ཀརྨ་བདེ་ལེགས། (རྩོམ་ཁུངས། བཙན་པོ་དྲ་བ།)
ཐོག་མར་གསལ་བཤད་ཞུ་རྒྱུ་ལ། སྤྱིར་འབྲས་སྤུངས་དཔེ་མཛོད་ཁང་དུ་རིན་ཐང་ཆེ་བའི་དཔེ་རྙིང་དཔེ་དཀོན་མང་པོ་ཞིག་བཞུགས་ཡོད་རུང་། དེ་རྣམས་ཀྱི་ཆ་འཕྲིན་དཀར་ཆག་དང་སྤར་བསྐྲུན་གྱི་ལམ་ནས་ཕལ་ཆེ་བ་སྤྱི་ཚོགས་ཐོག་ཕུལ་ཟིན་པས་བསྐྱར་ཟློས་ཀྱི་དགོས་པ་མེད་ལ། འབྲས་སྤུངས་དཔེ་མཛོད་ལ་ཞིབ་འཇུག་གི་རིན་ཐང་ཆེན་པོ་ཡོད་རུང་དེ་འདྲའི་གྲུབ་འབྲས་ཞིག་བཤད་རྒྱུ་ཡོད་པས་ཀྱང་མིན། སོ་སོའི་ལས་ཀ་ཅུང་ཟད་བྱས་པ་ལ་ངོམ་སོ་བྱ་བསམ་པའང་མིན་ལ་དོན་མེད་ཉི་མ་འཁྱོལ་བྱེད་ཀྱི་གཏམ་ཉོག་བཤད་པའི་དུས་ཚོད་ཁོམ་བསྡད་པ་ནི་དེ་བས་ཀྱང་མིན། འོན་ཀྱང་ལས་ཀའི་བརྒྱུད་རིམ་ནང་རིག་གསར་རྗེས་ཀྱི་དཔེ་མཛོད་ཁང་དེའི་གནས་སྟངས་ལ་ཅུང་ཟད་ཆ་རྒྱུས་ཡོད་པ་མ་ཟད། ད་ལྟའི་ཆར་དཔང་མི་ལྟ་བུ་ཞིག་ཏུ་ཆགས་ཡོད་པའི་རྒྱུ་མཚན་གྱིས་ཁ་མ་གྲག་པར་བསྡད་ན། འགན་མ་ཁུར་པ་ལྟ་བུ་ཞིག་ཏུ་འགྱུར་གྱི་དོགས་ནས་ཅུང་ཟད་གསལ་བཤད་བྱ་འདོད་བྱུང་། དེ་ཡང་རྒྱལ་དབང་ལྔ་པས་གྲུབ་མཐའི་ཕྱོགས་རིས་ཀྱིས་དཔེ་ཆ་མང་པོ་བཙོན་དུ་བཅུག་ཡོད་ཚུལ་གྱི་འཁྱལ་གཏམ་མང་པོ་ཞིག་སྔར་ནས་བྱུང་ཡོད་ལ། ཉེ་ཆར་ཡང་དྲྭ་ཐོག་ནས་ལབ་གླེང་བྱེད་ཀྱིན་ཡོད་པ་གོ་ཐོས་བྱུང་བ་མ་ཟད། ངག་ཐོག་ནས་ཀྱང་འབྲས་སྤུངས་དཔེ་མཛོད་ནང་དུ་དགེ་ལུགས་པའི་ལྟ་བ་དང་མི་མཐུན་པ། གྲུབ་མཐའ་གཞན་གྱི་དཔེ་ཆ་མང་པོ་ཞིག་བཙོན་བཅུག་བྱས་པ་རྣམས་ཁྱེད་རང་གིས་བཙོན་གྲོལ་གཏོང་ཐུབ་པ་དེ་དཔེ་ཡག་པོ་རེད་ཅེས། རྒྱུ་མཚན་དང་གནས་ལུགས་མེད་པའི་གཏམ་ཉོག་མང་པོ་ཞིག་ཐོས་པའི་རྐྱེན་གྱིས་གསལ་བཤད་ཞིག་མི་བྱ་ཀ་མེད་བྱུང་།
དེ་ཡང་སྐད་ཆ་འདི་དུས་ནམ་ཙམ་དང་དགོས་པ་ཅི་འདྲའི་དབང་གིས་བྱུང་བ་གསལ་པོ་མ་ཤེས་རུང་ཉེ་ཆར་གསར་དུ་བྱུང་བ་ཞིག་ནི་མ་རེད། ཁོ་བོ་༡༩༩༦ལོར་ལྷ་སར་ཡོང་དུས་ནས་སྤྱི་ཚོགས་ཐོག་སྐད་ཆ་དེ་འདྲ་ལབ་གླེང་ཡོད་པ་གོ་ཐོས་བྱུང་། དེ་ནས་སྤྱི་ལོ་༢༠༠༢ལོའི་ཟླ་༧པའི་ཚེས་༣ཉིན་ནས་བཟུང་འབྲས་སྤུངས་གནས་བཅུ་ལྷ་ཁང་དུ་དཔེ་རྙིང་སྲུང་སྐྱོབ་ཀྱི་ལས་ཀ་བྱེད་པའི་སྐབས་སུ་འབྲས་སྤུངས་དགོན་པ་རང་ནས་ཀྱང་སྐད་ཆ་འདི་ཡང་དུ་གོ་ཐོས་བྱུང་། དེ་དུས་སྐད་ཆ་འདིའི་ངོ་གདོང་ལ་ཐད་ཀར་དཔྱད་པ་ཡིན་ན་རྒྱུ་མཚན་མེད་པ་ཞིག་ཏུ་མཐོང་རུང་གསལ་པོ་མ་ཤེས། གནས་བཅུ་ལྷ་ཁང་དུ་དཔེ་རྙིང་ཀོ་ཐུམ་རྒྱབ་པ་དང་ཐེལ་ཙེས་མནན་པ་ཞིག་མཐོང་ཐོས་མ་བྱུང་རུང་། ལྷ་གཉེར་སྐུ་ཞབས་རྣམས་ཀྱི་ངག་ནས་ཀྱང་སྐད་ཆ་དེ་སྔར་བཞིན་བཤད་པ་མ་ཟད་དཔེ་ཆ་དེ་ཚོ་ཡོད་ས་ཡང་མི་དབང་ལྷ་ཁང་ནང་དུ་ཡོད་རེད་ཅེས་བཤད་བྱུང་། དེ་ནས་འགན་འཛིན་སྐུ་ཞབས་བླ་མ་ལགས་དང་ཆོས་འཛིན་ལགས་གཉིས་ལ་དཔེ་ཆ་དེ་ཚོ་ལྟ་ཀློག་བྱ་རྒྱུའི་བཀའ་མོལ་ཞུས་པར། ཟླ་བ་འགའ་ཤས་རྗེས་ནས་ང་ཚོ་གྲོས་མོལ་བྱ་ཆོག་གསུངས་བྱུང་། དེ་ནས་ཟླ་གསུམ་ཙམ་གྱི་རྗེས་འགན་འཛིན་སྐུ་ཞབས་བླ་མ་ལགས་ནས་ལྷ་ཁང་དེའི་ནང་གི་དཔེ་སྒྲོམ་ལོགས་གསུམ་ཡོད་པ་དེ་ཚོ་ཚང་མ་བརྗེས་ནས་གསར་པ་བཟོ་ཐུབ་པ་བྱ་དགོས། ལྷ་སྐུ་ཡོད་སའི་ལོགས་དེ་དགོན་པས་འགྲོ་གྲོན་བཏང་ནས་ལས་ཆོག །དཔེ་ཆ་ཡོད་སའི་ལོགས་གཉིས་དེ་ཁྱོད་རང་གིས་འགྲོ་སོང་བཏང་ནས་ལས་ཐུབ་ན་ཀོ་ཐུམ་ཅན་གྱི་དཔེ་ཆ་དེ་ཚོ་ལྟ་ཆོག་གི་རེད་ཅེས་གསུང་བྱུང་བར་བཀའ་བཞིན་ཞུས་ཏེ་དཔེ་སྒྲོམ་གསར་བཟོ་དང་འབྲེལ། གྲུབ་མཐའི་ཆགས་སྡང་གིས་བཙོན་དུ་བཅུག་པར་གྲགས་པའི། ཀོ་ཐུམ་ཐེལ་ཙེས་མནན་པའི་དཔེ་ཆ་དེ་ཚོ་བརྔོག་འདོན་ཞུས་པའི་ལོ་རྒྱུས་ཉུང་ཙམ་ཞིག་གསལ་བཤད་ཞུ་རྒྱུ་ཡིན།
དེ་ཡང་སྤྱིར་འབྲས་སྤུངས་དགོན་པ་ནི་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་བོད་རབ་བྱུང་བདུན་པའི་མེ་སྤྲེལ་སྤྱི་ལོ་༡༤༡༦ལ་གཞིས་ཀ་སྣེའུ་རྫོང་དཔོན་ནམ་མཁའ་བཟང་པོ་ཁུ་དབོན་གྱིས་སྦྱིན་བདག་བྱས་པ་བརྒྱུད་ཐོག་མར་ཕྱག་བཏབ། དེ་ནས་རིམ་བཞིན་འབྲས་སྤུངས་བློ་གསལ་གླིང་དང་། སྒོ་མང་། བདེ་ཡངས། ཤག་སྐོར། ཐོས་བསམ་གླིང་། འདུལ་བ། སྔགས་པ་གྲྭ་ཚང་བཅས་འབྲས་སྤུངས་གྲྭ་ཚང་བདུན་དུ་གྲགས་པ་རྣམས། ལེགས་ལྡན་པ་དང་། དྲུང་གྲགས་རིན་པ། བྱང་ཆུབ་དཔལ་བ་སོགས་ཀྱིས་བཏབ་སྟེ་འཕེལ་རྒྱས་སུ་ཕྱིན། དེ་རྗེས་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱིས་གདན་ས་གནང་སྐབས་རྒྱས་པ་དང་ཤག་སྐོར་གཉིས་བློ་གསལ་གླིང་གི་ཁོངས་དང་། འདུལ་བ་སྒོ་མང་ལ་ཟླ་བསྒྲིལ་ནས་སྔར་གྱི་གྲྭ་ཚང་བདུན་དེ་བཞི་རུ་བསྡུས་པར་བྱས་པ་བཅས། སྔོན་བྱུང་ཆགས་འཇིག་གི་བྱུང་བ་དང་ད་ཡོད་སྐུ་གསུང་ཐུགས་རྟེན་གྱི་ལོ་རྒྱུས་སོགས་ནི་རྒྱུན་ཤེས་སུ་གྱུར་པ་མ་ཟད། རྒྱས་པ་གཞན་ལས་གསལ་བས་དགོས་མེད་ཀྱི་ངལ་བ་མི་བྱ་བར་སྐབས་དོན་གྱི་བརྗོད་བྱ་དངོས་ནི། སྤྱི་ལོ་༢༠༠༢ལོའི་ཟླ་༧པའི་ཚེས་༣ཉིན་ནས་བཟུང་སྟེ་ལོ་གཅིག་དང་ཟླ་བ་དྲུག་ཙམ་གྱི་རིང་། སྔར་རིག་གསར་སྐབས་སུ་གཏོར་སྐྱོན་ཐེབས་པའི་དཔེ་རྙིང་རྣམས་ལ་སྲུང་སྐྱོབ་ཀྱི་ལས་ཀ་བྱས་པའི་ས་གནས་ནི། གནས་བཅུ་ལྷ་ཁང་། མི་དབང་ལྷ་ཁང་། དགའ་ལྡན་ཕོ་བྲང་ནང་། རྒྱལ་པའི་གཟིམ་ཆུང་། ལམ་རིམ་རིན་པོ་ཆེའི་ཕྱག་དཔེ། ཚོགས་ཆེན་འདུ་ཁང་སྦུག་གི་གཙང་ཁང་། བློ་གསལ་གླིང་། སྒོ་མང་གྲྭ་ཚང་། བདེ་ཡངས་གྲྭ་ཚང་བཅས་གནས་ཡུལ་ཁག་དགུའི་དཔེ་རྙིང་ལ་གོ་རིམ་བསྒྲིགས་ཏེ་དཀར་ཆག་བཟོ་བ་དང་། དཔེ་རས་དང་དཔེ་ཐག་སྒྲོན་འབུལ། དཔེ་སྒྲོམ་གསར་བཟོ་དང་། དཔེ་སྒྲོམ་ལ་སྒོ་ལྕགས་བཟོ་བ་སོགས་སྐབས་དེའི་ཆ་རྐྱེན་ལ་ལྟོས་པའི་སྲུང་སྐྱོབ་གང་ནུས་ཞུས་པ་ཡིན། དཔེ་རྙིང་དཔེ་དཀོན་མང་ཆེ་བ་ནི་གནས་བཅུ་ལྷ་ཁང་དུ་ཡོད་ལ། གནས་བཅུ་ལྷ་ཁང་ཞེས་པ་འདིའི་སྦུག་ཏུ་རྒྱ་ནག་གི་བཟོ་རྩལ་ལས་གྲུབ་པའི་ཐུབ་དབང་གནས་བརྟན་བཅུ་དྲུག་རྒྱལ་ཆེན་སྡེ་བཞི་དང་བཅས་པ། ཙན་དན་ལས་བཟོས་པ་སྤུས་ལེགས་ཞིག་བཞུགས་པའི་རྒྱུ་མཚན་གྱིས་གནས་བཅུ་ལྷ་ཁང་ཞེས་མིང་ཐོགས་པར་གྲགས། དུང་དཀར་ཚིག་མཛོད་ལས། ཐུབ་པའི་དབང་པོ་གཙོ་འཁོར་གསུམ་བྱང་ཆུབ་ཤིང་ལས་གྲུབ་ཅིང་། གཞན་རྣམས་ཙན་དན་དཀར་པོ་ལས་གྲུབ་པ་འདི་རྣམས་སྔོན་རྒྱ་ནག་ཏུ་གནས་བརྟན་བཅུ་དྲུག་སྤྱན་དྲངས་ཏེ་དབྱར་གསུམ་ཞལ་གྱིས་བཞེས་ནས་དགག་དབྱེ་མཛད་དེ་རང་གནས་སུ་གཤེགས་ཁར། དད་པའི་རྟེན་དུ་སོ་སོ་ནས་རང་རང་གི་འདྲ་འབག་རེ་ཕྱག་བཟོ་མཛད་ནས་གནང་བ་གོང་མས་འགྲོ་མགོན་ཆོས་རྒྱལ་འཕགས་པར་ཕུལ་བ། རིམ་གྱིས་རྒྱལ་བ་ཀརྨ་པའི་ཐུགས་དམ་རྟེན་དུ་ཀོང་པོ་རྩེ་ལྷ་སྒང་དུ་བཞུགས་པ་ནས་རྒྱལ་དབང་ལྔ་པ་ཆེན་པོའི་ཐུགས་དམ་རྟེན་དུ་སྤྱན་དྲངས་ཏེ་འདིར་བཞུགས་པ་ཡིན། ཞེས་གསལ་བ་དེ་ཡིན་ཞིང་ལྷ་ཁང་དེའི་སྦུག་གི་གཙང་ཁང་ནང་དུ་གནས་བརྟན་བཅུ་དྲུག་གི་སྐུ་བརྙན་བཞུགས་པ་ཙམ་ལས། གཞན་ཚང་མ་དཔེ་མཛོད་ཁང་ཡིན་པ་ལས་ལྷ་སྐུ་ཅིག་ཀྱང་མེད།
དཔེ་མཛོད་ཁང་དེ་ལ་དཀར་ཆག་རྙིང་པ་ཞིག་ཡོད་ཚོད་འདུག་ཀྱང་ད་ལྟའི་ཆར་རྙེད་སོན་མ་བྱུང་། དཔེ་ཆ་པོ་ཏི་རེ་ལ་ཨང་ཀི་རེ་བཀོད་ཡོད་པ་དང་། ནང་དོན་གྱི་དབྱེ་བའི་སྡེ་ཚན་རེ་ལ་ཡང་ཀ་ཁ་སོགས་ཀྱི་རྟགས་རེ་བཀོད་པ། ད་དུང་དམིགས་བསལ་ཞིག་ལ་གནས་བཅུ་ལྷ་ཁང་གི་དཔེ་ཆ་རྣམས་ལ་「ཕྱི་ཀ༡」 「ཕྱི་ཁ ༡」 ཞེས་ཕྱི་ཞེས་པ་དེ་ནི་ཕྱི་ལོགས་ནས་གདན་འདྲེན་ཞུས་པའི་རྟགས་ཞིག་ཡིན་པར་ཤོད་ཀྱི་འདུག་པ་དེ་ཡང་བདེན་པར་མངོན། དཔེར་ན་དུས་ཀྱི་འཁོར་ལོའི་སྐོར་གྱི་ཀ་རྟགས་ཅན་ཡིན་ལ། ཀ་རྟགས་ཅན་གྱི་པོད་དང་པོ་ལ་「ཕྱི་ཀ༡」དང་། གཉིས་པ་ལ་「ཕྱི་ཀ༢」་སོགས་ནས་རིམ་གྱིས་བཀོད་ཡོད་པ་ལས། རིག་གསར་སྔོན་དུ་ཀ་རྟགས་ཅན་ལ་ག་ཚོད་ཡོད་ད་ལྟའི་ཆར་མི་ཤེས་ན་ཡང་། སྤྱི་ཚོགས་ཐོག་འབྲས་སྤུངས་དཔེ་འཁྱར་ཀ་རྟགས་ཅན་ལ་ཨང་ཀི་「ཕྱི་ཀ༩༥༥」ཅན་མཐོང་བ་ལྟར་ན། སྐབས་དེ་དུས་ཀ་རྟགས་ཅན་ལ་ཉུང་མཐར་ཡང་པོ་ཏི་དགུ་བརྒྱ་ལྔ་བཅུ་ང་ལྔ་ཡོད་པ་མཚོན་ཡོད། འོན་ཀྱང་ད་ཡོད་འབྲས་སྤུངས་ན་དུས་འཁོར་སྐོར་པོ་ཏི་༢༠༢ལས་མེད་པས་པོ་ཏི་༧༥༤་མེད་པར་གྱུར་ཡོད། དེ་བཞིན་དུ་ཁ་རྟགས་ཅན་ལ་ད་ཡོད་པོ་ཏི་༡༢༡ཡོད་ཀྱང་མང་མཐར་༢༠༣མཐོང་ཐོས་བྱུང་ཡོད། ག་རྟགས་ཅན་ལ་ད་ཡོད་པོ་ཏི་༡༡༤ཡོད་ཀྱང་མང་མཐར་༢༠༤མཐོང་ཐོས་བྱུང་བ་དང་། ཏ་རྟགས་ཅན་ལ་ད་ཡོད་ཚན་པ་གཅིག་ལས་མེད་རུང་དེའི་ཨང་གྲངས་「ཕྱི་ཏ༥༤༣」ཡིན་པ་ལྟར་ན་མ་མཐར་ཡང་པོད་༥༤༣ཡོད་ཚོད། ཐ་རྟགས་ཅན་ལ་ད་ཡོད་པོ་ཏི་༦༦ཡོད་ཀྱང་ཨང་གྲངས་མང་ཤོས་ལ་༧༠༤མཐོང་ཐོས་བྱུང་ཡོད། ད་རྟགས་ཅན་ད་ཡོད་པོ་ཏི་༤༣ལས་མེད་ཀྱང་ཨང་གྲངས་མང་ཤོས་ལ་༧༣་ཡོད་པ་དང་། པ་རྟགས་ཅན་ལ་ད་ཡོད་པོ་ཏི་༣༤ཡོད་ཀྱང་ཨང་གྲངས་མང་ཤོས་ལ་༡༡༦མཐོང་བ་དང་། ཕ་རྟགས་ཅན་ལ་ད་ཡོད་པོ་ཏི་༣་ལས་མེད་ཀྱང་ཨང་གྲངས་མང་ཤོས་ལ་༥༩མཐོང་ཡོད་པ། བ་རྟགས་ཅན་ལ་ད་ཡོད་པོ་ཏི་༦ལས་མེད་ཀྱང་ཨང་གྲངས་མང་ཤོས་ལ་༡༧མཐོང་བ་དང་། མ་རྟགས་ཅན་ལ་ད་ཡོད་པོ་ཏི་༥༥༤ཡོད་ཀྱང་ཨང་གྲངས་མང་ཤོས་ལ་༡༠༣༢ཡོད་པ་དང་། ཙ་རྟགས་ཅན་ལ་ད་ཡོད་པོ་ཏི་༥༦ལས་མེད་ཀྱང་ཨང་གྲངས་མང་ཤོས་ལ་༡༢༠མཐོང་བ་དང་། ཚ་རྟགས་ཅན་ལ་ད་ཡོད་པོ་ཏི་༨༡ལས་མེད་ཀྱང་ཨང་གྲངས་མང་ཤོས་ལ་༡༤༡མཐོང་བ་དང་། ཛ་རྟགས་ཅན་ལ་ད་ཡོད་པོ་ཏི་༣༠ལས་མེད་ཀྱང་ཨང་གྲངས་མང་ཤོས་ལ་༥༣མཐོང་ཡོད་པ། ཝ་རྟགས་ཅན་ལ་ད་ཡོད་པོ་ཏི་༢༨ལས་མེད་ཀྱང་ཨང་གྲངས་མང་ཤོས་ལ་༥༤མཐོང་བ་དང་། ཞ་རྟགས་ཅན་ད་ཡོད་པོ་ཏི་༢༨ལས་མེད་ཀྱང་ཨང་གྲངས་མང་ཤོས་ལ་༤༥མཐོང་ཡོད་པ། ཟ་རྟགས་ཅན་ད་ཡོད་པོ་ཏི་༣༧ལས་མེད་ཀྱང་ཨང་གྲངས་མང་ཤོས་ལ་༣༨༧་ཡོད་པ་དང་། འ་རྟགས་ཅན་ད་ཡོད་པོ་ཏི་༡༧ལས་མེད་ཀྱང་ཨང་གྲངས་མང་ཤོས་ལ་༢༥མཐོང་བ་དང་། ཡ་རྟགས་ཅན་ད་ཡོད་པོ་ཏི་༣ལས་མེད་ཀྱང་ཨང་གྲངས་མང་ཤོས་ལ་༥༦མཐོང་བྱུང་བ། ར་རྟགས་ཅན་ད་ཡོད་པོ་ཏི་༡༠༤ལས་མེད་ཀྱང་ཨང་གྲངས་མང་ཤོས་ལ་༢༠༠ཙམ་མཐོང་ཡོད་པ། ལ་རྟགས་ཅན་ལ་ད་ཡོད་པོ་ཏི་༢༣༧ཡོད་ཀྱང་ཨང་གྲངས་མང་ཤོས་ལ་༥༩༣་མཐོང་ཡོད་པ་དང་། ང་རྟགས་ཅན་དང་། ཅ་རྟགས་ཅན། ཆ་རྟགས་ཅན། ཇ་རྟགས་ཅན། ཉ་རྟགས་ཅན། ན་རྟགས་ཅན། ཤ་རྟགས་ཅན། ས་རྟགས་ཅན། ཧ་རྟགས་ཅན། ཨ་རྟགས་ཅན་རྣམས་ནི་ཆོས་ཚན་གཅིག་ཀྱང་མཐོང་ཐོས་མེད། ཡང་ཕྱི་བཱ་རྟགས་ཅན་ལ་ད་ཡོད་པོ་ཏི་༨ལས་མེད་ཀྱང་ཨང་གྲངས་མང་ཤོས་ལ་༢༨ཡོད་པ་དང་། ཕྱི་མཱ་རྟགས་ཅན་ལ་ད་ཡོད་པོ་ཏི་༣༢ལས་མེད་ཀྱང་ཨང་གྲངས་མང་ཤོས་ལ་༦༤མཐོང་བ་དང་། ཡང་ཕྱི་ཟཱ་རྟགས་ཅན་ལ་ད་ཡོད་པོ་ཏི་༡༤ལས་མེད་ཀྱང་ཨང་གྲངས་མང་ཤོས་ལ་༢༨མཐོང་བ་བཅས་ལ་གཞིག་ན། སྐབས་དེ་དུས་ཉུང་མཐར་ཡང་པོད་ཁྲི་བཞི་ནས་ལྔའི་བར་ཙམ་ཞིག་ཡོད་པ་ཚོད་དཔག་བྱས་པ་ཡིན། འོན་ཀྱང་འབྲས་སྤུངས་སུ་ད་ཡོད་པོ་ཏི་དྲུག་སྟོང་ལྷག་ཙམ་ཡོད་པ་དང་། སྔར་འབྲས་སྤུངས་ནས་དཔེ་མང་པོ་ཞིག་པེ་ཅིང་མི་རིགས་ཕོ་བྲང་དུ་དབོར་ཡོད་ཀྱང་། སྐབས་དེ་དུས་མར་དབོར་བའི་གྲངས་ཚད་ཞིབ་ཕྲ་ད་ལྟ་ཤེས་མི་ཐུབ། འོན་ཀྱང་ཕྱིས་སུ་པཎ་ཆེན་རིན་པོ་ཆེས་མི་རིགས་རིག་གནས་ཕོ་ཕྲང་ནས་བོད་དུ་ཡར་དབོར་བ་རྣམས་སྔར་འབྲས་སྤུངས་དཔེ་མཛོད་ནས་ཡིན་ངེས་པོད་དྲུག་སྟོང་ཡན་མན་ཙམ་ཞིག་ཡོད་པ་རྣམས། སྔར་གྱི་གནས་ཡུལ་འབྲས་སྤུངས་དཔེ་མཛོད་དུ་འཇོག་མ་ཐུབ་པར་སེ་འབྲས་དགེ་གསུམ་དང་། ཞ་ལུ་དགོན། བཀྲ་ཤིས་ལྷུན་པོ། ས་སྐྱ་དགོན་བཅས་ལ་པོད་ལྔ་བརྒྱ་རེ་དང་། ནོར་བུ་གླིང་ཁ་དང་། བོད་ལྗོངས་དཔེ་མཛོད་ཁང་གཉིས་ལ་པོད་ཆིག་སྟོང་ཡན་མན་དང་། བོད་ལྗོངས་དངོས་མང་གཤམས་སྟོན་ཁང་ལ་ཧ་ལམ་པོད་ཆིག་སྟོང་ལྔ་བརྒྱ་ཙམ་ཞིག་བཅས་བགོ་བཤའ་བརྒྱབ་ཡོད་པའི་གོ་ཐོས་བྱུང་། བགོ་བཤའ་རྒྱག་ཚུལ་ཡང་སྤྱིར་བཏང་གི་དངོས་པོ་བགོ་སྟངས་བྱས་པས་བླ་མའི་གསུང་འབུམ་ཐམས་ཅད་ཁ་འཐོར་དུ་གྱུར་པ་དང་། ལྷག་པར་དངོས་མང་བཤམས་མཛོད་ཁང་དུ་དཔེ་རྙིང་བྲིས་མ་དག་གཙོ་བོར་བགོས་པས་དཔེ་དཀོན་མང་པོ་ཞིག་ཡོད་རུང་། ད་ལྟ་རིག་དངོས་ཀྱི་གྲལ་དུ་བཞག་ནས་མི་སུས་ཀྱང་ལྟ་ཀློག་མི་ཐུབ་པར་གྱུར་པར་གོ་ཐོས་བྱུང་། གོང་གསལ་ལྟར་འབྲས་སྤུངས་གནས་བཅུ་ལྷ་ཁང་དུ་པོ་ཏི་དྲུག་སྟོང་ཙམ་དང་། མི་རིགས་རིག་གནས་ཕོ་བྲང་ནས་ཡར་དབོར་བ་སྤྱི་ཚོགས་ཐོག་ཁ་འཐོར་ཏེ་གནས་པ་བཅས་ཚང་མ་བསྡོམས་ན། འབྲས་སྤུངས་གནས་བཅུ་ལྷ་ཁང་ནས་ཡིན་ངེས་ཧ་ལམ་པོད་ཁྲི་གཅིག་དང་ཉིས་སྟོང་ཙམ་ཞིག་ད་ལྟ་བོད་ཡུལ་དུ་ཡོད་པ་རྗེས་སུ་དཔག་པ་ཡིན། ང་ཚོའི་རྗེས་དཔག་ལས་གྲུབ་དོན་ལྟར་ན་ད་དུང་པོད་ཁྲི་གསུམ་ནས་བཞིའི་བར་ཙམ་ཞིག་གར་སོང་ཆ་མེད་དུ་གྱུར་ཡོད།
འབྲས་སྤུངས་མི་དབང་ལྷ་ཁང་ཞེས་པའི་ནང་གི་རྒྱལ་བ་བྱམས་པའི་སྐུ་ཆེན་པོ་ཞིག་ཡོད་པ་དེ་ཕོ་ལྷ་མི་དབང་བསོད་ནམས་སྟོབས་རྒྱས་ཀྱིས་སྦྱིན་བདག་བྱས་ནས་བཞེངས་པས་མིང་ཡང་དེ་སྐད་དུ་ཐོགས་པར་གྲགས། གོང་ཞུས་ཀྱི་དཔེ་རྙིང་ཀོ་ཐུམ་ལ་ཐེལ་ཙེས་མནན་པ་དགེ་ལུགས་པའི་ལྟ་གྲུབ་དང་མི་མཐུན་པའི་གྲུབ་མཐའ་གཞན་གྱི་དཔེ་ཆ་བཙོན་དུ་བཅུག་པར་གྲགས་པ་དེ་ཚོ་ཡང་འདིར་བཞུགས་ཡོད། སྐབས་དེའི་དུས་ལྟ་ཀློག་བྱ་སྐབས་ང་ཚོའི་ཚོར་སྣང་ལ་དཔེ་དེ་རྣམས་སྔར་ནས་ལྷ་ཁང་དེ་རུ་ཡོད་པའི་རྣམ་པ་ཞིག་མི་འདུག་ཀྱང་འབྲེལ་ཡོད་ལ་བཀའ་འདྲི་ཞུས་ཀྱང་གསལ་པོ་ཤེས་མི་མ་རྙེད། ལྷ་ཁང་དེའི་ནང་གི་དཔེ་ཆ་མང་ཆེ་བ་བཀའ་བསྟན་བྲིས་མ་དང་གཡུང་ལོའི་བཀའ་འགྱུར་སྤར་མ་སོགས་རེད་འདུག་ལ། ཀོ་ཐུམ་ཅན་གྱི་དཔེ་ཆ་དེ་ཚོ་ནི་སྒང་དུ་བཞུགས་པ་ཉུང་ཤས་ཞིག་སྟེ་པོད་བརྒྱ་དང་དགུ་བཅུ་ཙམ་ཞིག་རེད། དཔེ་ཆ་དེ་རྣམས་ནི་ཀོ་བ་མཉེས་མ་ལ་ཚོས་དམར་པོ་བཏང་བ་ཀོ་འབྲུམ་ལ་ཆུ་རྩིའི་ཀོ་བ་ནང་བཞིན་སྤུས་ལེགས་ཀྱི་ཁུག་མ། པོད་རེ་ཤོང་བར་ཚད་ལྡན་བཟོས་པ་ལ་ཟུར་གྱི་སྲུབ་རྣམས་དང་ཁ་ཤན་སོགས་སུ་ཀོ་བ་སྔོན་པོའི་མཛེས་རྒྱན་སྤྲས་པ་ཞིག་ལ། སྒྲོག་ཆར་གསུམ་རེ་རག་ལས་བཟོས་པ་སྤུས་ལེགས་ཀྱིས་ཁ་སྒྲོག་པའི་ཐོག ཀོ་བ་མཉེས་མའི་རྒྱུན་བུ་སྤུས་ལེགས་གཉིས་ཀྱིས་མདུད་པ་དམ་པོར་གདམས་པའི་སྟེང་ལ་ཆའི་ཐེལ་ཙེའི་དམ་སྦྱར་བྱས་པ་ཞིག་ཡིན་པ་ལས་ཀོ་གྱོང་ཞིག་གིས་ཐུམ་བརྒྱབ་པ་ནི་རྩ་ནས་མིན། དམ་སྦྱར་ཐོག་གི་ཐེལ་ཙེ་ནི་མི་འདྲ་བ་ལྔ་ཙམ་ཞིག་འདུག་ལ། ནང་གི་དཔེ་ཆ་རྣམས་ལ་དཔེ་རས་ཕྱི་ནང་གཉིས་རེ་དང་། དེའི་ཕྱི་ནས་ཁ་བཏགས་སྤུས་ལེགས་གཉིས་ནས་གསུམ་བར་གྱིས་བསྒྲིལ་ཏེ་ཤིན་ཏུ་རྩ་ཆེན་གྱི་རྣམ་པ་ལྟ་བུ་ཞིག་ཏུ་འདུག་པ་ལ། ང་ཚོའི་ཞིབ་ཕྲ་ནང་དོན་ལ་ལྟ་ཀློག་བྱ་སྐབས་བསྟན་འགྱུར་བྲིས་མ་ཞིག་ཡིན་པ་ཤེས་རྟོགས་བྱུང་ལ།
དེའི་སྔོན་ཙམ་ལ་གནས་བཅུ་ལྷ་ཁང་དཔེ་རྙིང་གྲས་ནས་ཚལ་པ་སྨོན་ལམ་རྡོ་རྗེས་བཞེངས་པའི་བསྟན་འགྱུར་གྱི་དཀར་ཆག་སྣ་ཚོགས་ནོར་བུའི་ཕུང་པོ་ཞེས་པ། དཀར་ཆག་ཕྱི་ལ་༣༧༡་རྟགས་ཅན་ཅིག་རྙེད་སོན་བྱུང་བ་དང་བསྟུན་ཐུབ་པ་བྱུང་ནས།
བཙོན་པར་སྒྲོ་བཏགས་པའི་དམ་སྦྱར་ཅན་གྱི་དཔེ་ཆ་དེ་ཚོ་ནི་གྲུབ་མཐའ་རིས་ཆད་པ་གང་གི་ཡང་མ་ཡིན་པར། ཚལ་པ་དྲུང་ཆེན་སྨོན་ལམ་རྡོ་རྗེས་སྤྱི་ལོ་༡༢༡༧ལོ་ནས་༡༣༢༣ལོ་བར་བཞེངས་པའི་བསྟན་འགྱུར་གླེགས་བམ་ཉིས་བརྒྱ་བཞི་བཅུ་ཅན་དེ་རེད་འདུག་ལ། བསྟན་འགྱུར་གྱི་དཔེ་དེ་དམ་སྦྱར་བྱ་དགོས་དོན་ཞིབ་ཕྲའི་ལོ་རྒྱུས་མ་ཤེས་རུང་། རྩ་ཆེན་གྱི་རྣམ་པའི་ཐོག་ནས་དམ་སྦྱར་བྱས་པ་ཞིག་ཏུ་མཐོང་ཐུབ། བསྟན་འགྱུར་འདི་བཞེངས་པའི་དུས་ཚོད་ལ་མཚོན་ན་བཅོམ་ལྡན་རིག་རལ་གྱིས་སྣར་ཐང་བསྟན་འགྱུར་བསྒྲིགས་ནས་ལོ་ལྔ་ཙམ་གྱི་རྗེས་སུ་བཞེངས་པའི་དཔེ་དཀོན་ཡིན་པ་དང་། ནང་དོན་གྱི་ཆ་ནས་བསྟན་འགྱུར་གྱི་མ་དཔེ་གཞན་པ་རྣམས་སུ་མེད་པ། དཔེར་ན་རྩ་མི་ལོ་ཙྭ་བའི་སྒྱུར་རྩོམ་དུས་འཁོར་གླེགས་བམ་གཉིས་དང་། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་སྤྱི་དོན་དང་བཅས་པ་སོགས་དཔེ་དཀོན་མང་ཡང་། ད་ལྟའི་ཆར་དཀར་ཆག་ཐོག་ནས་ཞིབ་འཇུག་དང་ཆ་འཕྲིན་སྤེལ་བ་འགའ་ཤས་ཡོད་པ་ཙམ་ལས། ནང་དོན་ལ་མ་དཔེ་གཞན་དང་གཤིབ་བསྡུར་གྱིས་ཞིབ་འཇུག་བྱ་མི་ཡོད་པ་གོ་ཐོས་མ་བྱུང་ལ། བསྟན་འགྱུར་གྱི་དཔེ་འདི་ལ་དམིགས་བསལ་ཞིག་ཡོད་པ་ནི་བཤད་མ་དགོས་པ་རེད།
གཞན་ཡང་བཀའ་བསྟན་གྲས་ནས་ལོ་རྒྱུས་རང་བཞིན་གྱི་དཔེ་རྙིང་རྩ་ཆེན་གཉིས་པ་ཞིག་རྙེད་པ་ནི། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སྤྱི་ལོ་༧༩༧ནས་༨༡༥བར་སྲིད་སྐྱོང་གནང་སྐབས་བཞེངས་པའི་བླ་འབུམ་གྱི་དཔེ་ཆ་དེ་རེད། དེ་ཡང་བླ་འབུམ་པོད་ཁ་པ་ལ་ལྡེབ་༥༧༤དང་ག་པ་ལ་ལྡེབ་༦༡༤ཡོད་པའི་དབུ་ཤོག་ཏུ་འདི་ལྟར་གསལ།
༄༅།། དཔལ་ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ཐུགས་དམ་གླེགས་བམ་བཞི་པ་འདི། སྐར་ཆུང་གཙུག་ལག་ཁང་མེས་ཚིག་པ་ཐལ་བའི་གསེབ་ནས་མ་ཚིག་པར་བྱོན་པ་ལགས་བྱིན་གྱི་རླབས་ཤིན་ཏུ་ཆེ་བ་ཡིན་ནོ་། སླད་ནས་ལྡིང་གི་དགོན་པར་དཔེའ་དག་པ་གཅིག་ལ་གཏུགས་ནས་སུམ་ཐུག་གཅིག་དང་ལན་གཉིས་བྱས་། ཡི་གེའི་སྡེབས་ནི་བཅོས་པ་མ་གྲུབ། འགྱུར་ནི་རེག་གཟིགས་ལགས་གཟབ་པར་ཞུ། །
ཨེ་མའོ་། རྒྱལ་བའི་ཐུགས་དམ་འབུམ་པོ་ཆེ། འདི་ཀ་སྒྲོག་པའི་མཆོད་གནས་པ་རྣམས་ཀྱིས་གཟབ་པར་ཞུ། གོ་ཞིང་ཆེ་བ་དང་དྲི་མས་ཟོས་པ་དེ་ལྷག་པར་སྙི་བར་གདའ་བས་ཟུར་ནས་བཟུང་ལ། ཕྱག་གཉི་གས་བསྒྱུར་བར་ཞུ། བམ་པོའི་ཁྲིད་དེ་མ་བྱས་ན་ལེགས། འདི་ཀུན་ལ་གཅེས་པ་ལགས་སོ། ཅེས་འཁོད་ཡོད།
ཚལ་པའི་བསྟན་འགྱུར་དང་བླ་འབུམ་གཉིས་ལས་གཞན་པའི་དཔེ་དཀོན་རྣམས་གནས་བཅུ་ལྷ་ཁང་དུ་བཞུགས་ཡོད། དེ་ཡང་སྤྱི་ཚོགས་ཐོག་མཐོང་དཀོན་པའི་དཔེ་དཀོན་ལ་མཚོན་ན་བཀའ་གདམས་རྙིང་མའི་གསུང་འབུམ་ཕྱོགས་བསྒྲིགས་པོད་བརྒྱ་དང་ཉི་ཤུ་ཡོད་པའི་བརྒྱ་ཆ་བརྒྱད་ཅུ་གནས་བཅུ་ལྷ་ཁང་ནས་ཡིན་པ་དང་། ཇོ་ནང་བླ་མའི་གསུང་འབུམ་ཕྱོགས་བསྒྲིགས་ལ་པོད་བརྒྱ་ལྷག་ཡོད་པའི་བརྒྱ་ཆ་བདུན་ཅུ་ཙམ་དང་། ཀརྨ་བཀའ་བརྒྱུད་ཀྱི་གསུང་འབུམ་ཕྱོགས་བསྒྲིགས་ལ་པོད་བཞི་བརྒྱ་ལྷག་ཡོད་པའི་བརྒྱ་ཆ་དྲུག་ཅུ་ཙམ། དུས་འཁོར་ཕྱོགས་བསྒྲིགས་ལ་པོད་བརྒྱ་དང་ལྔ་བཅུ་ལྷག་ཡོད་པའི་བརྒྱ་ཆ་བདུན་ཅུ་ཙམ། གཞན་ཡང་སྟག་ཚང་ལོ་ཙཱ་བའི་གསུང་འབུམ་ཕལ་ཆེ་བ། རྔོག་པ་བཀའ་བརྒྱུད་ཀྱི་གསུང་ཡོངས་རྫོགས། ངོར་པའི་གསུང་ཕྱོགས་བསྒྲིགས་ཀྱི་བརྒྱ་ཆ་དྲུག་ཅུ་ཙམ། ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་ལ་པོད་ལྔ་བརྒྱ་ལྷག་ཡོང་འཆར་གྱི་བརྒྱ་ཆ་བཞི་ཅུ་ཙམ་བཅས་གནས་བཅུ་ལྷ་ཁང་ནས་ཡིན།
སྤྱི་ཚོགས་ཐོག་གི་ལབ་གླེང་ལྟར་ན་ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་དང་ཀརྨ་པའི་གདན་ས་ཀོང་པོ་རྩེ་ལྷ་སྒང་གི་དཔེ་ཆ་རྣམས་རྒྱལ་དབང་ལྔ་པས་ཀོ་ཐུམ་བརྒྱབ་ནས་བཙོན་དུ་བཅུག་པའི་ཤོད་སྲོལ་ལྟར་ན། ཀོ་ཐུམ་ཐེལ་ཙེས་དམ་སྦྱར་ཅན་གྱི་དཔེ་ཆ་རུ་གྲགས་པ་ནི་གོང་གསལ་ཚལ་པའི་བསྟན་འགྱུར་ལས་གཞན་པ་ཞིག་མཐོང་ཐོས་མ་བྱུང་ན་ཡང་། ང་ཚོའི་མ་མཐོང་བ་ཙམ་གྱིས་མེད་པས་མ་ཁྱབ་པར་བསམ་ན་ད་དུང་ཆེས་མངོན་གསལ་དོད་པ་ཞིག་ལ། ཇོ་ནང་དོལ་པོ་པ་དང་ཏ་ར་ཐ་སོགས་ཀྱི་གསུང་འབུམ་དང་། ཀརྨ་བཀའ་བརྒྱུད་ཀྱི་བླ་མའི་གསུང་འབུམ་རྣམས་དཔེ་དཀོན་གཞན་དང་འདྲ་བར་ཉར་སའི་དཔེ་མཛོད་གནས་བཅུ་ལྷ་ཁང་གཅིག་ཡིན་པ་མ་ཟད། དཀར་ཆག་ཨང་གྲངས་གཅིག་པ། སྡེ་ཚན་དབྱེ་བ་གཅིག་པ། བཞུགས་སའི་དཔེ་སྒྲོམ་གཅིག་པ་ཡིན་པ་དང་། ད་དུང་ཇོ་ནང་པའི་དཔེ་དཀོན་དེ་ཚོ་ལ་དམིགས་ཀྱིས་དཔེ་རས་བཟང་གོས་ཉིས་བརྩེགས་ཅན་མང་བ་དང་། གླེགས་ཤིང་དང་གླེགས་ཐག་ཆབ་འགོ་སོགས་སྤུས་དག་ཅན་མང་བ་ནང་བཞིན་དཔེ་དཀོན་གཞན་པ་ལ་དེ་འདྲ་མེད་པ་ནི་ང་ཚོ་ལས་མི་ཉི་ཤུ་ལྷག་གི་མངོན་སུམ་མིག་གིས་མཐོང་ཞིང་། དཀར་ཆག་ལ་བཀོད་ནས་སྲུང་སྐྱོབ་ཞུས་པ་དང་འབྲེལ་མྱུར་སྐྱོབ་ཀྱིས་སྤར་སྐྲུན་ཡང་ཞུས་ཡོད།
སྔར་ནས་འཁྱལ་གཏམ་འདིའི་སྐོར་ངོ་ཤེས་པ་གཅིག་ལ་གསལ་བཤད་བྱས་སྐབས་དངོས་དོན་སྐད་ཆ་ཉན་འདོད་མེད་པ་མ་ཟད། ད་དུང་ཁྱོད་རང་ལྔ་པ་ཆེན་པོར་ཕྱོགས་ཞེན་ཡོད་པའི་དབང་གིས་དེ་འདྲ་ཤོད་ཀྱི་ཡོད་རེད་མ་གཏོགས་སྤྱི་ཚོགས་ཐོག་འདི་དངོས་སུ་བྱུང་བ་ཞིག་རེད་ཅེས་ལབ་བྱུང་། ཡང་དུ་ང་མི་གཅིག་པུ་མ་ཡིན་པར་སྤྱི་ཚོགས་ཐོག་གི་ཤེས་ཡོན་ཅན་དང་འབྲས་སྤུངས་དགོན་པའི་སྐུ་ཞབས་སོགས་མང་པོའི་མཉམ་དུ་མཐོང་ཚུལ་ནན་ཏན་གྱིས་གསལ་བཤད་བྱས་པར། ཁྱོད་རང་ཚོ་ཚང་མ་དོར་མ་གཅིག་གི་ནང་དུ་རྐང་པ་རྒྱུད་མི་རེད་ཟེར་ནས། དངོས་བདེན་གྱི་དཔང་རྟགས་ཡོད་མེད་ཙམ་ལ་ཡང་སྣང་འཇོག་མི་ཤེས་པ་ལ་བསམ་ནས་བློ་ཕམ་བྱུང་བ་མ་ཟད། མངོན་སུམ་རྟགས་ཀྱིས་བདེན་པས་ངོ་སྤྲད་ཀྱང་། །ངམ་གནག་བཞིན་གྱི་གཉེར་མ་མི་སངས་པ། །མདོར་ན་ཕྲག་དོག་ཅན་གྱི་སྐྱེ་བོ་དེའི། །དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད། །ཅེས་པའི་ལེགས་བཤད་ཀྱང་ཡིད་ལ་འཁོར་བྱུང་།
གཞན་ཡང་འབྲས་སྤུངས་དགའ་ལྡན་ཕོ་བྲང་དང་། རྒྱལ་བའི་གཟིམ་ཆུང་། ལམ་རིམ་རིན་པོ་ཆེའི་ཕྱག་དཔེ། ཚོགས་ཆེན་འདུ་ཁང་སྦུག་གི་གཙང་ཁང་། བློ་གསལ་གླིང་། སྒོ་མང་གྲྭ་ཚང་། བདེ་ཡངས་གྲྭ་ཚང་བཅས་པའི་དཔེ་རྙིང་སྲུང་སྐྱོབ་ཀྱི་སྐོར་ནི་གཞན་ལས་ཤེས་ནུས་པས། ད་ལམ་དུས་ཚོད་ཀྱི་དབང་གིས་ཞིབ་ཕྲ་ཞུ་རྒྱུ་མིན།
མདོར་བསྡུས་ཏེ་ཞུས་ན། ངའི་ལས་རོགས་སྤྱི་ཚོགས་ཐོག་གི་ཤེས་ཡོན་ཅན་སྔ་ཕྱི་མི་བཅུ་གཅིག་ཙམ་དང་འབྲས་སྤུངས་དགོན་པའི་སྐུ་ཞབས་བདུན། འགན་འཛིན་སྐུ་ཞབས་བླ་མ་ལགས་དང་ཆོས་འཛིན་ལགས་སོགས་མི་ཉི་ཤུ་ཙམ་གྱི་ལས་ཀའི་བརྒྱུད་རིམ་ནང་། ཚལ་པའི་བསྟན་འགྱུར་ལས་གཞན་པའི་ཀོ་ཐུམ་དམ་སྦྱར་མ་ནི་ཅིག་ཀྱང་མཐོང་ཐོས་མ་བྱུང་ལ། དཔེ་དཀོན་བཙོན་བཅུགས་ཀྱི་རྣམ་པ་ནི་དེ་བས་ཀྱང་མཐོང་མ་སོང་བ་དངོས་དོན་ཡིན་ནའང་། རིག་གསར་སྔོན་གྱི་འབྲས་སྤུངས་དཔེ་མཛོད་ཀྱི་གནས་སྟངས་གང་འདྲ་ཡིན་མིན་དང་། གནས་བཅུ་ལྷ་ཁང་གི་དཔེ་ཆ་དེ་ཚོ་ཤོད་སྲོལ་ལྟར་ན་ཇོ་ནང་རྟག་བརྟན་དམ་ཆོས་གླིང་དང་། ཀོང་པོ་རྩེ་ལྷ་སྒང་། ཕག་གྲུའི་གདན་ས་སྣེ་གདོང་རྩེ་སོགས་ས་ཁུལ་མང་པོ་ནས་གདན་འདྲེན་ཞུས་པའི་ཤོད་སྲོལ་ལྟར་ན། སྐབས་དེའི་དུས་སུ་ཞི་དྲག་གི་རྣམ་པ་ཅི་འདྲ་ཞིག་བྱུང་བ་དང་། འབྲས་སྤུངས་དཔེ་མཛོད་ཁང་འཛུགས་པའི་དུས་ཚོད་དགའ་ལྡན་ཕོ་བྲང་དབུ་བརྙེས་རྗེས་ཡིན་ནའང་ཞིབ་ཕྲའི་དུས་ཚོད་ནམ་ཡིན་དང་། དཀར་ཆག་འདི་འདྲ་ཞིག་གཙོ་འགན་པ་སུ་ཞིག་གིས་བསྒྲིགས་པ། རྗེས་ནས་རིག་གསར་གྱིས་གཏོར་སྐྱོན་ཅི་འདྲ་ཐེབས་པ། རིག་གསར་མ་བྱུང་སྔོན་གྱི་དཔེ་མཛོད་དོ་དམ་ཅི་འདྲ་ཡིན་པ་སོགས་ལྐོག་གྱུར་གྱི་་གནད་དོན་མང་བ་དང་། ལྷག་པར་དུ་རིག་གསར་མ་བྱུང་སྔོན་ལ་དགའ་ལྡན་ཕོ་བྲང་ནང་དུ་རྒྱ་དཔེ་པོ་ཏི་བརྒྱ་དང་ཉི་ཤུ་ཡོད་པ། ད་ལྟ་པོ་ཏི་བཅུ་དྲུག་ཙམ་ལས་མེད་པ། སྔར་རྒྱ་དཔེ་འཇོག་སའི་དཔེ་སྒྲོམ་ལྕགས་ཤན་མ་དེ་དགའ་ལྡན་ཕོ་བྲང་ནང་དུ་ད་ལྟའང་ཡོད་པ་མ་ཟད། ར་ཧུ་ལ་དང་དགེ་འདུན་ཆོས་འཕེལ་གཉིས་ཀྱིས་རྒྱ་དཔེ་འཚོལ་སྐབས། དགའ་ལྡན་ཕོ་བྲང་དུ་རྒྱ་དཔེ་དེ་ཚོ་ཡོད་ཚུལ་ཙམ་ཡང་མ་ཤེས་པ་སོགས་ཤེས་དགོས་པའི་གནད་དོན་མང་དག་ཅིག་ལ། དངོས་དོན་བདེན་འཚོལ་གྱིས་ཞིག་འཇུག་བྱ་བའི་མོས་པ་ཡོད་མི་འདྲ་ཡོད་ན་ཞིབ་འཇུག་གི་རིན་ཐང་ཆེན་པོ་ཡོད་པར་སེམས།
ད་ལམ་གསལ་བཤད་འདི་ནི་རྒྱ་ཆེའི་ཤེས་རབ་དོན་གཉེར་བ་རྣམས་གཏམ་འཁྱར་ལ་ཅལ་འདྲོགས་མི་བྱ་བའི་ཆེད་དཔྱད་གཞི་ཙམ་དུ་ཕུལ་བ་ལས། དམིགས་ཡུལ་ཡོད་པ་རྣམས་ལ་ནི་གསལ་བཤད་ག་ཚོད་བྱས་རུང་ཕན་ཐོགས་མེད་པ་ཤེས་ཤིང་། ང་ཚོ་ལ་ལྐོག་གྱུར་ཤེས་པའི་མངོན་ཤེས་ནི་མེད་ཅིང་སྒྲོ་འདོགས་ཀྱིས་འུད་ལབ་རྒྱག་པའི་བློ་ཁོག་ནི་དེ་བས་ཀྱང་མེད། དེས་ན་མཐོང་ཐོས་མྱོང་བའི་དངོས་འབྲས་ནི་དེ་ཙམ་ཞིག་ཡིན། ལྷག་དོན་གུས་པ་རང་ལ་མཚོན་ན་སྔོན་མར་ལས་ཀ་བྱས་པའི་བརྒྱུད་རིམ་གྱི་མྱོང་བ་ཞིག་ཡོད་པ་ཙམ་ལས། འདིའི་སྐོར་ལ་ཞིབ་འཇུག་དང་ལབ་གླེང་བྱེད་པའི་དུས་ཚོད་མེད་པའི་རྐྱེན་གྱིས་མདོར་བསྡུས་ཙམ་ཞིག་ལས་ཀའི་བྲེལ་ཟིང་ཆེས་ཆེ་བའི་ཞོར་དུ་ཕུལ་བའོ། །
མཁས་པ་རང་གིས་དཔྱོད་ཤེས་ཀྱི། །
བླུན་པོ་གྲགས་པའི་རྗེས་སུ་འབྲང་། །
ཁྱི་རྒན་ཀུ་ཅོ་འདོན་པ་ལ། །
རྒྱུ་མཚན་མེད་པར་གཞན་དག་རྒྱུག །
ཅེས་པའང་དྲན་པར་རིགས་སོ། །
སྤྱི་ལོ་༢༠༡༩ལོའི་ཟླ༥ཚེས༣དགོང་མོའི་མཚན་ཐུན་ལ་ཀརྨ་བདེ་ལེགས་ཀྱིས་ཕུལ་བའོ།།
ས་སྐྱ་དང་དབུས་གཙང་གི་དགོན་སྡེ་ཁག་དང་སྐུ་འབུམ་བླ་བྲང་པེ་ཅིན་མི་རིགས་དཔེ་མཛོད་སོགས་ཀྱི་བོད་པའི་དཔེ་ཆ་ཆ་ཚང་གི་དཀར་ཆག་ཞིག་སྒྲིག་ཐུབ་ཡོད་ན་ཅི་མ་རུང་།
སྐུ་ལས་ཡག་པོ་གནང་འདུག་པསབོད་བསྟན་སྲིད་སྤྱི་ལ་ཕན་པའི་ཞབས་འདེགས་ལ་ངོས་འཛིན་ཡོད། བཀྲིས་བདེ་ལེགས་ཞུ་ཡག་ཡིན།
ད་རེས་བདེན་པར་གསལ་བཤད་ཁུངས་དང་ལྡན་པ་གནང་འདུག་པས་ཐུགས་རྗེ་ཆེ།
སྔོན་མ་ཀླུ་སྨྱོན་གྱིས་རྒྱལ་དབང་ལྔ་པས་པོ་ཏ་ལ་དང་འབྲས་སྤུངས་ལ་ཁོང་གི་ལྟ་བ་དང་མི་མཐུན་པའི་མཁས་དབང་ཁག་གི་གསུང་ཀོ་གཏུམ་བརྒྱས་ནས་སྦས་ཡོད་གསུངས་སོང་།
ཀླུ་སྨྱོན་མཆོག་ལ་དེའི་ཁུངས་ཇི་ཡོད་གསལ་བཤད་ཅིག་གནང་རོགས་ཞུ། གཏན་གཏན་ཀླུ་སྨྱོན་ལ་ཡང་ཁུངས་ཅིག་ཡོད་སྲིད། ཁོང་གི་རྒྱུན་པར་གཏན་ལ་ཁུངས་དང་མི་ལ་མགོ་དགོས་གསུངས་པ་དྲན།
འདི་དག་ཕྱོགས་གཅིག་མཐོང་བའི་སྐད་ཆ་རེད། རྒྱལ་བ་ལྔ་བས་དགག་ཕྱོགས་ཀྱི་གསུང་རབས་མང་པོ་བཙོན་འཇུག་བྱས་ཡོད་པའི་ཁུངས་ལྡན་ཡིག་ཆ་ག་ཚོད་དགོས་ན་ང་ལ་ཤོད་རྒྱུ་ཡོད། དེ་རིང་ཁོམ་གི་མེད། ནམ་ཁོམ་ཞིག་ལ་བྲིས་ནས་བསྟན་ཡོང་ལོ།
་་་་་་་་་་་་་་་ གོང་གསལ་ལྟར་འབྲས་སྤུངས་གནས་བཅུ་ལྷ་ཁང་དུ་པོ་ཏི་དྲུག་སྟོང་ཙམ་དང་། མི་རིགས་རིག་གནས་ཕོ་བྲང་ནས་ཡར་དབོར་བ་སྤྱི་ཚོགས་ཐོག་ཁ་འཐོར་ཏེ་གནས་པ་བཅས་ཚང་མ་བསྡོམས་ན། འབྲས་སྤུངས་གནས་བཅུ་ལྷ་ཁང་ནས་ཡིན་ངེས་ཧ་ལམ་པོད་ཁྲི་གཅིག་དང་ཉིས་སྟོང་ཙམ་ཞིག་ད་ལྟ་བོད་ཡུལ་དུ་ཡོད་པ་རྗེས་སུ་དཔག་པ་ཡིན། ང་ཚོའི་རྗེས་དཔག་ལས་གྲུབ་དོན་ལྟར་ན་ད་དུང་པོད་ཁྲི་གསུམ་ནས་བཞིའི་བར་ཙམ་ཞིག་གར་སོང་ཆ་མེད་དུ་གྱུར་ཡོད། ་་་་་་་་་་་་་་་
་་་་་་་་་་་་་་་་ སྔར་རྒྱ་དཔེ་འཇོག་སའི་དཔེ་སྒྲོམ་ལྕགས་ཤན་མ་དེ་དགའ་ལྡན་ཕོ་བྲང་ནང་དུ་ད་ལྟའང་ཡོད་པ་མ་ཟད། ར་ཧུ་ལ་དང་དགེ་འདུན་ཆོས་འཕེལ་གཉིས་ཀྱིས་རྒྱ་དཔེ་འཚོལ་སྐབས། དགའ་ལྡན་ཕོ་བྲང་དུ་རྒྱ་དཔེ་དེ་ཚོ་ཡོད་ཚུལ་ཙམ་ཡང་མ་ཤེས་པ་སོགས་ཤེས་དགོས་པའི་གནད་དོན་མང་དག་ཅིག་ལ། དངོས་དོན་བདེན་འཚོལ་གྱིས་ཞིག་འཇུག་བྱ་བའི་མོས་པ་ཡོད་མི་འདྲ་ཡོད་ན་ཞིབ་འཇུག་གི་རིན་ཐང་ཆེན་པོ་ཡོད་པར་སེམས། ་་་་་་་་་་་་་་་་
བེ་རི་རིག་པའི་རྡོ་རྗེ། སྒུག་ཡོད་དོ།། ཤོད་ཅིག བཤད་རྒྱུ་མེད་ན་ལོ་རྒྱུས་ཐོག་གི་དཀྲོག་གཏམ་ལ་ངོས་ཟུངས།
ལྷག་པ་ལགས། སྐྱོ་སྐྱོ་མ་གནང་བར་ཅུང་སྒུག་དང་། དུང་དུང་གླན་ཡོང་། ཉིན་འདི་དག་གི་རིང་འགྲུལ་བཞུད་ཐུང་ཐུང་ཞིག་གི་དབང་གིས་ཁོམ་གི་མེད།
ཕྱིར་ནང་དུ་ནམ་སླེབས་ན་བྲིས་ཡོང་།