འཆམ་ར་དྲི་མེད་།
དེ་ཡང་བོད་སྨན་ནི་སྔོ་སྨན་ལས་སྦྱོར་བཟོ་བྱས་པའི་བཅོས་མེད་རང་བྱུང་གི་སྨན་ཞིག་ཡིན་ལ། དེར་བརྟེན་ཚན་རྩལ་རིག་པའི་ཡང་རྩེར་སོན་ཀྱིན་པའི་དེང་སང། རྫས་སྦྱོར་མང་པོ་བྱས་པའི་ཕྱི་ལུགས་ཀྱི་སྨན་རྣམས་སྤྱོད་རྒྱུར་འཚེར་ཏེ། དེང་རབས་ནད་པ་ཚོས་རྩ་ལྡུམ་བསྡུ་སྦྱོར་བྱས་པའི་སྨན་རྣམས་བསྟེན་བཞིན་ཡོད།
གོ་སྐབས་དེ་དང་བསྟུན་ནས་བོད་ཀྱི་གསོ་བ་རིག་པའི་དགེ་ཕན་ངོ་འཕྲོད་དེ་དར་ཁྱབ་ཕྱིན་ནས། ད་ལྟ་བཙན་བྱོལ་སྤྱི་ཚོགས་ནས་ལས་ཁུངས་དང་ཡོང་སྒོ་ཆེ་ཤོས་གཅིག་སྨན་རྩིས་ཁང་རེད་ཟེར་ནའང་ཆོག་པ་ཞིག་རེད། དེ་ཚོ་ནི་བོད་ཀྱི་གསོ་བ་རིག་པའི་ཐད་ནས་སྨན་ཞབས་པ་དང་དོ་དམ་པས་བདག་སྐྱོང་དང་། ལག་བསྟར་ཐུབ་ཀྱིན་པའི་རྟགས་མཚན་བཟང་པོ་ཞིག་རེད་སྙམ་ནས་དགའ་བསུ་དང་ཡིད་རངས་བྱེད་ཀྱིན་ཡོད།
ཡིན་ནའང་ཆོས་དར་ས་བདུད་དར་ཟེར་བའི་དཔེ་ལྟར། ཉེ་བའི་ལོ་ཤས་ནང་རང་གིས་མཐོང་ཐོས་བྱུང་བ་ཁག་རྒྱུ་མཚན་དུ་བྱས་ནས། སླད་ཕྱིན་ཡིད་གཟབ་བྱ་དགོས་སའི་གནད་དོན་འགའ་ཕྱོགས་གཅིག་ཏུ་བསྡོམས་ནས་གླེང་ན།
༡༽ ཁ་སང་ངེད་ཚང་གི་ཁྱིམ་མཚེས་ཨ་ཅག་ལགས་སྨན་ལོག་ཁུར་ནས། མཚན་གུང་བདེ་ལེགས་སྨན་ཁང་དུ་འགྲོ་དགོས་ཁེལ་འདུག ཁོང་གིས་རྡ་ས་དབུས་སྨན་རྩིས་ཁང་ནས་ནམ་རྒྱུན་ལྟར་སྨན་བླངས་ཏེ། དགོང་མོ་དེར་ཟོས་ཡོད་པ་དང་། དེའི་རྗེས་ཙམ་ནས་གདོང་བ་ཡོངས་སྦྲིད་ཏེ་ཚོར་ཤེས་འགག་པའི་ཟོལ་འདྲ་ཞིག་བྱུང་འདུག དེ་ནས་ཇེ་སྡུག་ཇེ་སྡུག་ཏུ་སོང་སྟེ་རིལ་འགྲོ་བ་སོགས་བྱུང་འདུག་ལ། ནམ་གུང་ཙམ་ན་མི་གཞན་གྱིས་བདེ་ལེགས་སྨན་ཁང་དུ་ཁྱེར་ནས་འགྲོ་དགོས་པའི་གནས་ཚུལ་བྱུང་། སྨན་ཁང་དུ་འབྱོར་དུས། ཁོང་ཚོས་ནད་རྟགས་ལ་བཞིགས་ནས་འདི་ལྟར་བཤད་ཀྱིན་འདུག་ཟེར། ཡང་བོད་སྨན་རིལ་བུ་བཞི་དེ་ཟོས་རེད། ད་གང་དྲགས། ཨ་ཅག་ལགས་འདི་བརྩིས་པའི་མི་ལྔ་ཏག་ཏག་ཡིན། སྨན་དེའི་མིང་ཤེས་ན་སྨན་རྩིས་ཁང་ལ་ཞུ་དགོས་ས་རེད། ཟེར་ཀྱིན་འདུག་ཟེར། ཨ་ཅག་ལགས་མོ་རང་གིས་བཤད་རྒྱུ་ལ། སྨན་སྤྲོད་དེས་གང་འདྲས་བྱས་པ་ཡིན་ན། ད་ལྟའི་སྨན་དེ་སྔོན་མའི་སྨན་དང་མི་འདྲ་བ་ཐལ་ལ་ཁོལ་བསྡད་པའི་ཟོལ་འདྲ་ཞིག་འདུག་ཟེར། ད་དུང་ཁོང་གིས། ངའི་འཁྲིས་ཀྱི་ཨ་མ་ཞིག་ལའང་སྨན་སྤྲད་ནོར་བྱས་འདུག་ཀྱང་། ཨ་མ་དེས་ངོས་འབྱེད་དེ་བཀའ་བཀྱོན་བཏང་ནས་ཕྱིར་བསློགས་སོང་ཟེར།
༢༽ ཉེ་སྔོན་ངའི་གྲོགས་པོ་ཞིག་སྨན་རྩིས་ཁང་ལ་སྨན་ལེན་མཁན་ཕྱིན་པ་ཡིན་ཟེར། ཁོང་གིས། སྨན་སྤྲོད་དེའི་སྤྱོད་པ་སྡུག་པ་ལ་ཚོད་མི་འདུག དོན་དག་ཅི་ཡང་མེད་པ་ང་ཚོ་ལ་རླུང་བསྟན་ནས་གཤེ་གཤེ་གཏོང་གིན་འདུག ད་དུང་མོ་རང་གི་ཕྲུ་གུ་དེའི་སྐྱག་པ་ཕྱིས་རྗེས་ལག་པའང་གཙང་མ་མ་དཀྲུས་པ། སྨན་གྱི་རིལ་བུ་རྣམས་འཛུམ་མོའི་བར་ནས་གྲངས་ཀ་བརྒྱབ་སྟེ་སྤྲོད་ཀྱིན་འདུག་ཟེར།
༣ ༽ ལོ་འགའི་སྔོན་ལ་སྦེལ་ཀོབ་ནས། ངའི་ངོ་ཤེས་ཡ་མ་ནད་པ་ཞིག་གིས། སྨན་པར་བསྟེན་ཏེ་ཁོང་གིས་སྤྲད་པའི་སྨན་ཟོས་རྗེས་དྲན་པ་བརླགས་ནས། མོ་ཀྲ་ལམ་ཁར་རིལ་སོང་བ་རེད། དེའི་ཚེ་གྲོགས་པོ་གཞན་བ་སུའང་མེད་སྟབས་སྐར་མ་ཁ་ཤས་རིང་དེ་ག་རང་ལྷག་ཡོད། ཏོག་ཙམ་རྗེས་སུ་རོགས་པ་ཚོ་སླེབས་ཏེ། ཕྱི་ལུགས་སྨན་ཁང་དུ་ཁྱེར་སོང་། ཁོང་གིས་བསྟེན་སའི་སྨན་པ་དེར་ལྷོ་ཕྱོགས་ནས་༼ཧང་སུར་སྨན་པ༽ ཟེར་ཀྱིན་ཡོད། རྗེས་མ་གོ་ཐོས་ལྟར་ན། སྨན་དེ་བསྡུ་སྦྱོར་བྱེད་ནོར་ཁུར་བ་རེད་ཟེར། དེར་བརྟེན། སྨན་དེ་ཡོངས་རྫོགས་དབུས་སྨན་རྩིས་ཁང་ལ་ཕྱིར་སློག་པ་རེད་ཟེར་རྒྱུ་འདུག
༤༽ ངའི་གྲོགས་པོ་ཡ་མ་ནད་པ་དེ་རང་རེད་ལ། ནད་བསྟན་སའི་སྨན་པའང་གོང་མ་དེ་རང་འཇག་རེད། ཁོང་གིས་སྨན་པ་དེའི་འགྲམ་ནས་ཡ་མའི་ན་ཚའི་ཆེད་དུ་ཉིན་ཤས་རིང་སྐམ་ཁབ་ཟེད་སོང། སྟབས་མ་ལེགས་པ་ཞིག་ལ། ཁོང་གི་ཁ་དེ་ཕྱོགས་གཅིག་ལ་ཡོ་ནས། ཕྱིར་བཅོས་ཐུབ་མ་སོང་། ། དེར་བརྟེན་ནད་པ་ཁོང་སློབ་སྦྱོང་བྱས་ནས་བསྡད་མ་ཚུགས་པ་ཕྱིར་ཕ་ཡུལ་དུ་ལོག་དགོས་བྱུང་སོང་།
༥༽ ངའི་ཕ་ཡུལ་ནས་བོད་པའི་སྨན་པ་ཞིག་ཡོད། ཁོང་གིས་བུ་མོ་ལོ་ཆུང་ཞིག་ལ། མེ་བཙའ་བཞག་ཉེས་བྱས་ཏེ་ལྐུག་མོ་བཟོས་ནས་ད་ལྟའང་དེ་ག་རང་གནས་ཡོད། དེ་ཚོ་ནི་དམ་གཟབ་བྱ་དགོས་པའི་མཐུས་ཤོར་འགའ་གླེང་བ་ཙམ་ལས་བོད་པའི་སྨན་པ་ཚོས་མ་འཇོན་རབས་ཁོ་ན་བརྗོད་པ་དང་། དོན་མེད་སྡུག་སྨོད་བྱས་པ་རང་གཏན་ནས་མིན། དེ་ལས་བརྒལ་ཏེ་རང་ཉིད་ལ་མཚོན་ན་སྨན་རྩིས་ཁང་བཀའ་དྲིན་ཆེན་པོ་ཡིན་ལ། དགའ་གུས་བྱ་ཡུལ་ཞིང་ཀྱང་ཡིན།
ཨོ་ཉན་ཁ་ཆེ་སེ་འདུག
ཨོ་ང་ཡང་ཐེང་ཅིག་སྨན་རྩིས་ཁང་དུ་སྨན་ལེན་དུ་སོང་བ་ཡིན་སྨན་སྦྱིན་མའི་རང་ལག་རང་སྐྲ་བཤད་ཞོར་དུ་ང་ལ་སྨན་སྤྲད་སོང་།
ངའི་སྣང་བར་མ་སོང་ཡང་ཐབས་ཤེས་མེད་པས་ང་རང་ནང་ལ་ལོགས་བྱིན་པ་ཡིན།
སྨན་སྤྲོད་མཁན་ཚོས་ལག་མགོར་འཇུག་ཤོག་ངེས་པར་གོན་དགོས་པ་རེད། དེ་མིན་སོ་སོའི་ལྟུ་ནང་ལ་མཛུ་མོ་བརྒྱབས་ནས་ཡང་སྨན་སྤྲད་ས་རེད། རིལ་བུ་ཁོ་ཚོའི་རྐང་པ་སྤོ་སའི་སར་ཟག་ནའང་ཡར་བླངས་ནས་སྤྲད་ཡོང་གི་འདུག
འཆམ་ར་དྲི་མེད་ཀྱིས་བཤད་པ་དངོས་འབྲེལ་དང་བདེན་གཏམ་རེད་འདུག་པས་རྗེས་སུ་ཡི་རངས་ཡོད། བོད་གཞུང་དབུས་སྨན་རྩིས་ཁང་ན་སྨན་པ་ཡག་པོ་རྐྱང་འདུག། དེ་བཞིན་ཡན་ལག་སྨན་རྩིས་ཁང་སོགས་ནའང་ཁ་ཤས་མ་གཏོགས་ཡག་པོ་རེད། ཁ་ཤས་ནད་པའི་མདོག་དབྱིབས་དང་། དཔལ་འབྱོར་གྱི་ཆེ་ཆུང་ལ་དཔག་ནས་ངོས་ལེན་བྱེད་པའི་ཟོལ་འདྲ་བོ་ཞིག་མཐོང་རྒྱུ་དང་ཐོས་རྒྱུ་གཉིས་ཀ་འདུག སྨན་སྤྲོད་མཁན་ཁ་ཤས་ཀྱིས་སྨན་ལེན་མཁན་དང་། དེའི་སྨན་ཡིག་སོགས་ལ་དོ་སྣང་མི་བྱེད་པར་ཁོ་རང་གི་འགྲམ་དུ་ཡོད་པའི་གྲོགས་པོར་བརྡ་བྱེད་ཞོར་སྨན་སྤྲོད་པ་དང་། ད་དུང་ནད་པར་གཤེ་གཤེ་འདྲ་མ་བཏང་ན་ནད་པ་དེར་ཡག་པོ་བྱས་པའི་ཟོལ་འདྲ་བོ་ཡང་མཐོང་རྒྱུ་འདུག སྨན་སྤྲོད་དུས་ངེས་པར་སྨན་པའི་གནང་བའི་ནད་པའི་སྨན་ཡིག་ལ་དོ་སྣང་སྤྲོད་རྒྱུ་དེ་སྨན་སྤྲོད་མཁན་ཞིག་ལ་མཚོན་ན་ཨང་དང་པོར་འཛིན་དགོས་འདུག་སྙམ། ནད་པའི་སྨན་ཡིག་དེར་ཡག་པོ་མ་བལྟས་པ་དང་། སྣང་མེད་བྱས་པ་ནད་པ་ལའང་མཐོང་ཆུང་བཏང་བའི་ཉེ་ལེན་ལ་བརྟེན་བོད་གཞུང་སྨན་རྩིས་ཁང་གིས་སྨན་ལོག་སྟེར་ཀྱིན་འདུག་ཞེས་པའི་ང་ཚོ་མང་མས་ཉན་མི་བདེ་བའི་གཏམ་ངན་དེ་བྱུང་བ་རེད།
ངས་ནས་ཀྱང་ྦོད་སྨན་སྐོར་ལ་སྐད་ཆ་ཞིག་བཤད་འདོད་བྱུང།
བོད་སྨན་ནི་དེ་རིང་ཁ་སངས་གི་མི་ཚོས་ཕྱི་ལུགས་ཀྱི་རྫས་སྦྱོར་གྱི་སྨན་ལ་ཡིད་ཐང་ཆད་ནས་བོད་སྨན་ལ་དོ་སྣང་ཤུགས་ཆེར་སླེབས་པའི་སྒང་རེད།
དེ་ཡིན་དུས་བོད་རིགས་མང་པོ་ཞིག་འུར་འུར་ཟིང་ཟིང་བྱས་ནས་ལོ་ཤས་ཟླ་ཤས་ནང་དུ་ཨེམ་རྗེའི་གོ་གནས་འཛེགས་ཏེ་ཕྱི་རྒྱལ་ཏེ་ལྷག་པར་སོག་པོ་དང་ཨུ་རུ་སུ་སོགས་སུ་སྨན་གྱི་ཚོང་ལས་ལ་བཞུགས་ཏེ་དེང་དུས་ཀྱི་ཚོང་ལས་ཡག་ཤོས་ཞིག་ཏུའང་བརྩི་གི་ཡོད་འདུག
འོན་ཀྱང་བོད་སྨན་སྤྲོད་ཕྱོགས་དང་བརྟག་པ་བཞི་ལས་སོགས་ལེགས་པོ་ཞིག་ལ་བྱང་ཆུབ་མེད་ཚེ་ཕྱི་རྒྱལ་བ་ནི་བོད་རིགས་དང་མི་འདྲ་བར་ནོར་འཁྲུལ་ཆུང་ངུ་ཞིག་ལ་ཁྲིམས་ཁང་དུ་བསྐྱལ་ངེས་ཡིན་པས་གཟབ་གཟབ་ཤིན་ཏུ་གཅེས་དགོས།
བོད་རིགས་རྣམས་ནི་ཨེམ་རྗེ་དང་བླ་མ་སོགས་ཀྱི་ནོར་འཁྲུལ་ལ་ནོར་འཁྲུལ་དུ་མི་བརྩི་བར་དག་སྣང་སྦྱོང་ཚུལ་ཞིག་ཡོད་པས་ཞྭ་དཔེ་ལྷམ་ལ་བཀབ་ན་ཤིན་ཏུ་ནས་ཉེན་ཁ་ཆེ་བར་ཡོད་པ་མ་ཟད་བོད་སྨན་ལ་མིང་ཆད་ངན་པ་མི་ཆགས་པའི་ངེས་པ་མེད་པས་ཨེམ་རྗེ་གསར་པ་དང་དེ་བཞིན་སྨན་ཚོང་པ་རྣམས་ལ་འབོད་བསྐུལ་ཞུ་གི་ཡོད།
སྨན་པས་ལག་ཉེས་ཤོར་རུང་སྟོང་འཇལ་མི་དགོས་པའི་གསུང་སྒྲོས་ཡོད་མོད། གང་ལྟར་གཟབ་ན་ཡག་པོ་འདུག སྨན་སྤྲོད་མཁན་གྱི་བྱས་ཉེས་དེའི་རིགས་སྨན་པ་དང་སྨན་ཁང་འགན་འཛིན་ལ་ཡར་ཞུ་གཏུག་བྱ་དགོས་པ་རེད། དེ་ལྟར་བྱས་ན་རྗེས་སོར་གཟབ་ངེས་རེད།
གནས་ཚུལ་འདི་བདེན་པར་བརྩིས་ནས་ཡིད་ཆེས་བྱེད་རྒྱུར་ཆ་རྐྱེན་འདང་མི་འདུག གལ་སྲིད་གནས་ཚུལ་འདི་དཀྲོགས་གཏམ་དང་ཞེ་འཁོན་མིན་ན་གནས་ཚུལ་འདི་གསལ་ལམ་དུ་གཏོང་རྒྱུར་ཆ་རྐྱན་ཚང་མི་འདུག དང་པོ་སྨན་པ་དང་སྨན་སྤྲོད་དེ་བཞིན་ནད་པའི་མིང་དང་ཁ་བྱང་གསལ་བོ་བཀོད་མི་འདུག ད་དུང་ཚེས་གྲངས་དང་སྨན་ཁང་གི་ཁ་བྱང་ཡང་བྲིས་མི་འདུག སྨན་བཟོ་སྟངས་མ་འགྲིག་པ་ཡིན། ཡང་ན་སྨན་པས་ནོར་བ་ཡིན། སྨན་སྤྲོད་ཀྱི་ནོར་བ་ཡིན་མིན་དབྱེ་བ་འབྱེད་སྟངས་ཀྱི་རྒྱུ་མཚན་དང་གོ་རིམ་བྲིས་མི་འདུག སྨན་གྱི་མིང་དང་ནད་ཀྱི་མིང་ཡང་བྲིས་མི་འདུག ན་ཚ་ག་རེ་ཡིན་མིན་ཡང་གསལ་བོ་མི་འདུག རྒྱུ་མཚན་དང་གོ་རིམ་གང་ཡང་གསལ་བོ་མེད་བཞིན་དུ་སྨན་སྤྲོད་ཀྱི་སྤྲོད་ནོར་ཡིན་པ་ག་འདྲ་སེ་ཤེས་པ་རེད་དམ། མི་ཞིག་ལ་ནག་ཉེས་འགེལ་ན་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་དང་གོ་རིམ་གཅིག་ཀྱང་ཚང་མི་འདུག་པས་ཧ་ལམ་སྒེར་ནད་ཅིག་བེད་སྤྱོད་བྱེད་སླ་བའི་དྲ་རྒྱུའི་བཏང་ནང་བཏང་བ་མིན་འགྲོ་བསམ་པའི་ཚོར་སྣང་སྤྲོད་སོང་།
ངས་ཀྱང་སྒྲུང་ཐུང་ཞིག་བཤད་།
བརྗེད་མི་ཐུབ་པས་བདེ་ལེགས་སྨན་ཁང་། ཉིན་སྣེ་ལ་མཚན་འཐུད་ནས་ཆར་བ་བབ་པས་རྡ་སའི་རི་ལུང་ན་སྐམ་ས་ལགས་འཐུལ་ཙམ་ཡང་མེད་། སྨིག་དུས་མགོ་ཚུག་ནས་ཟླ་གཅིག་ཙམ་ཕྱིན་ཚར་། གནམ་གཤེས་འདིའི་རྐྱེན་གྱི་མི་རྣམ་ཕྱི་ལོགས་སུ་རྒྱུ་བ་ཉུང་བར་བསྟེན་ངས་ཨམ་མདོ་བག་ལེབས་ཚོ་ཡང་ཉོ་མཁན་ཉུང་རུ་སོང་ནས་། ཁ་ཤེས་་ཕྱིར་ནང་ལ་ཁྱེར་ཡོང་བ་འམ། ཁ་ཤེས་ང་རང་དང་་འདྲ་བའི་རྡ་སའི་ཉུག་མར་གནས་བ་རྣམས་ལ་སྦྱིན་། ནད་ཐོག་ལ་བསྐྲེན་ཟེར་བས་དཔེ་ལྟར་། ཉིན་གསུམ་གི་གོང་ནས་བཟུང་སོ་ལ་གཟེར་རྒྱབ་ནས་དེ་རིང་འགྲན་པ་ཡང་སྐང་འདུག། རྣམས་རྒྱུན་ལྟར་ཆུ་ཚོད་གསུམ་པར་ཡར་ལང་ནས་སྐྱུར་ལྟ་དང་སྐྱ་ཕྱེས་བསྣོས་ནས་བག་ལེབ་བཟོ་རྒྱུ་གྲ་བསྒྲིགས་ཙམ་བྱས་ཡང་། དེ་རིང་ངས་བག་ལེབ་ཚོ་བཙོང་ཐུབས་པས་གདེང་ཚོད་མི་འདུག། གཅིག་ནས་གནམ་གཤེས་ཡག་པོ་མི་འདུག་ལ། གཉིས་ནས་འགྲན་པ་སྐྲང་ནས་ཁ་ཡང་ཡག་པོ་གདེང་མི་ཐུབས་པས་སྐད་ཤུག་ལ་དེ་ཀྱང་རྒྱག་མི་ཐུབ་། ནམ་ལང་རྒྱུར་ཏོག་ཙམ་ཡོད་པས་སླར་ཉལ་སའི་ནང་འཛུལ་། ཚང་མས་མཁྱེན་གསལ་ལྟར་སོ་མ་བདེ་ན། སེམས་མི་བདེ་བ་ཆོས་ཉིད་ཡིན་པས་གཉིད་དང་བྲལ། སྣེ་ལེན་ཁང་ནས་ཁྱེར་ཡོང་བས་ཉལ་ཆས་ནག་རྩུབ་ཞིག་གི་མགོ་ཐུམས་བྱས་ནས་ནམ་ལང་རྒྱུར་བསྒུགས་། ཞོག་པ་སྔ་བོ་ནས་བདེ་ལེགས་སྨན་ཁང་གིས་སྒོ་འགྲམས་ནས་རུ་བསྒྲིགས་། ནད་གཡོག་མ་དེ་དག་ལ་ངའི་འདི་ནད་ཚ་མ་རེད་། ང་ལ་བསམ་སོ་སྐྱེས་གིན་ཡོད་པས་ན་ཟུག་ལ་སྒོམ་ཐབས་མི་འདུག་། སོ་ཡི་མགོ་ལ་ཐེག་པས་གཉུ་ཤ་དེ་ཁ་ཕྱེ་རོགས་ཞུས་བ་ཡིན། ནད་གཡོག་མ་དེས་མགོ་བོ་བོ་གཡོན་ཕྱོགས་སུ་གཡུག་ཙམ་བྱས་ནས་ལས་མགོ་བརྩམས་། བར་སྐབས་ཞིག་ནས་སེང་སེ་ངའི་འགྲམ་སོ་ཞིག་ལྕག་གིས་འཆུལ་གཞོང་ནང་གཡུག་། ངའི་སྐྱོན་མེད་ཀྱི་སོ་ཞིག་བཀོགའདུག། ང་ནི་ཁོང་ཁྲོའི་མེ་འབར་ན་ཡང་། བཟི་སྨན་གྱི་ཁ་ཕྱི་ནང་ཚང་མའི་ཚོར་བ་ཤོར་ནས་། སྐད་ཆ་བཤད་རྒྱུ་ཕར་ཤོག། ཁ་ཆུ་ཡང་བདག་པོ་རྒྱག་ཐུབ་གིན་མི་འདུག། བདེ་ལེགས་སྨན་ཁང་ནས་ཕྱིར་ཐོན་ནས་། གར་འགྲོ་འདི་འགྲོ་མེད་པར་། གནས་ཆུང་གི་ཇ་ཁང་ཕྱི་རོལ་ནས་། སྐུབ་ལྟག་ཞིག་གི་སྟང་བློ་ཕམ་པས་ངང་བསྡད་། གངས་སྐྱིད་དུ་ལས་ཀ་བྱེད་བཞིན་པས་ཨམ་མདོ་གསར་བུ་འགའ་སླེབས་སོང་། “ཨ་རོ་ཉི་ལྡིང་ག་རེས་བྱས་སོང་ཉིན་ཁ་ཤེས་རིང་ཁྱེད་ལ་གོ་རྒྱ་མི་འདུག་ག” འགྲམ་པ་བསྟན་ཙམ་བྱས་། དེས་ནང་གི་ཁ་བདཻ་ཞིག་གིས་། “འོ་ངོ་རྫོགས་སོ་ན་བ་ལས་མགོ་ན་ཡང་མི་སྐྱོན་ཡ། བྱས་ཙང་། གཞན་ཞོག་པ་སྔ་བས་ཁྱོད་ཀྱི་་བག་ལེབ་ཞེས་བས་འབོད་སྒྲ་དེ་ངའི་ཆུ་ཚོད་ཀྱི་ཅུང་སྒྲ་ལས་གདུག་པ་འདུག་ད། ངེད་ཚོའི་ནམ་ལང་གི་རྨི་ལམ་ཚང་མ་ཁྱོད་ཀྱི་འབོད་སྒྲ་ནང་ལ་་འཐུད་འགྲོ་གི་འདུག། “ ཚང་མ་གད་མོ་ཤོར་བས་ངའི་སེམས་པ་དེ་རྡ་ས་ལས་ཀྱང་ཐགས་རིང་གི་ས་ཞིག་ལ་སྐྱལ་།
སྒྲུང་དེ་རེད། ད་ཚར་སོང་།
ལོ་ལོན་གྱི་སྒྲུང་དེ་སྙན་པོ་ཞེ་དྲགས་བྱུང་།
དེ་འདྲའི་སྒྲུང་ཐུང་དེ་རྩམ་སྒྲུང་དང་དངོས་སྒྲུང་གང་ཡིན་མ་ཤས་མོད། གང་ལྟར་སྙན་མོ་འདྲ་ཞིག་བྲིས་འདུག་གདའ། ངའི་ངོ་ཤེས་ཞིག་ལོ་སྔོན་མར་བདེ་ལེགས་སྨན་ཁང་ནས་གཤག་བཅོས་བྱས་པ་རེད། ཁོས་བཤད་པ་ལྟར་ན་ཁོ་རང་གཤག་བཅོས་གཏོང་སྐབས་བཟི་ཁབ་ཞིག་བརྒྱབ་སོང་རེད། ཡིན་ནའང་བཟི་ཁབ་དེར་ནུས་པ་མེད་པའམ་ཡང་ན་ནུས་པ་མ་ཐོན་པ་གང་ཡིན། གང་ལྟར་ཁོ་རང་སྨན་པས་གཤག་བཅོས་གཏོང་དུས་ཁོ་བཟི་ཁབ་དེས་བཟི་མེད་སྟབས་ནད་ཚ་བཟོད་ཐབས་བྲལ་བ་ཞིག་གཏོང་གི་འདུག་ཟེར། དེ་དུས་སྨན་ཁ་ཤས་དང་ནད་གཡོག་འགས་ཁོ་རང་གི་རྐང་ལག་སོ་སོར་དམ་པོར་བཇུས་ཏེ་བཙན་ཤེད་ཀྱིས་གཤག་བཅོས་བྱས་སོང་ཟེར། དེ་འདྲའི་གནས་ཚུལ་གོ་དུས་ང་ལ་ཤ་འདར་ཞིག་བརྒྱབ་པ་དང་ལྷན་ཅིག་འདི་ལྟར་དྲན་སོང། ང་ཚོ་བཙན་བྱོལ་གཞུང་ན་གཤག་བཅོས་གཏོང་སའི་སྨན་ཁང་འདི་གཅིག་པོ་མ་གཏོགས་པ་མེད་པ་དང་། དེར་བོད་ཕྲུག་བདག་མེད་རྣམས་སྨན་པ་གསར་བུ་བ་རྣམས་ཀྱི་ལག་རྩལ་སྦྱང་ས་ཞིག་མིན་འགྲོ་སྙམ་དུས་སེམས་པ་སྐྱོ་བས་དབུགས་རིང་ཞིག་ངང་གིས་གཏོང་དགོས་བྱུང་།
གུས་པས་བསམ་བློ་དྲུག་སུམ་བཅོ་བརྒྱད་ག་ཚོད་བཏང་ཡང་ཁྱེད་ཀྱིས་བཤད་པ་དེ་གཏོགས་ཙམ་ཞིག་ཐལ་བར་མཐོང་། གང་ལ་ཞེ་ན་ཁྱེད་ཀྱིས་ར་སྤྲོད་པའི་གནས་ཚུལ་དག་ལས་བྱེད་སྒེར་གྱིས་ནོར་བ་ཡིན་འདུག་པས་གཞུང་ག་ི་སྒྲིག་འཛུགས་ཀྱིས་མིན། ད་ཆ་ང་ཚོའི་སྤྱི་ཚོགས་ནང་སྟེ་མདོར་ན་བོད་གཞུང་གི་རྭ་བ་ནས་བཟུང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་སྟེ་ཚང་མའི་ནང་ན་ཚ་གསར་པ་ཞིག་ཁྱབ་བཞིན་འདུག དེ་ནི་སྒོར་མི་དངོས་གྲུབ་ཀྱིས་གཞན་དབང་སུ་བླུས་ཏེ་གཞུང་སེམས་དང་གྷགཞན་ཕན་ལ་སོགས་པ་རང་ནས་ཐག་རིང་དུ་སོང་། མཚམས་སུ་ཞུ་འདོད་པར། དུས་ད་ལྟའང་ལས་བྱེད་པ་མང་པོ་ཞིག་སྤྱི་སེམས་དང་ལས་འབྲས་བསླུ་མེད་ཁས་བླངས་ཏེ་སྐུ་ལས་སྐྱོན་བཞིན་ཡོད་པ་གོར་མ་ཆག དེ་འདྲ་སོང་ཙང་ད་རེས་འཆམ་ར་དྲི་མེད་ལགས་ཀྱི་བྲིསཔ་བཞིན་གནང་བས་ན་ཧུར་སེམས་ཆེན་པོའི་ངང་ནས་ཕྱག་ལས་གནང་མཁཛྷན་ཚོ་ལའང་ཕོག་དུག་འགྲོ་བའི་ཉེན་ཁའང་ཕྲན་བུར་སྣང་། སླད་ཕྱིན་ཆས་ངའི་རེ་བར་གྷགཞུང་ལ་སོགས་པར་འར་འུར་ངང་ནས་བསྐྱོན་བརྗོད་མིན་པར་སྒེར་དོ་དག་མིང་འབོད་ཐོག་རང་རེའི་འཆར་སྣང་བྲིས་གནང་བའི་རེ་བ་ཞུ།།།
བོད་ཀྱི་དུས་བབ་ལས།
མ་སུ་རི་ནས་བྱིས་པ་བརྒྱད་ཕྱིར་བོད་དུ་གཏོང་ཕྱིར་བལ་ཡུལ་སྣེ་ལེན་ཁང་དུ་བསྐྱལ་ཡོད་པའི་སྐབས་འདིར། བལ་ཡུལ་ཉེན་རྟོག་པས་ཀྱང་བོད་ནས་རྒྱ་གར་དུ་བྲོས་ཡོང་མཁན་བྱིས་པ་ཚོ་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱ་འཆར་བྱས་ཡོད་འདུག་ཅེས་བཀོད་འདུག
དེས་ན་དགྲ་དགའ་གཉེན་སྡུག་གི་ཐག་གཅོད་ངན་པ་འདི། འཕྲལ་དུ་འབྲེལ་ཡོད་བཙན་བྱོལ་བོད་གཞུང་གིས་ཛ་དྲག་གིས་མེད་པར་བྱེད་རོགས་ཞུ།
མིའི་རིགས་ཀྱི་སྤྱི་ཚོགས་ཡོད་ན་ཕོ་མོའི་འཁྲིག་སྤྱོད་ཡོད་པ་ཆོས་ཉིད་རེད། དེ་ནི་མི་སྤྱོད་ལས་འདས་པའི་ཁྲིམས་འགལ་གྱི་བྱ་བ་ཚབས་ཆེན་ཞིག་གཏན་ནས་མ་རེད།
སྤྱི་བཏང་འཁྲིག་སྤྱོད་གནས་ཚུལ་ཞིག་གིས་བོད་ཕྲུག་དགུའི་མི་ཚེའི་མདུན་ལམ་བརླག་ཏུ་འཇུག་པ་ནི་ཧ་ཅང་བློ་ཕམ་དགོས་པའི་དྲང་བདེན་མ་ཡིན་པའི་ཁྲིམས་ཆད་ཞིག་རེད།
ལྷག་པར་ང་ཚོ་བཙན་བྱོལ་བོད་པར་མཚོན་ན། བོད་ཕྲུག་གཅིག་གི་མདུན་ལམ་འཕྲོ་བརླག་བཏང་ནའང་བསབ་ཏུ་མི་གཏུབ་པའི་ཕམ་ཁ་ཆེན་པོ་ཞིག་རེད།
ཁྱོད་ཚོས་སློབ་ཕྲུགའདི་དག་གི་མི་ཚེ་འདུན་ལམ་ལ་བསམ་བློ་དང་ཤ་ཚ་ཅི་ཡང་མེད་པའི་ཐོག་ནས། ཕྱིར་རྒྱ་ལག་ཏུ་བསྐྱེལ་བ་ནི་རྒྱ་དམར་གྱི་བྱེད་སྟངས་བཞིན་མི་ཆོས་ལས་འདས་པའི་མནར་གཅོད་ཚབས་ཆེན་བྱས་པའི་ཉེས་པ་བསགས་ཡོད་པར་ཤེས་དགོས།
འཁྲིག་སྤྱོད་ཀྱི་གནས་ཚུལ་འདི་འདྲ་བའམ་འདི་ལས་སྡུག་པའི་གནས་ཚུལ་འཛམ་གླིང་སློབ་གྲྭ་གཞན་དག་ལ་རྟག་ཏུ་བྱུང་དང་བྱུང་བཞིན་ཡོད་ཀྱང་། སློབ་ཕྲུག་རྒྱངས་འབུད་བཏང་ནས་དཔའ་གཏམ་བཤད་མཁན་ཁ་ཆེ་དྲག་སྤྱོད་པ་ཙམ་ལས་བྱུང་མྱོང་མེད། ད་དུང་འཁྲིག་སྤྱོད་ལ་དགའ་བའི་སློབ་ཕྲུག་ལ་དམིགས་བསལ་གྱིས་བལྟ་རྟོག་དང་སློབ་གསོ་ཆེན་པོ་སྤྲད་པ་ལས་ཆད་ལས་ངན་པ་བྱེད་སྲོལ་མེད།
སྙིང་རྗེ་དང་བཟོད་པ་ཡོད་མདོག་བྱེད་མཁན་བོད་མི་ཤེས་ཡོན་པ་རློམ་མཁན་འདི་ཚོས། ཉམ་ཆུང་བོད་པའི་སློབ་ཕྲུག་འདི་དག་རྒྱ་དམར་གྱི་ལག་ཏུ་བཞག་ནས་མནར་གཅོད་བཏང་བཅུག་ཕོད་པ་ནི། ཅི་འདྲའི་ངོ་ཚ་འོས་པའི་བྱ་བ་ངན་པ་བཟང་སྤྱོད་དང་ཡོངས་སུ་འགལ་བ་ཞིག་རེད་ཨང་། བལ་ཡུལ་དཔོན་ངན་འགའ་རེས་བོད་མི་སྐྱབས་བཅོལ་བ་རྣམས་རྒྱ་གཞུང་གི་ལག་པར་སྤྲད་པ་ལས་ཀྱང་ཡ་ང་བ་་ཞིག་རེད།
བོད་ཕྲུག་གསར་འབྱོར་བ་དགུ་སློབ་གྲྭ་ནས་ཕུད་ནས་བོད་ནང་ལ་བཏང་བ་འདི་ལ། བོད་གཞུང་དམངས་གཉིས་ནས་ངོས་ལེན་གཏན་ནས་བྱེད་མི་འོས།
གཞིས་ལུས་བོད་མི་རྣམས་ལ་ཤ་ཚ་སྙིང་རྗེ་སྤུ་ཙམ་མེད་པའི་སྒེར་གཅོད་འདི་ལྟ་བུས་བཙན་བྱོལ་བོད་གཞུང་གི་ཆེ་མཐོང་ཉམས་ཉེས་སུ་བཏང་བར་མ་ཟད་རྒྱ་དགའ་བོད་སྡུག་གི་གནས་ཚུལ་ངན་པ་འབྱུང་བའི་རྐྱེན་རྩ་བཞག་འདུག གནས་ཚུལ་འདི་ཚོ་བོད་ནང་གི་བོད་མི་ཚོས་གོ་ཚེ་ཡིད་ཐང་གཏིང་ནས་ཆད་ཀྱི་རེད།
བོད་ནས་བསླེབས་པའི་གསར་འབྱོར་སློབ་མ་དགུ་བོ་བལ་ཡུལ་སྣེ་ལེན་ཁང་དུ་གཏོང་ལུགས་ལ་ལྟོས་དང་། ཁོ་ཚོ་ལ་རྒྱབ་རྩ་མེད་པར་གསལ་པོ་རེད། ཉམ་ཆུང་སློབ་མ་འདི་ཚོས་སློབ་སྦྱོང་གི་གོ་སྐབས་ཤོར་བ་དང་མི་ཚེའི་མདུན་ལམ་བརླག་ཏུ་འཇུག་པ་ནི། བོད་པས་བོད་པ་ལ་བྱེད་མི་རུང་བའི་རྒྱ་དམར་གྱི་ཀླ་ཀློའི་ངན་སྤྱོད་ངོ་མ་དེ་རེད།
གཞིས་ལུས་བོད་པ་ཚོས་ལུས་སྲོག་འབེན་དུ་བཙུགས་ཏེ་དཀའ་བ་བརྒྱ་ཕྲག་སྤྱད་ནས། སོ་སོའི་སྙིང་དང་འདྲ་བའི་བུ་དང་བུ་མོ་རྣམས་ས་མཐར་འདིར་བསྐྱལ་བ་ནི། སྐྱབས་མགོན་རྒྱལ་བ་རིན་པོ་ཆེས་བཙུགས་པའི་བོད་གཞུང་སློབ་གྲྭ་ལ་དད་པ་དང་ཡིད་ཆེས་ཆེན་པོ་བྱས་པ་ལས་གཞན་མེད།
གལ་ཏེ་སློབ་མ་འདི་དག་བཙན་དབང་གིས་བོད་ལ་ཕྱིར་སློག་ན་གཞིས་ལུས་བོད་འབངས་རྣམས་སེམས་ཕམ་ཚད་མེད་ཡོང་བ་མ་ཟད་རྒྱ་དམར་གྱིས་བཤད་པའི་སྐྱག་རྫུན་ལ་རྒྱབ་སྐྱོར་ཆེན་པོ་བྱས་པ་ཞིག་མ་རེད་དམ།
དེས་ན་དགྲ་དགའ་གཉེན་སྡུག་གི་ཐག་གཅོད་ངན་པ་འདི། འཕྲལ་དུ་འབྲེལ་ཡོད་བཙན་བྱོལ་་བོད་གཞུང་གིས་ཛ་དྲག་གིས་མེད་པར་བྱེད་རོགས་ཞུ།
ང་སྨན་རྩིས་ཁང་ནང་སྨན་གྱི་སློབ་སྦྱོང་བྱེད་མཁན་གྱི་སློབ་ཕྲུག་ཞིག་ཡིན། དེ་རིང་གྱི་གནས་ཚུལ་འདི་ཐོས་སྐབས་སེམས་ཚོར་དྲག་པོ་བྱུང། ངས་ཕྱོགས་ཞེན་གྱི་སྐད་ཆ་བཤད་འདོད་མེད། འོན་ཀྱང་གནས་ཚུལ་གང་འདྲ་ཞིག་ཡིན་ནའང་སྐབས་འཕྲལ་སྨན་སྤྲོད་པར་གདོང་ཐུག་གིས་སྐད་ཆ་བཤད་ཕོད་ན་རབ་དང།
དེ་མིན་སྨན་ཁང་གི་སྨན་པ་ཉེ་མཁྲིས་ལ་ཡོད་ཡོད་པ་རེད། དེ་ལྟར་མ་བྱུང་ཚེ་སྨན་རྩིས་ཁང་གི་འཛིན་སྐྱོང་ཡིག་ཚང་སྔ་དྲོ་ཆུ་ཚོད་9པ་ནས་དགོང་དྲོ་ཆུ་ཚོད་5བར་སྒོ་ཕྱེ་ཡོད་པ་རེད། གནས་ཚུལ་གང་ཡང་འཛིན་སྐྱོང་གྱིས་ཧ་མ་གོ་ན་སྟོང་བཤད་རེད། ད་ཐེངས་ཁྱེད་ཀྱིས་དྲྭ་ཐོག་བཀོད་པ་ལེགས་ནའང་འབྲེལ་ཡོད་ཀྱིས་མ་ཚོར་ན་ཆོ་མིན་འདུག།
འཆམ་ར་དྲི་མེད་ལགས་ཐུགས་རྗེ་ཆེ། རྗེས་སུ་དོ་སྣང་མང་ཙམ་གནང་ནས་ཐད་ཀར་འཛིན་སྐྱོང་ལ་ཡིག་འབྲེལ་གནང་རོགས།
བཀྲ་ཤིས་བདེ་ལེགས་ཡོད།
ང་དེརིང་ཁ་བརྡའི་དྲྭ་རྒྱར་ཡོང་བ་ཐེངས་དང་པོ་དེ་ཡིན། འཆམ་ར་དྲིད་མེད་ཀྱི་གསུང་པ་བདེ་པ་རེད། ས་གནས་ཁག་འགའ་ཞིག་ལ་དེ་འདྲ་བྱུང་གི་འདུག
ཁྱོས་བཤད་པ་དེ་དངོས་ཡོད་དང་གནས་ལུགས་འདུག དེ་ཡང་ངའི་གྲོགས་པོ་བློ་བཟང་དམ་ཆོས་ལའང་ལོ་གཅིག་གི་སྔོན་ཞིག དབུས་སྨན་རྩིས་ཁང་ནས་ཕོ་སྨན་སྤྲད་ནོར་བྱས་ཏེ། མཚན་གུང་ཞིག་ལྷ་རྒྱལ་རི་ནས། བདེ་ལེགས་སྨན་ཁང་བར་གྲོགས་མེད་ཁེར་རྐྱང་ནུད་ནས་འགྲོ་དགོས་ཁེལ་བ་རེད། ཡིན་ནའང་མཚན་གུང་སྨན་ཁང་སྒོ་ཕྱེས་མེད་སྟབས་ཕྱི་ཉིན་མ། ཞོགས་པ་ཆུ་ཚོད་བདུན་པའི་བར་བསྟན་ས་རག་མེད། དེ་མ་ཐག་གནམ་ཁབ་བརྒྱབ་སྟེ་ཉིན་བདུན་ཙམ་རིང་སྨན་ཁང་དུ་སྡོད་དགོས་བྱུང། ཁོས་བཤད་རྒྱུར། ང་རྗེས་མ་སྨན་རྩིས་ཁང་ལ་འགྲོ་དུས། ཁོང་ཚོས་སྨན་ཤུགས་ཆེ་སོང་བ་རེད་ཟེར་བ་ཙམ་ལས། ནོར་སོང་བའི་ངོས་ལེན་གཏན་ནས་བྱས་མེད། འོན་ཀྱང་སྨན་དེ་བརྗེས་ནས་གཞན་ཞིག་སྤྲད་བྱུང། ཟེར། ཁོང་གིས་བོད་གཞུང་གི་སྨན་ཁང་ཞིག་ཡིན་པར་བརྟེན། རྙོག་གླེང་འདྲ་ཅི་ཡང་བྱས་མེད་པ། རང་གར་བསྡད་ཡོད་པ་ནི། བོད་མི་སྤྱི་མཚུངས་ལྟར་རེད།
གཞན་ཡང་། བདེ་ལེགས་སྨན་ཁང་ནས་ཀྱང་ལོ་ཤས་གོང་བཤག་བཅོས་བྱས་ཏེ་མི་ཞིག་གྲོངས་སོང་བ་དང་། དེའི་བརྒྱུད་རིམ་ཁྲོད་ཞིབ་འཇུག་བྱེད་དུས་གནས་ཚུལ་ཞེད་སྣང་ཚ་བོ་བྱུང་བའི་ལོ་རྒྱུས་ཀྱང་འདུག མ་ཟད་བུད་མེད་ཕྲུ་གུ་སྐྱེས་སྐབས་ཉེར་མཁོའི་ཤེས་ཡོན་གྱིས་མ་འདང་བ་གནས་ཚུལ་སྡུག་ཆགས་བྱུང་བ་སོགས་ཀྱང་འགའ་ཤས་ཐོས་སོང་།
བོད་སྨན་སྤྲད་ནོར་བྱེད་ཀྱིན་པ།འི་ཚབ་ལ།
བོད་སྨན་སྤྲད་ནོར་བྱེད་ཀྱིན་ཡོད་པ།
བོད་སྨན་སྤྲད་ནོར་བྱེད་བཞིན་པ།
བོད་སྨན་སྤྲད་ནོར་བྱེད་བགྱིན་ཡོད་པ། འདི་ནི་ངའི་རང་ལུགས་ཡིན།
སྟག་སྨྱོན་དང་བློ་བཟང་དར་རྒྱས་གཉིས་ཀྱི་གསུང་ལ་རྒྱབ་སྐྱོར་ཡོད། འཆམ་ར་དྲི་མེད་ཀྱིས་བོད་སྨན་སྤྲད་ནོར་བྱེད་ཀྱིན་པ་ཞེས་སྐྱོན་བརྗོད་བྱེད་པའི་ཀུན་སློང་བཟང་པོ་རེད་མོད་སྐྱོན་བརྗོད་བྱེད་དགོས་པའི་རྒྱུ་མཚན་དང་བདེན་རྒྱབ་གསལ་བོ་མི་འདུག
འཆམ་ར་ཁོ་བོའི་ཁྱིམ་མཚེས་བུད་མེད་དེས་བོད་སྨན་ནམ་རྒྱུན་འཐུང་གི་ཡོད་པར་བརྟེན་སོ་སོས་ནམ་རྒྱུན་སྨན་ཅི་ཞིག་འཐུང་གི་ཡོད་པ་ཤེས་ཀྱི་རེད་ལ། སྨན་རིལ་བུ་ཡིན་ཚེ་རིལ་བུའི་ཆེ་ཆུང་དང་མདོག་བཅས་གསལ་བོ་ཤེས་དགོས་ངེས་རེད། སྨན་སྤྲོད་པས་སྨན་སྤྲད་ནོར་ཤོར་པ་ཆ་ཞོག ཡིན་ནའང་ཁོ་མོས་ད་ཐེངས་སྤྲད་པའི་སྨན་དེ་སྔོན་མའི་སྨན་དང་མི་འདྲ་བ་ཡིན་པ་ཤེས་བཞིན་དུ་སྨན་དེ་འཐུང་དགོས་དོན་མེད་ལ། སྨན་ནི་སོ་སོའི་ཚེ་སྲོག་དང་འབྲེལ་བའི་མཁོ་དངོས་ཤིག་ཡིན་པས་ནད་པ་གཟབ་ནན་ཅན་ཞིག་ཡིན་ཚེ་ཕྱིར་སྨན་ཁང་དུ་སོང་ནས་སྨན་པ་དང་སྨན་སྤྲོད་ལ་འདྲི་རྩད་ཡར་གཏུགས་བྱེད་དགོས་པ་རེད།
བདེ་ལེགས་སྨན་ཁང་གི་སྨན་ཞབས་པ་ཚོས་ ཡང་བོད་སྨན་རིལ་བུ་བཞི་དེ་ཟོས་པ་རེད་ཅེས་ དང་ འདི་བརྩིས་པའི་ཨ་ཅག་ལྔ་ཏག་ཏག་ཡིན་ ཞེས་བརྗོད་འདུག་པར་བལྟས་ན་སྨན་ཞབས་འདི་ཚོས་བཟང་སྤྱོད་ཀྱི་འགན་ཁུར་འཁྱེར་གི་མི་འདུག འདི་ལྟར་བྱུང་བ་མི་གཅིག་མ་རེད་་་གཉིས་མ་རེད་་་མི་ལྔ་ཡིན་པས་མི་ལྔ་ཡི་དང་ཚེ་སྲོག་ལ་ཐུག་ཡོད་པས་སྨན་རྩིས་ཁང་ངམ་བོད་གཞུང་འཕྲོད་བསྟེན་ལྷན་ཁང་ལ་སྙན་སྒྲོན་ཞུ་དགོས་པ་རེད།
སྤྱིར་བོད་གཞུང་སྨན་རྩིས་ཁང་གི་དབུས་དང་བཅས་པའི་ཡན་ལག་སྨན་ཁང་ཆེ་ཕྲ་ཀུན་ཏུ་མི་དམངས་ཀྱིས་ནད་སྟོན་སྨན་ལེན་ཅི་ཞིག་བྱེད་ཀྱང་སྨན་ཤོག་ངོར་ནད་མིང་དང་སྨན་མིང་གསལ་བོ་བྲིས་ཏེ་ནད་པར་སྤྲོད་སྲོལ་ཡོད་པས་འཆམ་རའི་སྐྱོན་བརྗོད་དེ་སྨན་པ་ལ་རེད་མི་འདུག སྨན་པས་ནད་པ་གང་ཞིག་གི་ནད་ངོས་བཟུང་སྟེ་སྨན་ཤོག་སྟེང་གསོལ་སྨན་བྲིས་ཡོད་པ་གང་ཞིག་སྨན་སྤྲོད་ཀྱིས་ཇི་བཞིན་མ་སྤྲད་པའི་ཉེར་ལེན་ལ་བརྗོད་གི་ཡོད་པ་འདྲ། དེར་བརྟེན་སྐྱོན་བརྗོད་དེ་སྨན་སྤྲོད་ལ་རེད། ཡིན་ནའང་སྨན་སྤྲོད་སུ་ཡིན་དང་སྨན་ཅི་ཡིན་དང་ག་རེ་སྤྲད་ཡོད་པ་གསལ་བོ་བྲིས་མི་འདུག
བོད་གཞུང་སྨན་རྩིས་ཁང་ནི་བཙན་བྱོལ་ནང་གི་སྒྲིག་འཛུགས་ཆེ་ཤོས་ཤིག་ཆགས་ཡོད་ལ། དེར་སྨན་ལས་ལྔ་བརྒྱ་ལྷག་ཡོད་པ་དང་མི་རེ་ངོ་རེར་མིང་ལ་བབ་པའི་འགན་རེ་དང་འགན་ལ་བབ་པའི་མིང་རེ་ཡོད་པས་ལས་བྱེད་བླངས་དོར་སྒྲིག་གཞི་བརྩི་སྲུང་ངེས་པར་དུ་བྱེད་དགོས་ཡོད། དེར་བརྟེན་འཆམ་ར་དྲི་མེད་ཀྱི་ཁྱིམ་མཚེས་བུད་མེད་དེ་དང་འབྲེལ་བའི་སྐྱོན་བརྗོད་དེ་དག་སོ་སོའི་ཐག་ཉེར་ཡོད་པའི་སྨན་རྩིས་ཁང་དབུས་དང་ཡན་ལག་གི་འབྲེལ་ཡོད་འགན་འཛིན་ལ་སྙན་སྒྲོན་ཞུ་གཏུགས་བྱེད་དགོས་ལ། དེ་ནས་བདག་པོ་མི་རྒྱག་ཚེ་རིམ་བཞིན་འཕྲོད་བསྟེན་ལྷན་ཁང་དང་བཀའ་ཤག སྐུ་སྒེར་ཡིག་ཚང་བཅས་ཞུ་འོས་པ་ཡིན་ནོ།
སྨན་པ་དང་སྨན་སྤྲོད་པ་གཉིས་ཀའི་ཟབ་ཟབ་གནང་དགོས་ ལྷག་པར་བོད་སྨན་བཟའ་ཁན་ཕྱི་རྒྱལ་དང་རྒྱ་གར་བའི་ནད་པར་ནོར་ཁྲུལ་དེ་རིགས་བྱུང་ཚེ་སྨན་རྩིས་ཁང་ལ་ཁྲིམས་གཏུགས་ཀྱི་ཁྲིམས་བཅད་མ་ཟད་བོད་སྨན་ལ་དམ་གྲགས་དང་བཀག་བསྡོམས་ཡང་ཡོང་ཉེན་ལ་བརྟེན་དབུས་དང་ཡན་ལག་སྨན་རྩིས་ཁང་དེ་བཞིན་སྒེར་གྱི་བོད་སྨན་སྨན་ཁང་ཚང་མའི་ཟབ་དགོས་ ཨེམ་རྗེ་ཚོས་སྨན་མིང་ཡིག་གཟུགས་དེ་ཡག་ཙམ་བྲིས་ སྨན་སྤྲོད་ཚོས་ཡིག་གཟུགས་ཧ་མ་གོ་ན་དྲི་ཙམ་བྱས་ན་ སྨན་ནོར་ཤོར་གྱི་མ་རེད་བསམ་གི་།
འཆི་མེད་ལགས་ བཀྲིས་བདེ་ལེགས་ ང་རང་ཡང་བོད་ཡིག་སྒེར་སྤྱོང་བྱེད་པའི་སློབ་མ་ཞིག་ཡིན་ཙང་བོད་ཡིག་ཡག་པོ་མེད་དེ་ གོང་དུ་ཁྱེད་ནས་ ༼….བྱུང་གི་འདུག་ ༽ ཞེས་བྲིས་པ་དེ་ ཕྲན་ལ་ད་བར་གོ་མ་མྱོང་བའི་ཚིག་གྲུབ་གསར་པ་ཞིག་མངོན་བྱུང་ དེ་གང་འདྲ་ཡིན་ནམ་བསམ་འགྲིགས་མིན་གྱི་ཀུན་སློང་གཙང་མའི་ དོགས་དྲི་ཞིག་ཞུ་གི་ཡོད་།
འཚོ་བྱེད་བུ་ལགས་ཐུགས་རྗེ་ཆེ། ཁྱེད་ཀྱིས་གསུངས་པ་བདེན། ང་ཚོས་དོ་སྣང་དང་རྣམ་དཔྱོད་ཡངས་པོར་མ་འབྱེད་ཚེ་སྐབས་འཚོལ་རིང་ལུགས་པ་མང་དུ་འགྲོ་ངེས་རེད།
གནས་ཚུལ་འདྲ་ཏོག་ཙམ་བྱུང་མ་ཐག་ལམ་སེང་དྲྭ་ཐོག་བཀོད་ཡག་འདི་ག་རེའི་ལུགས་སྲོལ་རེད་ མངོན་གནས་འཇོན་པོ་དང་རྒོད་པོ་ཡོད་ན་མདའ་འབེན་ལ་ཕོག་དགོས་ངེས། ད་ཐེངས་འཆམ་ར་དྲི་མེད་ཀྱི་མདའ་རང་སར་རྒྱབ་སོང། སྙིང་རྗེ། འཆམ་ར་དྲི་མེད་ཀྱི་རྣམ་དཔྱོད་ལ་ཐུགས་རྗེས་གཟིགས།
མཁྱེན་རྩལ་ཡངས་པའི་དྲྭ་གྲོགས་མང་པོ་ཞིག་གིས་འདིའི་ཐོག་གླེང་མོལ་ཤུགས་ཆེར་གནང་བཞིན་པ་གུས་པས་མཐོང་བྱུང་ལ།
དེ་ལྟར་གླེང་ཀྱིན་པ་རྣམས་ཀྱང་བོད་མི་རིགས་དང་རིག་གཞུང་བཟང་པོ་དག་ལ་དུང་ཞེན་དང་ལྷག་བསམ་ཞིག་གིས་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད།
དེ་བཞིན་གུང་དཔལ་འབར་ལགས་ཀྱིས་གཙོས་སྙིང་སྟོབས་དང་ལྷག་བསམ་གྱིས་ཕྱུག་པའི་དྲྭ་གྲོགས་གང་མང་ཞིག་གིས་ཁུངས་འཔེལ་གྱི་མཆན་བུ་འགའ་བཏབ་འདུག་པས་དགའ་བསུ་ཞུ།
སྤྱིར་གུས་པས་བོད་སྨན་སྤྲད་ནོར་བྱེད་ཀྱིན་པའི་སྐོར་གླེང་བ་འདི། སྨན་རྩིས་ཁང་ལ་མ་རངས་བས་་མ་ཡིན་པ་དེ་ནི་བོད་སྨན་དང་དེའི་ལས་གཉེར་བ་དག་ལ་རེ་བ་བཟང་པོ་ཞིག་དང་། དུང་ཞེན་ཆེན་པོ་ཞིག་ཡོད་པས་ཡིན་པ་ངོས་འཛིན་གནང་འོས།
དེ་ལྟར་མིན་པ་ཁོང་ཚོས་ཅི་ཞིག་བྱས་ནས། གང་ཞིག་གི་མཐུས་ཤོར་སོང་ཡང་། དེ་མུར་བཞག་ན་རང་ངོས་ནས་འགྲིག་མོད། དེའི་མཐུས་ཤོར་དེས་བོད་ཀྱི་མིང་རྗེས་དང་། རིག་གཞུང་ལ་ཅི་ཙམ་གནོད་མིན་ཐད་ལའང་ཐུགས་བསམ་བཞེས་ན། དེ་ནི་རང་དོན་རང་གཅེས་ལོས་ཡིན།
དེ་བཞིན་རང་ངོས་ནས་བསམ་ན་བོད་སྨན་དང་སྨན་རྩིས་ཁང་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ་བཞིན།
དེའི་ཕྱོགས་ནས་མཐུས་སྒོ་ཇེ་ཚང་དང་། ཡར་རྒྱས་གོང་འཕེལ་སོགས་ལ་ཕྱོགས་རྒྱུར་རེ་བ་ཆེན་པོ་ཉར་ཡོད་མཁན་ཞིག་ཡིན།
གུས་པའི་མཆན་བུ་འདི་ཁ་སང་བཀོད་ཡོད་ཀྱང་
ད་ལྟ་ནག་གསུབ་གཏོང་སོང་བས་རྒྱུ་མཚན་ཅི་ཡིན་ནམ།
འདི་ནི་ཤམ་བྷ་ལའི་ནང་བཏབ་པའི་མཆན་བུ་ཞིག་ཡིན་པས་ཡང་སྐྱར་བཀོད་བཞིན་ཡོད།
ཡ་ཁོ་རེ འཆམ་ར་སྨྱོན་པ་ ཁྱོས་བཤད་པ་དེ་དངོས་ཡོད་དང་གནས་ལུགས་འདུག དེ་ཡང་ངའི་གྲོགས་པོ་བློ་བཟང་དམ་ཆོས་ལའང་ལོ་གཅིག་གི་སྔོན་ཞིག དབུས་སྨན་རྩིས་ཁང་ནས་ཕོ་སྨན་སྤྲད་ནོར་བྱས་ཏེ། མཚན་གུང་ཞིག་ལྷ་རྒྱལ་རི་ནས། བདེ་ལེགས་སྨན་ཁང་བར་གྲོགས་མེད་ཁེར་རྐྱང་ནུད་ནས་འགྲོ་དགོས་ཁེལ་བ་རེད། ཡིན་ནའང་མཚན་གུང་སྨན་ཁང་སྒོ་ཕྱེས་མེད་སྟབས་ཕྱི་ཉིན་མ། ཞོགས་པ་ཆུ་ཚོད་བདུན་པའི་བར་བསྟན་ས་རག་མེད། དེ་མ་ཐག་གནམ་ཁབ་བརྒྱབ་སྟེ་ཉིན་བདུན་ཙམ་རིང་སྨན་ཁང་དུ་སྡོད་དགོས་བྱུང། ཁོས་བཤད་རྒྱུར། ང་རྗེས་མ་སྨན་རྩིས་ཁང་ལ་འགྲོ་དུས། ཁོང་ཚོས་སྨན་ཤུགས་ཆེ་སོང་བ་རེད་ཟེར་བ་ཙམ་ལས། ནོར་སོང་བའི་ངོས་ལེན་གཏན་ནས་བྱས་མེད། འོན་ཀྱང་སྨན་དེ་བརྗེས་ནས་གཞན་ཞིག་སྤྲད་བྱུང། ཟེར། ཁོང་གིས་བོད་གཞུང་གི་སྨན་ཁང་ཞིག་ཡིན་པར་བརྟེན། རྙོག་གླེང་འདྲ་ཅི་ཡང་བྱས་མེད་པ། རང་གར་བསྡད་ཡོད་པ་ནི། བོད་མི་སྤྱི་མཚུངས་ལྟར་རེད།
སྔོན་ཞིག་ལ་སྨན་རྩིས་ཁང་གི་བྱེ་མ་ཁང་གསར་སྐོར་གི་གསར་འགྱུར་སྐད་གྲགས་ཅན་ཞིག་གོ་མྱོང་། ད་རེས་འདི་ནི་སྨན་རྩིས་ཁང་གི་ཆེད་ལས་ཐོན་རྫས་སོང་ཙང་ཉེན་ཁ་ཆེ་ཙམ་འདུག བྱུང་སྲིད་པའི་གནད་དོན་འདི་རིགས་ལ་འབྲེལ་ཡོད་སུ་རུང་ནས་གཟབ་ཙམ་མ་གནང་ན་ག་ནས་འགྲིག
སྡེ་དགེ་འཇིགས་མེད་ལགས།
མ་སུ་རི་ནས་སློབ་ཕྲུག་དགུ་སློབ་གྲྭ་ནས་ཕྱིར་འབུད་གཏོང་བའི་སྐོར་ལ་དུས་བབས་ནང་སོང་བ་ཡིན་ཏེ་གནས་ཚུལ་ཁ་གསལ་མ་ཤེས།
ཡིན་ནི་འཁྲིག་སྤྱོད་དང་འབྲེལ་བའི་སྐོར་ཞིག་རེད་འདུག
ཡིན་ནའང་ཉེས་པ་གཏོང་སྟངས་དེ་གཞིས་ལུས་བོད་མིའི་སེམས་ཁམས་ལ་གནོད་གཞིར་འགྲོ་ཉེན་དང་། བུ་ཕྲུག་དེ་དག་གི་སེམས་ཁམས་ལ་ཡུལ་གྱར་བོད་མིར་ལྟ་སྟངས་ངན་པ་ཞིག་འབྱུང་སྲིད་པ་རེད། ཁོང་ཚོར་སློབ་གྲྭ་ནས་ཕུད་ཀྱང་རྒྱ་གར་ནང་སྡོད་དེ་འཚོ་ཐབས་དང་སློབ་སྦྱོང་མུ་མཐུད་ནས་སྤྲོད་ཐབས་གནང་རྒྱུའི་ཐབས་ཤེས་གནང་རྒྱུ་མེད་པ་རེད་དམ།
འདིའི་སྐོར་ཁྱེད་ལ་རྒྱུས་མངའ་ཡོད་ན་ཁ་གསལ་ཞིག་ཁ་བརྡ་འི་སྟེང་འཇོག་རོགས་ཞུ།
‘འཆམ་ར་དྲི་མེད་ལགས་ཀྱིས་གསུངས་པར་རྒྱུ་མཆན་འདུག།
མཆན་བུ་༡༦པའི་ནང་དུ
གུས་པས་བཏབ་པའི་མཆན་བུ་གོང་མ་དེ། ཉིན་མ་གཉིས་ཀྱི་གོང་ལ་བཀོད་ནས་གསུབ་སོང་།
དེ་རིང་ཕྱིར་རང་འཇག་བཀོད་འདུག་པ་དེ་དང་
ཁ་སང་གུས་པས་མཆན་དེ་སྐྱར་བཀོད་བྱས་པ་གཉིས་ཟློས་པ་ལྟར་སོང་འདུག་ཀྱང་
གང་ལྟར་དྲྭ་བདག་ལགས་ཀྱིས་གུས་པའི་རེ་བ་ལྟར་ཕྱིར་བཀོད་གནང་པར་དགའ་བསུ་ཞུ།
ངས་ཞུས་པ་ལྟར་
སྐད་ཆ་ལ་གནས་ལུགས་ཡོད་ལ་མིང་དང་ཁ་བྱང་དངོས་བདེན་ཡིན།