རོང་པོ་བློ་བཟང་རིན་ཆེན།
དེ་རིང་རྒྱུ་མཚན་ཅི་ཡིན་ཆ་མ་འཚལ་བར། ཞོགས་པ་ནས་སེམས་པ་སྐྱིད་པོ་རང་མི་འདུག དེའི་རྐྱེན་གྱིས་སྐབས་སུ་བབས་པའི་གཞུང་ཚན་ལའང་ལྟ་འདོད་མེད་པར་གྱུར་ཏེ་དཔེ་ཆའི་ཁ་བརྒྱབ་ནས་དཔེ་སྒྲོམ་དུ་བཞག ལྟ་འདོད་མེད་ཅིང་བཙན་གྱིས་ལྟ་བ་ནི་རང་གིས་རང་ལ་དཀའ་ངལ་སྤྲད་པ་ལས། དགོས་པ་ཏིལ་ཙམ་ཡང་འབྱུང་དཀའ་བས་ཨུ་ཚུགས་ཀྱིས་བརྩོན་པ་བསྟེན་པའི་སེམས་ཤུགས་ང་ལ་མེད། དེ་ནས་ངས་YouTube་ཀྱི་ཁ་ཕྱེས་ནས་ལྟད་མོ་ལ་བལྟས་ཏེ། ཅི་ཡིན་ཆ་མ་འཚལ་བའི་སེམས་ཁམས་སྙི་མོ་དེ་སངས་ཐབས་བྱས།
ཉིན་གུང་ཀུ་ཤུ་རྡོག་གཅིག་དང་། ཆུ་ཚ་ཕོར་གང་གིས་གུང་ཟས་བྱས་ཏེ་གཏི་མུག་གཉིད་ལ་རོལ་མགོ་བརྩམས་ཏེ་རྨི་ལམ་གྱི་ཞིང་དུ་བསྐྱོད། ཡུད་ཙམ་འགོར་རྗེས། སྟོབས་ཤུགས་ཆེ་བའི་ལྷོ་མཐའི་ཚ་དྲོད་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ཀུན་ནས་གཙེས་ཏེ་རྨི་ལམ་གྱི་ལྷ་མོ་ཡོངས་སུ་དཀྲོགས། དེ་ནས་ཚ་དྲོད་ལ་ཁ་གཏད་གཅོག་སླད། ལུས་པོ་ཆུ་བཤལ་ཞིག་བཏང་ནས་<<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་>>་གྱི་<<ཕྱིར་མིག་ཅིག་>>ཟེར་བའི་ཚན་པ་འདི་བཀླགས།
ཚན་པ་འདིར་སྔར་གྱི་འཕྲིན་པ་དག་ལ་ཕྱིར་མིག་ཅིག་བལྟས་པ་ལས། དམིགས་སུ་བཀར་ནས་བརྗོད་དོན་གསར་པ་གང་ཡང་བཤད་མི་འདུག འདི་ནས་གསལ་པོར་ཤེས་པ་ཞིག་ལ། གོང་དུ་བྲིས་པའི་འཕྲིན་ཡིག་རྣམས་ནི་བུ་མོ་ལོ་ན་བཅུ་ཅན་ཞིག་གི་ཤེས་ཚད་དམ། གོ་རྟོགས་ལ་སྦྱར་ནས་བྲིས་པ་ཞིག་རེད་འདུག འཕྲིན་ཡིག་དེ་དག་གི་ནང་དུ་བརྗོད་པའི་གནད་དོན་རྣམས་བུ་མོ་ལོ་ན་བཅུ་ཅན་ཞིག་གི་ཤེས་ཚད་ལ་ཏག་ཏག་རན་གྱི་ཡོད་ན། རང་ཉིད་ཀྱི་ཤེས་ཚད་ཅི་ལ་སླེབས་མིན་རྗེས་སུ་དཔོག་ཐུབ་པ་ཞིག་རེད་འདོད།
སྤྱིར་ང་ཚོ་སུ་ཞིག་ཡིན་ཡང་། དང་པོ་ནས་གླེན་ལྐུག་གི་ངོ་བོར་གྲུབ་པ་ཞིག་དང་། ཡང་ན་བློ་གྲོས་ཅན་གྱི་ངོ་བོར་གྲུབ་པ་གང་ཡང་མིན་པར། གཙོ་བོ་གོ་སྐབས་འཕྲད་མིན་གྱིས་ཐག་གཅོད་བྱས་པ་ཞིག་རེད་སྙམ། གལ་ཏེ་ད་ལྟ་གླེན་ལྐུག་ལྟ་བུར་རྩི་བའི་སློབ་སྦྱོང་མེད་པ་དག་ཀྱང་། ཆུང་དུས་ནས་སློབ་སྦྱོང་གི་གོ་སྐབས་བཟང་པོ་ཞིག་དང་འཕྲད་ཡོད་ཚེ། ད་ལྟའི་ཡ་ང་བའི་གནས་སྟངས་ལས་ལྡོག་ཡོད་པ་གདོན་མི་ཟ། དེ་བཞིན་ད་སྐབས་བློ་གྲོས་ཅན་ཞེས་གྲགས་པའི་སྐྱེས་བུ་དེ་ཚོའང་། གོ་སྐབས་བཟང་པོ་ཞིག་དང་འཕྲད་མེད་ཚེ་གཡུར་དུ་ཟ་བའི་གྲུབ་འབྲས་དེ་ག་ལ་ཡོད་ཨང་།
དེའི་ཕྱིར། རང་རང་སོ་སོའི་ལག་ཏུ་ཡོད་པའི་གོ་སྐབས་བཟང་པོ་དག ཆུད་ཟོས་སུ་མི་གཏོང་བར་དམ་འཛིན་བྱེད་རྒྱུ་ནི་སྨོན་ལམ་ཁྲི་ཕྲག་བཏབ་པ་ལས་ཕན་ཐོགས་ཆེ་བ་ཞིག་རེད་དོ་སྙམ།
2019/5/12ཉིན་རང་ཤག་ཏུ་བྲིས།
ཏཱ་ལའི་བླ་མ་དང་། ཞི་ཅིང་ཕིན། རྒྱ་གར་དང་རྒྱ་ནག་གི་དིང་སང་གི་གནས་བབས་སྐོར་ལ།
https://www.rfa.org/tibetan/sargyur/dalai-lama-xi-05152019163402.html