རྭ་རྒྱ་དཔལ་ལྡན།
ང་རང་ཡུལ་ནས་ཐོག་དང་པོར་ལམ་ལ་ཆས་ཉིན་དེར། ངའི་སྙིང་ནས་བརྩེ་བའི་ཨ་ནེ་ཡིས་བདག་གི་རྐང་མགོར་བལྟས་ནས།
“ཁྱེད་ཀྱིས་ལྷམ་དེ་འདྲ་གསར་པ་ཞིག་ཉོས་ནས་ཅི་བྱེད་བསམ་པ་ཡིན། ཁྱེད་ཀྱི་ཁོག་ལ་གདོན་འདྲ་ཞུགས་དང་བ་མིན་ནམ།” ཟེར་ནས་ནན་འདྲི་བྱེད། ངས་ཕྱིར་འཁོར་ནས།
“ད་དགུན་སླེབས་ལ་ཡོད་པས་ཉོས་པ་ཡིན། དགུན་དུས་དགོན་པའི་རྒྱ་ལྷམ་དེ་ཧ་ཅང་ཆེ་བ་ལས་དྲོལ་དེ་ཙམ་མི་འདུག་ལ། ནང་དུ་ཡོང་སྐབས་ལྷམ་འདི་མོ་གྱོན་ན་འགྲིག་གི་རེད་”ཟེར་ནས་བཤད།
དྲང་མོར་བཤད་ན་དེ་ནི་ང་རང་ཆུང་དུས་ནས་ངོ་ཤེས་པའི་རྒྱ་རྒན་ཚོང་བ་ཞིག་གིས་རིན་གོང་མར་བཀྱགས་ཏེ་རྒྱ་སྒོར་དྲུག་བཅུ་བྱས་བཙོང་བ་རེད། ལྷམ་དེ་འདྲ་ཞིག་མི་ཚེའི་ནང་གྱོན་པ་ཐོག་དང་པོ་ཡིན། སྐབས་དེ་ལ་མཚོན་ན་རིན་གོང་ཡང་ཧ་ཅང་ཆེན་པོ་རེད། ཨ་ནེ་ལ་ཡང་དོགས་པ་ཟ་དོན་ལོས་ཡོད་མོད། ང་ལ་ཡིད་ཆེས་པའི་མྱི་དེ་ཚོས་ངའི་སྐད་ཆ་འདིར་ཡིད་ཆེས་བྱེད། རྒྱུ་མཚན་ངས་དེ་སྔོན་དོན་མེད་པར་ཁོང་ཚོར་མགོ་སྐོར་མ་བཏང་པས་རེད། ད་དུང་ཨ་ནེས་རང་གི་ཕུ་ཐུང་གི་ལྟེབ་མ་མར་བསྒྱུར་ནས་སྒོར་མོ་བརྒྱ་བླངས་ནས་ང་ལ་སྤྲད་སོང་།
“ཨ་རོགས་ཁྱེད་དེ་རིང་དངོས་ནས་ཅིག་ལ་འགྲོ་བཞིན་ཡོད་ན་ངས་ཁྱེད་ལམ་འཇུག་བྱས་དང་བ་རེད་ད། གཞན་ལ་བཤད་མི་ཉན། གལ་སྲིད་ཤེས་སོང་ན་ངེད་གཉིས་མ་འགྲིག་པ་རེད། “ཅེས་གཟབ་གཟབ་བྱས་བཤད།
སྐབས་དེར་ངེས་ཨ་ནེའི་གདོང་ལ་ཐད་ཀར་ལྟ་ཐུབ་མ་སོང་། ངས་བསམ་པར་ཨིན་ཨ་ནེ་འདིས་ངའི་སྐོར་ནས་ཡུད་ཙམ་ཤེས་ཡོད་པ་འདྲ། ཡིན་ཡང་རྩ་བ་ནས་ངས་འདི་བཤད་མི་ཉན་བསམ་ནས་སེམས་སུ་བློ་ཐག་སྔར་བཞིན་བཅད། དུས་ཚོད་གཅིག་གི་ཡར་སྔོན་ཨ་ཞིང་ཚང་ནས་ཀྱང་སྐད་ཆ་མི་འདྲ་བ་འགའ་བཤད་པ་དེས་ད་ནི་ངས་གཞི་ནས་སྐད་ཆ་དེ་དག་ལ་དབྱེ་ཞིབ་མ་བྱས་པར་རྣམ་འགྱུར་ཙམ་ལ་ཡང་དོ་སྣང་བྱ་དགོས་པའི་བསླབ་བྱ་ལོན། དྲང་མོར་བཤད་ན་དེ་རིང་ང་ཆེད་དུ་ཨ་ཞིང་གཙོ་བྱས་གཉེན་ཉེ་འགའ་ཤས་ལ་གྱེས་ཕྱག་ཞུ་བར་ཡོང་ན་ཡང་། ཨ་ཞང་ལ་དེ་ཙམ་དོགས་པ་མི་འདུག སྒོ་ཁར་སླེབས་པ་དང་ཨ་ཞང་དང་སྲི་མོ་གཉིས་ལ།
“ད་བདེ་མོ་བྱོས། ད་བདེ་མོ་བྱོས། ད་ང་མི་ཡོང་ན་ཐང་ཟེར་ཡིན། “
ཨ་ཞང་དགོད་ཀྱིན་ངའི་སྐད་ཆ་དེར་དམིགས་བསལ་དོ་སྣང་གང་ཡང་བྱས་མ་སོང་། རྒྱུ་མཚན་ངས་ཨ་ཞང་ལ་ཀུ་རེ་ཚོད་མེད་བཤད་ཡོད་པས་ཡིན་ནམ།
ཡིན་ཡང་སྲི་མོས། “ཁྱེད་ཅི་རེད། ད་ལོར་ལོ་སར་ལ་མི་ཡོང་ངམ་ཟེར།” དོགས་འདྲི་དེས་ང་རང་བདེ་རུ་མ་བཅུག་པས་ངས་ཕྱིར་འཁོར་ནས།
“དེ་བཤད་ནས་མི་ཤེས། ཨོ། ལོ་སར་ལ་ཡོང་གི་རེད་ཀོ” དེ་ཙམ་ལས་ཅི་ཡང་མ་བཤད། ཡིན་ཡང་ཨ་ནེའི་སྐད་ཆ་དེས་ང་རང་ཧ་ལས་པར་བྱས་སོང་། ཅིག་བྱས་ན་ངས་སྐད་ཆ་དང་སྤྱོད་ལམ་འགའ་ཤས་ཀྱིས་དོགས་པ་བསླང་མེད་དམ་བསམ།
ཕྱི་དྲོའི་གྲིབ་ཆེན་གྱིས་ཡོངས་སུ་བསྐོར་ནས་སླེབས་སོང་། སྟོན་དུས་ཀྱི་དགུ་ཐང་ནི་ཧ་ཅང་སྐྱིད་ལ། དགུའི་བྲག་དཀར་གྱི་རྩ་ནས་གྲིབ་ཆེན་ཞིག་ག་ལེར་ཇེ་ཆེ་ནས་ཇེ་ཆེ་ཐང་ཁུག་ཡོངས་སུ་ཟ་ལ་བྲེལ། ང་དང་གྲོགས་པོ་གཉིས་ཀྱིས་འཕྲུལ་རྟ་ཞོན་ནས་དགོན་པའི་ཕྱོགས་སུ་རྒྱུག
སྟབས་མ་ལེགས་པ་ཞིག་ལ་ཉེ་སྔོན་ཉི་ཆད་བྱས་པའི་གྲོགས་པོས་སྒོར་མོ་མ་རག་པས་འགྲོ་ཐབས་མི་འདུག་ཟེར། ཡིན་ཡང་བདག་གི་བློ་ཐག་བཅད་ཟིན་པའི་ད་ནི་ཅི་ལ་ཡང་ཞེན་པ་མི་འདུག ལན་རེར་ངས་འདི་ལྟར་བསམ་བློ་བཏང་བ་ཡིན། འགའ་རེས་བཤད་ན་མི་ཟེར་བ་དེ་གླེན་དྲགས་ན་སྐྲག་མི་ཤེས་ཟེར་སྲོལ་འདུག ད་ང་ནི་གླེན་དྲགས་པ་མིན་ནམ། སུ་ཞིག་གི་ཚེ་སྲོག་གཏའ་མར་འཇོག་པའི་བྱ་བ་སྒྲུབ་པར་མི་སྐྲག་པ་ཡིན།
ཞོགས་པ་དུང་ཆེན་བུས་སོང་། སྨན་རྒྱུད་ཀྱི་དབྱངས་ར་ཆེན་མོ་ཚུགས་ཟིན་པས་ཞོགས་པའི་ནང་ཚོགས་གྲོལ་བ་དང་རི་ངོར་དབྱངས་འཐེན་པར་སོང་།
རྒྱབ་རིའི་ངོས་ནས་ཐད་ཀར་བལྟས་ན་ཤེས་རིག་ནོར་བུའི་གླིང་དང་དུར་ཁྲོད་ཀྱི་གདོང་སྣའི་བར་ན་དར་དཀར་བཞིན་འཐེན་པའི་ལམ་སྣེ་དེ་ནི་ཇོ་བོ་ཤཱཀྱ་མི་ནེ་བཞུགས་གནས་སྟོད་ཉི་མ་ལྷ་ས་དང་། འཕགས་ཡུལ་རྒྱ་གར་རྡོ་རྗེ་གདན་ལ་གཏད་པའི་ལྷ་ལམ་རེད། ངའི་དྲན་འཛིན་གྱི་གཤོག་ཟུང་སྔར་ནས་ལམ་ཁ་དེར་བརྐྱངས་ཟིན་པས། རྣམ་ཤེས་ཕྲ་མོ་འཇིགས་རུང་གི་བར་དོར་འཁྱམས་པ་ལྟར་དབྱངས་དང་རྡོ་ཡི་ཕྱོགས་ལ་འགུག་མི་ཐུབ། གྲྭ་མང་གིས་འབྲུག་སྟོང་གྲགས་པ་ལྟ་བུའི་དབྱངས་ཀྱི་ང་རོ་དང་། རྡོ་རྡུང་བའི་སྒྲ་སོགས་ཡོངས་ལ་བརྟག་ན། ད་ནི་ང་རང་གི་དམིགས་ཡུལ་གྱི་ཕྱིར་ཐག་རིང་ནས་ཐག་རིང་ཞིག་ལ་ཁྲིད་ཀྱིན་འདུག
ངས་ལོ་རེ་བཞིན་ལམ་སྣེ་དེར་སྨོན་ལམ་འདེབས་བཏབ་ཡོད། ལོ་མགོ་རེ་རེ་ཐོག་དང་པོར་ཡིད་དམ་མདུན་ལ་སོང་ནས་ཚེན་རེ་ལེན། དེ་ལ་མི་ཡག་པ་ཞིག་ལོ་རྟག་པར་བླངས་མ་མྱོང་མོད། དེ་ལྟར་ང་རང་ད་དུང་ནར་མ་སོན་པར་འམ། ཡང་ན་དཔུང་རོགས་ཤིག་ལ་སྒུག་དགོས་པ་ལྟར་ལྷག
ལོ་ནས་ལོ་བཞུད་སོང་། ང་ལ་དེ་ལྟར་ལམ་འཇུག་བྱེད་མཁན་ཞིག་སུ་ཡོད། ད་ལོ་ཡང་ཡིད་དམ་གྱིས་ཚེན་དུ་བྱ་བ་ཐམས་ཅད་བདེ་ལེགས་ངང་འགྲུབ་པར་བཤད་པ་ལྟར། ད་ནི་ངས་ཅི་ཡང་ཐག་གིས་བཅད་ཟིན། །
ཉིན་ཐོ་ཞིག་ཤར་མར་ཕབ་ཡོད། ༢༠༡༩/༥/༡༢ཉིན།