རོང་པོ་བློ་བཟང་རིན་ཆེན།
ཨ་ཕའི་གདོང་གི་གཉེར་རིས་དང་། ཨ་མའི་སྐྲ་འདབ་དཀར་པོ་དེ་འཕྲིན་ལམ་ནས་མཐོང་སྐབས། ངའི་སྙིང་ལ་ཁབ་ཀྱིས་བཙུགས་པ་ལྟ་བུའི་ཚ་གཟེར་རྒྱུགས་པ་ཉུང་ཉུང་ག་ལ་ཡིན། ཁོ་ཚོས་རང་གི་བུ་ཕྲུག་གིས་སློབ་སྦྱོང་བཟང་པོ་ཞིག་བྱེད་བཞིན་ཡོད་སྙམ་ནས་བདག་ལ་རེ་བས་གཟིགས་ཡོད་ནའང་། ངས་ནི་རྣམ་གཡེང་དང་སྒྱིད་ལུག གཉིད་སོགས་གྲོགས་སུ་བརྟེན་ཏེ་ཁོང་ཚོའི་རེ་བ་དང་ངའི་ལག་ལེན་རྒྱབ་འགལ་དུ་གྱུར་བར་སེམས་དུས། བཟོད་མི་ཐུབ་པའི་ཚོར་འདུ་རེས་ངའི་ལུས་སེམས་ཡོངས་རྫོགས་ན་ཟུག་གིས་ཁྱབ་པར་བྱས། རེད་དེ་ཚོར་འདུ་ནི་ཚོར་འདུ་རང་རེད། ཉིན་ཤས་ལ་ཧ་ཅང་སྦྱོང་འདོད་ཀྱིས་བརྩོན་པ་བསྟེན་ཞིང་། རིང་པོར་མི་ཐོགས་པར་ཚོར་འདུ་ཉམས་ཏེ་སྔར་བཞིན་སྒྱིག་ལུག་གི་ཕྱོགས་སུ་བསྐྱོད་པ་ནི་བདག་གི་གཤིས་ངན་གྱི་ཆ་ཞིག་གོ ། གང་ལྟར་སྨྲེ་ངག་བཏོན་པས་ཡོད་ཚད་འགྲིག་འགྲོ་བ་ཞིག་མིན་པས། སྨྲེ་ངག་འདོན་མཚམས་བཞག་སྟེ་<<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་>>གྱི་<<རྒྱལ་པོ། ལྷ་ཁང་། ཆོས་དཔོན།>>ཞེས་པའི་ཚན་པ་འདི་བཀླགས་ཁུལ་བྱས།
ཚན་པ་སྔོན་མའི་ནང་ནས་གྲལ་རིམ་ཁག་ལྔ་རུ་ཕྱེས་ཡོད་པ་གསལ་པོར་ཆགས་ཡོད། དེ་དག་ལས་ཆེས་གཞི་རྒྱ་ཆེ་བའི་གྲལ་རིམ་ནི་ཞིང་པ་དང་ངལ་རྩོལ་བ་རེད། ཞིང་པ་དག་གིས་ས་ཞིང་རྨོས་ནས་ལུད་བླུགས་ཏེ་ལོ་ཐོག་སྐྱེ་འཕེལ་བྱུང་བཅུག་པ་རེད། ཁོ་ཚོས་ལས་ཀ་འདི་མ་བསྒྲུབ་ཚེ་འཇིག་རྟེན་ཁ་ཟས་ཀྱིས་སྟོང་བའམ། ཧ་ཅང་དཀོན་པོར་གྱུར་ཏེ་ལྟོགས་ཤི་ཐེབས་པ་གདོན་མི་ཟ། དེ་བཞིན་ངལ་རྩོལ་བ་དག་གིས་ཀྱང་གྲོང་ཁྱེར་དང་གྲོང་རྡལ། ཐ་ན་ཡ་ང་བའི་མྱ་ངན་གྱི་བྱེ་ཐང་སོགས་སུ་འབད་བརྩོན་གྱིས་ལས་ཀ་གཉེར་ནས་ས་སྒང་འདིར་གལ་ཆེན་གྱི་བྱ་བ་བསྒྲུབས་པ་གྲངས་ལས་འདས། དེའི་ཕྱིར། ཞིང་པ་དང་ངལ་རྩོལ་བ་ནི་ང་ཚོའི་འཚོ་བ་དང་ཁ་བྲལ་ཐབས་མེད་པའི་གྲལ་རིམ་གཞི་རྒྱ་ཆེ་ཤོས་དང་། གལ་ཆེ་ཤོས་སུ་གྱུར་བ་རེད། ཁོ་ཚོས་རྒྱུན་དུ་དཀའ་སྡུག་ཚད་མེད་མྱངས་ཏེ་ངལ་རྩོལ་བྱས་ནའང་། ཁོང་ཚོར་དེ་དང་མཐུན་པའི་ཡོང་འབབ་ཧ་ཅང་ཉུང་ཉུང་རེད། ཁོ་ཚོས་དཀའ་སྡུག་ཚད་མེད་ལས་བྱུང་བའི་དངོས་པོ་དེ་དག་གཞན་ལག་ཏུ་ཤོར་འགྲོ་ཞིང་། ལྷག་པར་རྒྱལ་པོ་དང་སྐུ་དྲག་གི་རིགས་གཏོགས་ལ་ཤོར་ནས་ཡོང་འབབ་ཉུང་ངུ་ལས་མེད། གནའ་སྔ་མོའི་རུས་རྒྱུད་ཚོ་པའི་སྐབས་སུ། ས་ཆ་ཡོངས་རྫོགས་རུས་རྒྱུད་ཚོ་པ་སྤྱི་ལ་དབང་བ་ལས་མི་གཅིག་ལ་སྒེར་དབང་དུ་ཐོབ་མི་སྲིད་པ་ལྟ་བུ་རེད། འོན་ཏང་རྒྱལ་པོའི་གྲལ་རིམ་གྱི་ནུས་པ་འཕེལ་རྒྱས་བྱུང་བ་ནས་བཟུང་། ས་ཆ་ཡོངས་རྫོགས་ཁོ་ཚོས་བདག་ཁུལ་བྱས་ཤིང་། ས་ཆ་དེའི་སྟེང་དུ་ངལ་རྩོལ་གྱི་རྔུལ་ཆུ་ལྷུག་ལྷུག་བཞུར་བའི་ཞིང་པ་དང་། ངལ་རྩོལ་པ་རྣམས་རིམ་བཞིན་ཁོ་ཚོའི་བྲན་གཡོག་ཏུ་གྱུར་ནས། ཞིང་པ་དང་ངལ་རྩོལ་་རྣམས་ཀྱིས་དཀའ་སྡུག་ཁྲི་འབུམ་མྱངས་པ་ལས་བྱུང་ལོ་ཐོག་དང་། བཅའ་དངོས་དག་ཁོ་ཚོའི་ལག་ཏུ་ཤོར་ནས་ཡོང་འབབ་ཉུང་ངུ་ལས་མེད་པར་གྱུར་ཏོ།།
ད་ང་ཚོས་ལྷ་ཁང་དང་ཆོས་དཔོན་དག་ཇི་ལྟར་བྱུང་བའི་སྐོར་ལ་ཞིབ་ལྟ་ཞིག་བྱ་ན། ལྷ་ཁང་ནི་ལྷ་ཚོགས་ཀྱི་ཆེད་དུ་བཞེངས་པ་རེད། ལྷ་ཁང་ནང་དུ་ཾམཆོད་ཁང་ངམ་ཆོས་ཁང་ཟེར་བའི་ཁང་པ་དམིགས་བསལ་བ་རེ་ཡོད། དེ་དག་གི་ནང་དུ་རྒྱུན་དུ་ཕྱག་མཆོད་ཕུལ་སའི་ལྷའི་སྐུ་འདྲ་རེ་བཟོས་ཤིང་། དེ་དག་ནི་ལྟ་མི་བཟོད་པའི་ཁྲོ་གཏུམ་གྱི་སེམས་ཅན་གྱི་སྣང་བརྙན་རེ་ཡིན། ཕྱེད་ཀ་མི་དང་། ཕྱེད་ཀ་དུད་འགྲོ་ཡིན་པ་སོགས་ཀྱི་འཇིགས་སྣང་སློང་བྱེད་མང་པོ་བཟོས་ཡོད། སྐབས་ཤིག་ལ་ཨེ་ལྗིབ་ཀྱི་ནང་དུ། ཞི་མི་ལ་ཕྱག་མཆོད་བྱེད་པ་དང་། སྤྲེའུ་སོགས་ལའང་ཕྱག་མཆོད་བྱེད་མྱོང་། ཁོང་ཚོས་ཅིའི་ཕྱིར་གཏུམ་སྤྱོད་མངའ་བའི་སོག་སྲོག་རྐྱང་རྐྱང་ལ་གཏང་རག་བྱེད་པ་ལས་། ཡིད་དུ་འོང་བའི་སེམས་ཅན་ཞིག་ལ་དེ་ལྟར་མ་བྱས་པ་རེད་ཟེར་ན། དེ་ནི་གནའ་སྔ་མོའི་དུས་སུ་མི་རྣམས་མ་རིག་རྨོངས་པའི་དབང་དུ་འཐིམསས་ཤིང་། འཇིགས་སྣང་དང་དོགས་སློང་གི་ཁྲོད་ནས་འཚོ་བ་སྐྱེལ་སྐབས། ཁོང་ཚོས་ལྷ་ཞེས་པ་ཞིག་རྣམ་རྟོག་ལ་བཞེང་བསྐྲུན་བྱས་ཤིང་། དེ་ནི་མཐུ་ཆེ་ལ། དཔའ་རྩལ་འཛོམས་པ། གཏུམ་སྤྱོད་ཆེ་བ་ཞིག་ཏུ་ངོས་འཛིན་བྱས། དེ་ལ་བཀའ་དྲིན་གཏང་རག་མ་བྱས་ན་རང་ཉིད་ལ་ཉེས་ཆད་གཅོད་པ་སོགས། མང་པོ་མང་པོ་ཞིག་རྣམ་རྟོག་གིས་བཟོས་པ་རེད། དེའི་ཕྱིར། ཁོ་ཚོའི་སྣང་བརྙན་བཟོ་བསྐྲུན་བྱེད་སྐབས་ཀྱང་གཏུམ་སྤྱོད་མངའ་བའི་སྲོག་ཆགས་ཤིག་གི་རྣམ་པ་ལས་མ་རྙེད་པ་རེད། མ་གཞི་དེ་ནི་ཧ་ཅང་དཀའ་རྙོག་ཆེ་བའི་དྲི་བ་ཞིག་རེད།
ལྷ་ཁང་ནང་ལ་རྒྱུན་དུ་ཆོས་དཔོན་དང་སློབ་མས་གང་ཡོད། ཆོས་དཔོན་གྱིས་ཡི་གེ་འབྲི་ཀློག་དང་གཞན་ལས་ལྷག་པའི་སློབ་སྦྱོང་གི་གོ་སྐབས་མང་པོ་རག་ཡོད་པས། ཁོ་རྒྱལ་པོའི་སློབ་སྟོན་པར་གྱུར་བ་རེད། ཁོ་ཚོར་ཤེས་ཡོན་ཅུང་ཙམ་ཡོད་པར་བརྟེན། སྐབས་དེར་གླེགས་བམ་བཤུ་འབྲི་སོགས་བྱས་ཏེ་གནའ་བོའི་ཤེས་རབ་ཅན་གྱི་མི་སྣའི་གྲས་སུ་ཚུད་པ་རེད། ཁོ་ཚོའི་ཁྲོད་ནས་སྨན་པ་སོགས་བྱུང་། ཁོ་ཚོས་རྒྱུན་དུ་གླེན་ཞིང་ལྐུག་པའི་མི་མང་ལ། རང་ཉིད་སྤྱང་པོ་ཡིན་མདོག་གི་གར་སྟབས་སྣ་ཚོགས་ཤིག་འཁྲབ་ནས་གཡོ་སྒྱུ་བྱས་ཏེ། མི་མང་གི་ལག་ནས་དཔྱ་ཁྲལ་བསྡུས་པ་རེད། ཁོ་ཚོས་ཕྱོགས་གཅིག་ནས་མི་མང་ལ་ཆོས་སྟོན་པ་དང་སྨན་བྱས། ཕྱོགས་གཅིག་ནས་ལམ་ལོག་པར་ཁྲིད། མགོ་སྐོར་། བསླུ་བྲིད་སོགས་བྱས་ཏེ། རང་བཞིན་གྱིས་ཁོ་ཚོ་རྒྱལ་པོར་གྱུར་བ་ཉུང་ཉུང་ག་ལ་ཡིན།
ཚན་པ་འདིར་ལྷ་དང་ལྷ་ཁང་། རྒྱལ་པོ། ཆོས་དཔོན་བཅས་ཀྱི་བྱུང་རབས་མདོར་བསྡུས། དཔྱད་རིན་ལྡན་པ་ཞིག་བྲིས་འདུག་སྙམ་པའི་ཚོར་སྣང་བྱུང་། མ་ཟད་རྩོམ་ཡིག་འདི་ལ་བརྟེན་ནས་འཇིག་རྟེན་ན་ལྷ་ཡིན་ཞེས་གྲགས་པའི་ཁ་གདངས། མིག་ཅེར་བའི་སྣང་བརྙན་མང་པོ་ཞིག་ལ་དོན་དངོས་ཐོག་དེ་འདྲ་ཨེ་ཡོད་སྙམ་པའི་དོགས་པ་ཡང་ཡང་བྱུང་། ད་དུང་ཆོས་དཔོན་ཡིན་ཟེར་བའི་རང་རློམ་པ་འགའི་གཡོ་སྒྱུ་དང་། འཁྲབ་སྟོན་གྱི་གསང་བ་སོགས་རྩོམ་ཡིག་འདིས་གཏོར་མ་ཐུབ་ཀྱང་བཀས་ཡོད་པ་སྨོས་མེད་རེད།
2019/5/6ལ་རང་ཤག་ཏུ་བྲིས།
ཡི་དམ་རྡོ་རྗེ་འཇིགས་བྱེད་དང་དམ་ཅན་ཆོས་རྒྱལ་གང་ལ་འཁྱེར།
དུས་རབས་ཀྱི་འཕོ་འགྱུར་འོག་མི་གི་མི་ལ་བཙན་དབང་
དང་མི་གི་མི་ལ་ཤུ་ཞོག་དང་མི་གི་མི་ལ་གཉའ་གནོན་དང་
མི་གི་མི་ལ་སྡུག་སྦྱོངས་དང་མི་གི་མི་ལ་དབང་བསྒྱུར་སོགས་གཏོང་མཁན་འཛམ་གླིང་གི་ཡུལ་གྲུ་མང་པོའི་ནང་ཡོད་པ་གཅིག་རྒྱུར་ལས་གཞན་དུ་མ་འདས་སོ།༠
འཇམ་དགོན་བླ་མ་ཙོང་ཁ་པ། །
འཇམ་དཔལ་དབྱངས་དངོས་མི་ཡི་གཟུགས། །
དཔལ་ལྡན་རྡོ་རྗེ་འཇིགས་བྱེད་དེ། །
འཇམ་དཔལ་ཁྲོས་གཟུགས་ཡི་དམ་དངོས། །
་
སྔོནའགྲོར་འཇིགས་བྱེད་བདག་བསྐྱེད་དང་། །
དངོས་གཞིར་གསང་འདུས་བསྒོམས་པའི་རྗེས། །
བོག་འདོན་བདེ་མཆོག་ཉམས་ལེན་པ། །
དགེ་ལྡན་ཡོངས་ལ་གུས་ཕྱག་འཚལ། །
་
སྐྱེས་ཆེན་ཆོས་སྲུང་མགོན་ཕྱག་དྲུག །
སྐྱེས་འབྲིང་ཆོས་སྲུང་རྣམ་སྲས་རྒྱལ། །
སྐྱེས་ཆུང་དམ་ཅན་ཆོས་རྒྱལ་སྲུངས། །
སྐྱེས་བུ་གསུམ་གྱི་ཆོས་སྐྱོང་ལགས། །
་
དེ་དོན་མཁྱེན་པའི་ཀླུ་སྨྱོན་ལགས། །
ཡི་དམ་རྡོ་རྗེ་འཇིགས་བྱེད་དང་། །
དམ་ཅན་ཆོས་རྒྱལ་གཉིས་པོ་ལ། །
ཐེ་ཚོམ་ཡོད་ན་དྲིས་ན་འགྲིགས། །
་
ཀརྡོས།