུལ་འགའ་གླེང་རྒྱུ་ཡིན།
ཧོར་གཙང་འཇིགས་མེད་ལགས་ཀྱིས་དགོངས་ཚུལ་གནང་བར་རྗེས་སུ་ཡི་རང་ཡོད། zazzalབཟོ་གྲྭ་ཆེན་མོའི་ཡན་ལག་kidsབཟོ་གྲྭ་ནས་སངས་རྒྱས་ཀྱི་སྐུ་བརྙན་དང་། ༧གོང་ས་མཆོག་གི་སྐུ་དཔར། བོད་ཀྱི་རྒྱལ་དར་སོགས་ལྷམ་གོག་གི་སྟེང་དུ་དཔར་འགྲེམས་བྱས་པ་སྣང་མེད་དུ་མཐོང་ཆུང་དུ་གྱུར་འདུག་གསུང་བ་རང་རེད། དེའི་རྒྱུ་མཚན་ནི་བཟོ་གྲྭ་དེའི་དབུ་འཛིན་དངོས་ཀྱིས་བཟོད་གསོལ་དང་དགོངས་དག་ཞུས་པའི་འཕྲིན་ཡིག་ལས་རྟོགས། སྤྱིར་བཏང་ཨ་རིར་རྟེན་གཞི་བྱས་པའི་བཟོ་གྲྭ་ཆེན་པོ་དེས་བོད་ཀྱི་རྒྱལ་དར་དང་༧གོང་ས་མཆོག་གི་སྐུ་དཔར། མ་ཎི་སོགས་སྟོད་ཐུང་དང་། ལག་ཁུག ཇ་ཕོར། ཐོབ་གཟུང་སོགས་ཀྱི་སྟེང་དུ་དཔར་འགྲེམས་བྱས་ཏེ་ཀུན་སློང་ཡོད་མེད་ལ་མ་ལྟོས་པར་བོད་དོན་ཁྱབ་སྤེལ་བྱས་པས་གྲུབ་འབྲས་དག་གཟིགས་ཡོད་དམ། ཇ་ཕོར་སོགས་ཀྱི་སྟེང་དུ་བོད་ཀྱི་རྒྱལ་དར་དཔར་ཏེ་གཤམ་དུ་I love Tibetསོགས་གང་མང་བཟོ་སྐྲུན་བྱས་ཡོད་པ་རྗེས་སུ་ཡི་རང་ཞུ་འོས་པ་ཡང་མང་པོ་འདུག
ང་ཚོའི་བོད་རྒྱལ་ཁབ་དང་ནང་བའི་ཆོས་ལ་མཐོང་ཆུང་ཁྱད་གསོད་ལྟ་བུ་གྱུར་འདུག་པར་ཚིག་རྩུབ་ཀྱི་རང་བཞིན་མ་ཡིན་པར་གསལ་བཤད་ཀྱི་འཕྲིན་ཡིག་གང་མང་བསྐུར་ཞེས་ཁ་སྔོན་ཡང་བཤད་ཡོད། ཤ་གསེང་རུས་གསེང་ན་ཚོར་བ་ཡོད་པས་མི་བུ་གང་མང་ཞིག་གིས་ཡིག་ངག་གང་རུང་བརྒྱུད་ནས་བཟོ་གྲྭའི་འགན་འཛིན་ལ་གསལ་བཤད་བྱས་འདུག ད་ལྟའི་ཆར་ནུས་པའང་ཆེན་པོ་ཐོན་འདུག བཟོ་ལས་མཚམས་འཇོག་དང་། དགོངས་སེལ་གནང་འདུག ཡང་གཅིག་བཤད་ན་ལྷམ་གོག་ཙམ་མ་ཡིན་པའི་ཐོན་དངོས་མང་པོ་ཞིག་གི་སྟེང་དུ་བོད་ཡིག་དང་བོད་ཀྱི་རྒྱལ་དར། ༧གོང་ས་མཆོག མ་ཎི། བོད་ཀྱི་རི་མོའི་སྒྱུ་རྩལ་སོགས་དཔར་སྐྲུན་བྱས་ཏེ་འཚོང་འགྲེམས་བྱེད་བཞིན་པ་བོད་དོན་ཁྱབ་བསྒྲགས་ཀྱི་རྒྱུ་རུ་འགྱུར་བས་དེའི་ལུགས་ཀྱི་གསལ་བཤད་ཅིག་ཀྱང་བྱེད་ཐུབ་ན་བཟང་གི་སྙམ།
བཀུར་འོས་སྤྱི་ཟུར་ཧོར་གཙང་འཇིགས་མེད་ལགས།
ཉིད་ཀྱི་དགོངས་འཆར་དེ་གསལ་པོ་དང་གོ་རིམ་ཡོད་པ། རྒྱུ་མཚན་ཡང་ཡོད་པ། ལྷག་པར་དུ་སྐུ་ཉིད་ཀྱི་ཚིག་གི་སྡེབ་སྦྱོར་ལ་ཡིད་དབང་འཕྲོག་སོང་།
ངས་ཨ་རིའི་སྤྱི་ཚོགས་ཀྱི་འགྲོ་སྟངས་ཐོག་ནས་ད་རེས་ཀྱི་ལྷ་སྐུའི་བྲིས་དང་ལྷམ་གྱི་དབར་ལ་བལྟས་ན། དོན་གནད་གཅིག་གི་ཐོག་ནས་བཟོ་གྲྭ་འདིས་འགྲིག་མིན་འདུག དེ་ཅི་ཡིན་ཞེ་ན། འདྲ་མཉམ་གྱི་ཐོབ་ཐང་ལ་རྩི་འཇོག་བྱས་མིན་འདུག ཨ་རིའི་རྩ་ཁྲིམས་ནང་། མི་ཚང་མ་འདྲ་མཉམ་ཡིན་ཟེར། དེ་འདྲ་ཡིན་ན། ད་རེས་བཟོ་གྲྭ་དེས། ནང་པའི་ཆོས་ལུགས་ཀྱི་བརྟེན་རྫས་ལྷམ་གྱི་ཐོག་ལ་སྦྱར་བ་འདི། ཆོས་ལུགས་དབར་འདྲ་མཉམ་མིན་པའི་ལྟ་བའི་ཤན་བཞུགས་པར་རྩོད་ཐུབ།
རྒྱུ་མཚན་ནི། ཡེ་ཤུ་དང་། ཁ་ཆེ། དེ་བཞིན་ཨ་རིའི་དོད་མའི་མི་རིགས་རྣམས་ཀྱི་ཆོས་ལུགས་ཀྱི་བརྟེན་རྫས་དག་ལྷམ་གྱི་ཐོག་ལ་སྦྱར་བའི་ལུགས་སྲོལ་མིན་འདུག་ལ། འདི་ལ་ཨ་རིའི་མི་ཚོས་སྤྲོ་བ་མི་བལྟས་པས་སོ།
ད་དུང་ཨ་རིའི་དམངས་ཁྲིམས་ཀྱི་ཐོག་ནས་བརྩོད་ན། བཟོ་གྲྭ་དེས་བོད་མི་དམངས་ལ་དངུལ་གྱི་གུན་བསབ་སྤྲོད་དགོས་འདུག རྒྱུ་མཚན་ནི། སྟོན་པའི་བྲིས་སྐུ་ལྷམ་ཐོག་ལ་སྦྱར་བ་འདིས། སྟོན་པ་འདིའི་རྗེས་འཇུག་པ་རྣམས་ཀྱི་སེམས་ལ་བཟོད་མི་ཐུབ་པའི་སྡུག་བསྔལ་གྱི་འཚོར་སྣང་སྦྱིན། དེའི་རྐྱེན་གྱིས་མི་ལ་ལར་འཕྲོད་བསྟེན་གྱི་གནད་དོན་འཕྲད་ནས་སྨན་ཁང་ལ་འགྲོ་དགོས་པ་ཡང་བྱུང་། དེའི་འབྲས་བུར་མི་རྣམས་རང་རང་གི་བྱ་བ་དང་དཔལ་འབྱོར་འཐོན་སྐྱེད་ཀྱི་ནུས་པར་ཐུས་ཤོར་སོང་ཡོད། དེར་བརྟེན། ད་རེས་བཟོ་གྲྭ་དེས་བོད་མིར་དཔལ་འབྱོར་གྱི་ཐུད་ཤོར་བཏང་སྟབས། འདི་ལ་ངེས་པར་དུ་གུན་བསབ་སྤྲོད་དགོས་པས་སོ།
ཉེ་ལམ་ཞིག་ནས་སྐུ་ཞབས་ཧོར་གཙང་འཇིགས་མེད་ལགས་དྲ་ངོས་སུ་ཕེབས་པར་སེམས་གཏིང་ནས་ཅིག་དགའ་སོང་། ཁོམ་པོ་ཡོད་ན་མུ་མཐུད་དུ་ཕེབས་རོགས་ཞུ་བ་ཡིན། ད་དུང་ཉིད་ཀྱིས་མདོ་སྨད་ལོ་རྒྱུས་རྩོམ་སྒྲིག་གི་བརྒྱུད་རིམ་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ངོ་མཚར་ཅན་དེ་འདྲ་ཡོད་ན་སྐབས་སྐབས་ལ་དྲ་ངོས་སུ་འཇོག་ཐུབ་ན་དྲ་གྲོགས་མང་བོའི་བློ་རིག་འབྱེད་པ་ལ་ཕན་ཐོགས་ཆེ་བའི་དེ་ལུགས་ཐུགས་ལ་འཛིན་པར་ཞུ། བཀྲ་ཤིས་བདེ་ལེགས་བཅས།
གོང་གི་ཁ་བ་ནག་པོའི་མིང་ཅན་དེ་གུས་པ་ཀླུ་སྨྱོན་མིན་པ་ཐུགས་འཇག་འཚལ།
དུས་བབ་ཀྱི་མཆན་ཞིག་འདིར་ཁུར་ཡོང་སྟེ་ངས་ཀྱང་བགྲོ་གླེང་འདིའི་ནང་ཆ་ཤས་ཤིག་ལེན་གྱི་ཡིན།
མཁས་པས་བཤད་ན་ཅི་ཡང་བདེན་ཞེས་པ་ཅི་མ་བདེན། ངོ་མས་རྒྱུན་མཚན་དང་གནས་ལུགས་ཀྱིས་གཏམས་དྲགས་པས་མི་སེམས་ཡོང་སུ་བསྒྱུར་འགྲོ་བ་འདུག འོན་ཀྱང་ང་ལ་ཡང་བསམ་ཚུལ་ཞིག་སྐྱེས་སོང་། འདི་ཀླན་ཀ་དང་བསམ་བཞིན་ལྡོག་ཕྱོགས་སུ་བུད་པའི་སྐད་ཆ་དེ་འདྲ་རྩ་ནས་མིན། ངའི་ལྟ་ཚུལ་ཡིན་ན། གནས་ཚུལ་འདི་འདྲ་ལ་ང་ཚོས་དེ་འདྲའི་དོགས་གཟབ་བྱེད་དགོས་པའི་རྒྱུན་མཚན་ཅང་མི་འདུག ད་ལྟའི་མི་རབས་ནི་ཨ་གསར་དང་དང་དོད་ཀྱི་མི་རབས་ཤིག་རེད་པས། ཁོང་ཚོས་ཨ་གསར་དང་དང་དོད་ཅན་གྱི་མིའི་རིགས་ལ་མཁོ་དངོས་ཤིག་བསྐྲུན་པ་དེ་རེད། ཡང་གཅིག་བཤད་ན་ངང་ཚུལ་འདིས་འཛམ་གླིང་གི་མི་རྣམས་རང་རེའི་ཆོས་དང་དེའི་ཆ་ལུགས་ལ་དོ་སྣང་ཅི་ཙམ་སླེབས་ཡོད་མེད་ཀྱང་མཚོན་གྱིན་འདུག་པས། ངས་བལྟས་ན་དགའ་འོས་པ་ཤིག་ཀྱང་རེད་འདོད། གལ་སྲིད་ཅི་ཞིག་རྩ་ཆེན་དུ་འཛིན་པའི་འདུ་ཤེས་ཡོད་རབས་དང་དེ་ཅི་ཞིག་ལ་བེད་སྤྱོད་བཏང་ན་འདུ་ཤེས་ལ་རྡོག་རོལ་བཏང་རབས། ཅི་ཞིག་བྱས་ན་ཉེས་དམིགས་ཡོད་རབས་སོགས་བཤད་དེ་བེད་སྤྱོད་དང་ཁྱབ་བརྡལ་ལ་བཀག་འགོག་རྐྱང་བྱས་བསྡད་ན། ནམ་ཉི་མ་ཞིག་ལ་ང་ཚོའི་ཆོས་དང་ཆ་ལུགས་འདི་ཡང་རང་རེའི་ད་ལྟའི་སྐད་ཡིག་གི་རྗེས་སུ་མི་འགྲོ་བའི་ངེས་པ་མི་འདུག་སྙམ།
འདུ་ཤེས་གང་ཡིན་རུང་ཐོག་མ་ཉིད་ནས་འདི་འཛིན་ཆོག་དང་འདི་འཛིན་མི་ཆོག་གི་གཏན་འབེབས་ཅང་མེད་ལ། གནས་སྐབས་ཙམ་གྱི་སེམས་པའི་འཆར་སྒོའི་དབང་དུ་འགྲོ་བཞིན་ཡོད་པས་ལམ་དང་ལུགས་སྲོལ་གང་ཡིན་ལ་དེ་འདྲའི་གཙིགས་ཆེན་ཞིག་བྱེད་དགོས་པ་ཨེ་ཡོད། གནས་སྐབས་སུ་སྣང་ངོར་མ་གོམས་པ་ཙམ་ལས། ཐེངས་གཅིག་མིན་གཉིས་མིན་དུ་མཐོང་ཐོས་ཀྱི་ངོ་བོར་རྒྱུ་ཚེ་སྔར་གྱི་མི་རུང་བར་འཛིན་པའི་འདུ་ཤེས་དེ་ལ་སྣང་བ་ཅི་ཡང་ཡོད་མི་སྲིད། ལྷག་དོན་ང་ཚོས་རང་ཉིད་ཀྱི་སྣང་ངོར་མི་འགྲོ་བ་ཙམ་གྱིས་ཕ་རོལ་བོའི་འཚོ་བའི་གནད་དོན་དང་བྱ་བཞག་ལ་རྩིས་མེད་གཏོང་བ་གཏན་ནས་མི་འོས།
ཤུགས་རྐྱེན་དང་ཁྱབ་བརྡལ་ཆེ་ཤོས་ཀྱིས་འཛམ་གླིང་ལ་དབང་བསྒྱུར་བཞིན་ཡོད། ང་ཚོའི་སྐད་ཡིག་དང་སྟོབས་ཤུགས་ཀྱིས་དབྱིན་ཡིག་དང་རྒྱ་ཡིག་ནང་བཞིན་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་རྒྱུའི་རེ་བ་མེད་ན་ཡང་། ད་ལྟ་ང་ཚོར་ཡོད་བཞིན་པའི་ནང་ཆོས་དང་དེའི་ཆ་ལག་གི་འོག་ནས་ང་ཚོས་རྨི་ལམ་རེ་རྨི་ཆོག་པ་མ་ཟད། དེའི་གདོང་གྲོགས་སུ་འབྱོར་བ་དག་ལ་དགའ་ཞིང་མགུ་དགོས་པར་སྣང་ངོ་།
སྤོབས་པ་མཐའ་ཡས་མིང་ཅན་གྱིས་སངས་རྒྱས་ལ་བརྙེས་བཅོས་སུས་བྱེད། ཅེས་འགོ་བརྗོད་འོག་ཇུར་རྟ་སོགས་ཀྱི་སྟེང་དུ་སྟོན་མཆོག་སངས་རྒྱས་དང་ྋགོང་ས་མཆོག་གི་འདྲ་སྐུ་དཔར་བཀོད་བྱས་པར་ནོངས་མེད་པ་མ་ཟད། ད་དུང་ངོ་རྒོལ་བྱེད་མཁན་རྣམས་རྨོངས་དད་དང་རྗེས་ལུས་ཅན་ཡིན་མདོག་བཤད་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད།
ངོ་རྒོལ་འདི་ནི་དྲག་རྒོལ་དང༌། སྡང་རྒོལ། འཇིགས་རྒོལ་སོགས་གང་ཡང་མིན། འདི་ནི་ད་ནས་བཟུང་ཁྱེད་དང་ཁྱེད་ཀྱི་འཁོར་དང་བཅས་པ་མཆོག་གསུམ་ལ་ཤེས་ནས་དད་པ་འཐོབ་ཐབས་ལ་འབད་དགོས་པའི་ཞེན་བསྐུལ་གྱི་རྒོལ་གཏམ་ཙམ་ཡིན།
བཀུར་འོས་ཧོར་གཙང་གིས་བཤད་པ་མནོ་བསམ་མང་ཙམ་གཏང་དགོས་པ་དང༌། མདོ་ལས་ང་ནི་ཡི་གེའི་གཟུགས་སུ་བྱོན། ཞེས་གསུངས་པ་ལྟར་སྙིགས་མ་ལྔ་བདོའི་དུས་སུ་དེ་བཞིན་གཤེགས་པ་རྣམས་ཡི་གེའི་གཟུགས་སུ་བྱོན་ནས་སེམས་ཅན་འགྲོ་དོན་མཛད་པར་ལུང་བསྟན་པ་བཞིན་ཡི་གེ་ན་གཅིག་ཡན་ཆད་སངས་རྒྱས་མངོན་གྱི་འདུ་ཤེས་བཞག་དགོས་པ་ལས། འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡིག་དྲུག་ལ་ཁྱད་གསོད་ཀྱིས་མ་འོས་པའི་ཧམ་འགོར་བཀོད་ཕབ་བྱས་པ་གཏན་ནས་མི་རུང་བ་ཤེས་དགོས་སྙམ།
རྗེ་བཙུན་བྱམས་མགོན་གྱི་མངོན་པར་རྟོགས་པའི་རྒྱན་ལས། ཆོས་ཀྱི་དོན་དུ་སྲོག་གཏོང་བ། ཞེས་གསུངས་པ་ལྟར་བསྟན་པ་འཇིག་པ་དང་དམ་ཆོས་ལ་གནོད་པའི་དགྲ་བྱུང་ཚེ་རང་གི་གཅེས་པའི་སྲོག་ཚུན་ཆད་བློས་གཏོང་བྱེད་དགོས་པ་བཏོན་ཡོད། དེ་བཞིན་གཤེགས་པ་དང་ནང་བསྟན་ཆོས་ལུགས་དབུ་ཁྲིད་ྋགོང་ས་མཆོག བླ་མ་དང་ངོ་བོ་དབྱེར་མེད་པའི་ཡི་དམ་སོགས་ཀྱི་འདྲ་སྐུ་ཧམ་ཀོག་སྟེང་དུ་དཔར་ཕབ་བྱས་པ་འདི་བསྟན་པ་འཇིག་པའི་དགྲ་མ་ཡིན་ན་ཅི་ཡིན།
ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གྱིས་དགོན་སྡེ་གཏོར་བཤིགས་བྱེད་སྐབས་སེ་འབྲས་དགའ་གསུམ་གྱི་དགེ་འདུན་པ་རྣམས་ཀྱིས་བསྟན་པ་འཇིག་པར་མི་བཟོད་པར་ལུས་ལ་ནང་བཟའ་གྱོན་ཡོད་ཀྱང༌། ལག་ཏུ་གྲི་མེ་མདའ་ཁྱེར་ནས་དམག་ནང་ཞུགས་ཡོད་པ་ཁྱེད་ཀྱིས་ཤེས་ཡོད་ཤག་ཡིན།
ཁྱེད་ཀྱི་རྩོམ་ཡིག་ནང་ལུང་འདྲེན་བྱེད་པ་དེ་དག་ཀུན་སློང་མ་དག་པའི་ཐོག་ནས་གཞན་ལ་ཁྲོ་བ་དང༌། སྡང་བ་སོགས་བྱེད་མི་རིགས་པ་བསྟན་པ་ཙམ་ལས་སངས་རྒྱས་ཀྱི་དཔར་རིས་གང་བྱུང་དུ་བཀོད་ཕབ་བྱས་ན་འགྲིག་པ་བསྟན་པའི་ལུང་གཅིག་ཀྱང་མི་འདུག རང་ལས་གཞན་གཙིགས་སུ་འཛིན་དགོས་པའི་ནང་བསྟན་ཆོས་ལུགས་ཀྱི་རྗེས་འཇུག་པ་ཞིག་ཡིན་ཕྱིན་ཆད་བཟང་ངན་གྱི་ལས་གང་ཞིག་བརྩམ་ཡང་རྣམ་པ་ཐམས་ཅད་དུ་ཀུན་སློང་རྣམ་དག་ཅིག་དགོས་པ་ངས་ཀྱང་འདོད་ཀྱི་ཡོད།
དེར་བརྟེན་ཁོང་ཁྲོ་དང་སྡང་སེམས་གྱི་གཞན་དབང་དུ་མ་སོང་བར་མཐའ་གཅིག་ཏུ་བསྟན་འགྲོའི་དོན་འབའ་ཞིག་བསམ་བློ་གཏོང་ནས་ངོ་རྒོལ་བྱེད་པ་འདི་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གཉིས་ཐད་ནས་འགལ་བ་གང་ཡང་མེད་ལ། འདི་ལྟར་བསམ་བློ་གཏོང་མཁན་ཡང་ས་མཐོན་པོར་གནས་པའི་གང་ཟག་ཅིག་ཀྱང་གཏན་ནས་ཡིན་མི་དགོས། ཁྱེད་ཀྱིས་ཀྱང་དེ་ལྟར་ཀུན་སློང་བཅོས་ནས་ངོ་རྒོལ་བྱ་ཆོག་པ་ཡིན།
འབའ་ཐང་ལགས། ཁྱེད་ཀྱིས་ནང་བསྟན་ཆོས་ཀྱི་ལུགས་ཆེད་དུ་སྲོག་བཏང་ཚེ་དེ་ནི་ཁྱེད་ཀྱི་མི་ཚེ་ཆོས་ལུགས་ཀྱི་བྲན་གཡོག་ཏུ་གྱུར་བ་མ་རེད་དམ། ཆོས་ལུགས་ནི་ཁྱེད་ཕན་སྒྲུབ་བྱེད་ཀྱི་ཆེད་དུ་འགྲོ་བ་ལས་ཚེ་སྲོག་གཅོད་ཅིག་ཏུ་མི་འགྱུར་བའི་རེ་བ་ཡོད། ཁྱེད་ཀྱིས་ཆོས་ཀྱི་ཆེད་དུ་སྲོག་བཏང་ཐུབ་ན་ཆོས་མེད་སྨྲ་བ་ཚོས་ཆོས་མེད་ཀྱི་ཆེད་དུ་སྲོག་བཏང་དགོས་བ་དང་གསར་གཏོད་པ་ཚོས་ཅིས་ཕྱིར་གསར་གཏོད་ཀྱི་ཆེད་དུ་ཚེ་སྲོག་བཏང་དགོས་བ་འགྱུར་བས་འཇིག་རྟེན་འཐབ་རྩོད་ལས་ཞི་འགྲིག་གཏན་ཡོང་མི་ཐུབ་མ་ཡིན་ནམ།
གོང་དུ་བོད་མི་རྣམས་ལ་བསམ་ཚུལ་མི་མཐུན་པ་གཉིས་བྱུང་ཞིང་མང་པོ་ཞིག་གིས་གུ་ཡང་དང་བཟོད་སྲན། བསམ་ཤེས་དང་རྣམ་དཔྱོད་ཀྱི་སྒོ་ནས་དགའ་སུ་ཞུ་བཞིན་འདུག་ལ། ཁག་ཅིག་གིས་གནས་ལུགས་ཀྱིས་སྒོ་ནས་ཞི་བའི་ངོ་རྒོལ་བྱེད་དགོས་བའི་འདོད་འདུན་འཛིན་མཁན་ཡོད་པ་བཅས་ཕྱོགས་ཁག་གཉིས་སུ་གྱེར་བ་ནི་དགའ་དགོས་བ་ཞིག་རེད། རྒྱུ་མཚན་ནི་མི་ཡོངས་རྫོགས་ལ་ལྟ་ཕྱོགས་གཅིག་པ་དང་ལངས་ཕྱོགས་གཅིག་པ་འོང་མི་སྲིད་ལ་དེ་ལ་ཡོང་བ་རྩོད་པ་རྒྱག་རྒྱུ་ནི་ཡིད་ཐང་ཆད། དེ་རིང་གི་བསམ་ཚུལ་སང་ཉིན་བརྗེ་ཞིང་ཁ་སང་གི་ལོག་རྟོགས་དེ་རིང་མཚན་མ་རྟོགས་པའི་འགྲོ་བ་མིའི་སེམས་ཀྱི་ཁྱེར་སོ་ལ་ངེས་བརྟེན་མེད་པས་ཕན་ཚུན་བསམ་ཤེས་ཀྱི་ལམ་ནས་གུས་བཀུར་བྱེད་རྒྱུ་གལ་ཆེ་ལ། དྲ་གྲོགས་མང་པོ་ཞིག་གིས་གནད་དོན་དེ་སྔ་ས་ནས་རྟོགས་ཟིན་པ་མཆན་ལས་རྟོགས། གང་ལྟར་ད་ལྟར་ང་ཆོའི་བོད་ཀྱི་སྤྱི་ཚོགས་ནི་ལོ་ངོ་བཅུའི་གོང་དང་མི་འདྲ་བར་ཕན་ཚུན་བསམ་ཤེས་དང་གཞན་གྱི་འདོད་འདུན་ལ་གུས་ཞབས་བྱེད་མཁན་གྱི་གཞོན་སྐྱེས་མི་ཉུང་བ་ཞིག་འབྱུང་དང་འབྱུང་བཞིན་ཡོད་པ་ནི་དགའ་དགོས་བའི་གནས་སུ་འཁུམས། དེས་མ་འོངས་བར་བོད་ལ་ཆེས་ཕུལ་ཏུ་བྱུང་ཞིང་མཚན་དཔལ་རིག་གསུལ་ལ་ཡང་རྩེ་སོན་པའི་མི་སྣ་མང་པོ་ཞིག་སྐྱེས་སྲིང་བྱེད་པའི་རྒྱུ་རུ་འགྱུར་བའི་སྔ་ལྟས་ཡིན་པས་བོད་ལ་མཚོན་ན་ཆེས་གལ་ཆེ་བའི་དོན་བཟང་ཞིག་ཏུ་འདོད། ལོ་བཅུ་འམ་ཉི་ཤུ་གོང་དུ་ལྟ་དྲ་གྲོགས་རེ་ཟུང་གིས་གསུངས་བའི་འབྲི་དོན་བོད་མི་རྣམས་ཀྱིས་བཤད་པ་ལྟ་ཞོག་བསམ་ནའང་ལྟ་ལོག་ཟེར་ནས་གནས་ས་མེད་ལ། བདེན་དོན་འཛིན་རྒྱུ་གཅིག་པུ་ནི་སངས་རྒྱས་དང་རང་ཉིད་མོས་སུའི་བླ་སྤྲུལ་གྱི་གསུངས་ལས་འཇིག་རྟེན་གྱི་མཁས་བ་སུ་ཞིག་ལ་ཡིད་ཆེས་མེད་བའི་མུན་ནག་གི་ལྟ་སྟངས་དེ་འཇུག་སྒྲིལ་ལ་དེ་ཉེ་འདུག