རྭ་རྒྱ་དཔལ་ལྡན།
རྡ་ས་ཐེག་ཆེན་གཙུག་ལག་ཁང་ནི་ཡོངས་གྲགས་རྡ་རམ་ས་ལ་ཟེར་བ་རྒྱ་གར་ཧི་ལ་ཅལ་གངས་ར་རྫོང་ཁོངས། Himachal Pradesh མེག་ལོར་སྒན་ཇུའི་ཏཱ་ལའི་བླ་ལ་སྐུ་ཕྲེང་བཅུ་བཞི་བ་ཆེན་མོ་བཙན་བྱོལ་དུ་བཞུགས་གནས་སུ་ཡོད། དེ་ནི་བོད་ཀྱི་རྒྱལ་ཐོག་གང་མང་རིང་ལྷ་རྟེན་ཆོས་གསུམ་དང་། བཙན་པོ་རིམ་བྱོན་ནས་ཡོང་བའི་གཙུག་ལག་ཁང་སྟོང་རྩ་མང་པོ་བཞེངས་པ་རྒྱ་ནག་དམར་པོས་བོད་ས་བཙན་བཟུང་སྐབས་རིག་གནས་གསར་བརྗེ་ཟེར་བའི་རླུང་འཚུབ་ཀྱིས་སྟོར་བཤིགས་བྱས་ཟིན་པའི་དྲན་རྟེན་གྱི་ཚབ་དང་། ཕྱི་སྡོད་བོད་མི་རྣམས་ཀྱི་མཆོད་གནས་དང་སློབ་གཉེར་ཁང་གཅིག་ལྕོགས་ལྟ་བུར་ཕྱི་ལོ་ ༡༩༦༩ ལོར་བོད་རབ་བྱུང་བཅུ་དྲུག་པའི་ས་བྱ་ལོར་གཙུག་ལག་ཁང་འདི་ལོ་གཅིག་དང་ཟླ་བ་དགུའི་ནང་སྐུ་རྟེན་རྣམ་གསུམ་དང་བཅས་བཞེངས་བསྐྲུན་ལེགས་པར་ཞུས་ཤིང་། འདིའི་ཐུགས་བཀོད་ཡོངས་སུ་ ༸ གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཐུགས་བཀོད་ལྟར་བཞེངས་ཤིང་ནང་རྟེན་ངོ་སྤྲོད་ཀྱི་ཡི་གེ་ཡང་སྐུ་དངོས་ཀྱིས་བྲིས་གནང་པ་ད་ལྟ་གཙུག་ལག་ཁང་གི་གཡོན་གྱི་འགྲམ་ངོས་སུ་ཡོད་པ་དེ་རེད།
ནང་རྟེན་གྱི་གཙོ་བོ་ནི། དབུས་སུ་ཐུབ་པ་མཆོག་གི་གཙོ་སྐུ་དང་། རིག་གནས་གསར་བརྗེའི་སྐབས་སུ་རྒྱ་ནག་དམར་པོས་སྡུག་རྩུབ་ཀྱིས་ལྷ་རྟེན་ཆོས་གསུམ་རྩ་མེད་བཏང་བ་དང་། ལྷག་པར་གནམ་ཡོག་ན་འཚོལ་དུ་མེད་པའི་རྩ་ཆེན་ལྷ་རྟེན་བོད་ཀྱི་བཙན་པོ་རིམ་བྱོན་སྐབས་ནས་གྲ་མ་ཆག་དྲི་མ་ཉམས་པར་ཡོད་པའི་ལོ་ངོ་སྟོང་ཕྲག་གཅིག་གཉིས་སོང་བའི་ལོ་རྒྱུས་ལྡན་པ་དེ་དག་སྟོར་བཤིགས་བཏང་བའི་ནང་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་བཞེངས་པའི་རང་བྱུང་ལྔ་ལྡན་(ལྷ་ལྡན་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་གཙང་ཁང་བྱང་མར་བཞུགས་སུ་གསོལ་ནས་མི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་གི་རིང་བོད་ལྗོངས་སྐྱེ་འགྲོའི་མཆོད་ཡུལ་བསོད་ནམས་ཀྱི་ཞིང་དུ་ཉམས་ཆག་འཕོ་འགྱུར་བྱུང་མ་མྱོང་བར་བཞུགས་པའི་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་ཞེས་སྲིད་ན་རྙེད་དཀའི་སྐུ་རྟེན་བྱིན་རླབས་ཅན་ཡོངས་གྲགས་དེ་བཞིན།)ཞེས་ཏཱ་ལའི་བླ་མ་མཆོག་གིས་གཙུག་ལག་ཁང་ནང་རྟེན་ངོ་སྤྲོད་སྐབས་གསུངས་པ་ལྟར་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་གྱི་དབུ་ཚལ་གཉིས་ད་ལྟའི་གཙུག་ལག་ཁང་གི་ནང་རྟེན་སྐུ་རྒྱུ་དངུལ་དཀར་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་གི་སྐུ་བརྙན་པད་སྦྲགས་སྐུ་ཚད་ལ་ཕི་ཀྲི་བཅུ་གསུམ་ལྷག་ཙམ་ཡོད་པ་འདིའི་གཟུངས་ཀྱི་རིམ་པ་བྱིངས་རྣམས་གཞུང་ནས་བཤད་པ་ཇི་ལྟ་བའི་ཐོག་ལ། དབུའི་ནང་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་གྱི་དབུ་ཞལ་གཉིས་བཞུགས་སུ་གསོལ་ཡོད་པ་ཟེར་བ་དེ་འདི་ཡིན། རང་བྱུང་ལྔ་ལྡན་ཞེས་པ་ནི། ལོ་རྒྱུས་སུ་ཕྱིའི་སྐུ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་རང་བྱུང་གཅིག ནང་ཙན་དན་སྦྲུལ་སྙིང་གི་སྡོང་པོ་ལས་བྱུང་བའི་འཕགས་པའི་སྐུ་རང་བྱུང་གཅིག སྲོང་བཙན་སྒམ་པོ། རྒྱ་བཟའ་ཀོང་ཇོ། བལ་བཟའ་ཁྲི་བཙུན་ཏེ་གསུམ་ཐིམ་པ་བཅས་ལ་རང་བྱུང་ལྔ་ལྡན་ཞེས་གྲགས་ཤིང༌། རང་བྱོན་ལྔ་ལྡན་ཡང་ཟེར། ཞེས་པ་དེ་རེད། གང་ལྟར་དེ་ནི་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་བཞེངས་པ་དུས་འགྱུར་བར་གང་གིས་འཇིགས་པ་མ་བྱུང་བར་ཡོད་པ་དེ་ལ་ཟེར་མོད་རྒྱ་ནག་གིས་རྩར་མེད་བཏང་ཟིན།
གཞན་ཡང་། གཙུག་ལག་ཁང་ནང་རྟེན་ངོ་སྤྲོད་ལས། (སྔར་བོད་རྗེ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བསམ་ཡས་གཙུག་ལག་ཁང་བཞེངས་པའི་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ལྷ་སྲིད་མ་རུངས་པ་དག་བཏུལ་ཏེ་བསྟན་པའི་རྨངས་འཛུགས་པའི་གྲོགས་དན་མཛད་པའི་ཐུགས་བསྐྱེད་འཕྲིན་ལས་ཐུན་མོང་མ་ཡིན་པ་མངའ་བ་ཙམ་དུ་མ་ཟད། ༸ རྒྱལ་མཆོག་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས། རིག་འཛིན་གྲུབ་པའི་དབང་ཕྱུག་པདྨ་འབྱུང་། །ལྔ་བརྒྱའི་གཙུག་རྒྱན་དཔལ་ལྡན་མར་མེ་མཛད། །རྡོ་རྗེ་འཆང་དབང་བློ་བཟང་གྲགས་པའི་དཔལ། །སྣ་ཚོགས་སྤྲུལ་པའི་གར་མཛད་དེ་ལ་འདུད། །ཅེས་གསུངས་པ་དང་། ཕྱོོགས་མཚུངས་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་ཀྱང་། སྔོན་གྱི་དུས་སུ་གྱུར་པ་ན། །རིག་འཛིན་པདྨ་འབྱུང་གནས་ཏེ། །དེ་ནས་དཔལ་ལྡན་མར་མེ་མཛད། །དེང་སང་དུས་ཀྱི་ཐ་མ་ལ། །བློ་བཟང་རྒྱལ་བ་ཀུན་གྱི་ཡབ། །སྣ་ཚོགས་སྤྲུལ་པའི་ཟློས་གར་གྱིས། །མཁས་དང་གྲུབ་པའི་རྣམ་པར་རོལ། །ཞེས་གསུངས་པ་ལྟར།) དང་། གཞན་ཡང་བོད་རྒྱལ་ཁབ་མ་ཤོར་བའི་སྔོན་གཅིག་སྟོང་དགུ་བརྒྱ་ལྔ་བཅུའི་ནང་རྫོང་གསར་མཁྱེན་བརྩེ་སྐུ་གོང་མ་རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཁམས་ནས་དབུས་སུ་བྱོན་སྐབས་རྒྱལ་བ་རིན་པོ་ཆེའི་ཞབས་བརྟན་གསུངས་པ་དང་། ལུང་བསྟན་གང་མང་གསུངས་པའི་ནང་། ལྷ་ས་གཙུག་ལག་ཁང་གི་ནང་གུ་རུ་སྣང་སྲིད་ཟིལ་གནོན་ཞིག་དང་། ཕྱོགས་བཞི་ལ་མཆོད་རྟེན་བཞི་བོད་རྒྱལ་ཁབ་ཆེན་པོའི་བསྟན་པ་ཆབ་སྲིད་བརྟན་ཆེད་བཞེངས་དགོས་པར་ལུང་བསྟན་ན་ཡང་། ཡ་ཡུད་ནང་ལྷགས་པ་དང་། གུ་རུ་ཡང་རྒྱ་གར་མ་ཆུང་ཙམ་བཞེངས་པ་ལས་གཞན་མ་འགྲུབ་པར། ཁོང་གིས་མ་འོངས་པ་ན་རྒྱལ་བ་རིན་པོ་ཆེ་སྐུ་འཁོར་ཉུང་ཙམ་ལས་རྒྱ་གར་ལ་བྱོན་ཐུབ་རྒྱུ་མ་རེད་གསུངས་པ་ལྟར་ལུང་བསྟན་དོན་སྨིན་ཐུགས་སྨོན་མ་འགྲུབ་པའི་དེའི་ཚབ་དང་། ཆོས་རྒྱལ་ཡབ་མེས་དང་སློབ་དཔོན་དམ་པའི་བཀའ་དྲིན་བསམ་ཤེས། བོད་ལྗོངས་སྐྱེ་འགྲོ་ཡོངས་ཀྱི་དམིགས་མདུན་མངོན་འགྱུར་ཡོང་བའི་ཐུགས་སྨོན་ལྟར་བཞེངས་པའི་སློབ་དཔོན་སྣང་སྲིད་ཟིལ་གནོན། ཡང་དེ་ཉིད་ལས། (སངས་ཚ་གསེར་མའི་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་བརྙན་པད་སྦྲགས་དཔངས་ལ་ཕི་ཀྲི་བཅུ་གཉིས་ལྷག་ཙམ་ཡོད་པ་གཟི་བྱིན་འབར་བ་གསར་བཞེངས་གནང་གཟུངས་སྤྱི་ལྟར་ཐོག གུ་རུའི་སྐུ་བརྙན་འབུམ་ཕྲག་ལྷག་ངེས་ཅན་གཙང་ཁང་ནུབ་མར་ཞལ་བོད་ཕྱོགས་ཤར་གཟིགས་ཀྱིས་བཞུགས་སུ་གསོལ་ཡོད།) ཅེས་པ་ལྟར་གསུངས་པ་ད་ལྟ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་གཡས་སུ་བཞུགས་པ་དེ་རེད། དེ་ཡང་། ༸ གོང་ས་མཆོག་གིས་བཀའ་གསུང་ལས་གུ་རུ་རིན་པོ་ཆེའི་སྐུ་འདྲ་ཞིག་བཞེངས་པར་ལྡི་ལི་ནས་དགེ་ལུགས་པ་ཐུན་མོང་ནས་ཅེས་པའི་ཡིག་ཆུང་ཞིག་ཡོང་བའི་ནང་། དགའ་ལྡན་ཕོ་བྲང་དགེ་ལུགས་ཀྱི་ཕོ་བྲང་ནང་གུ་རུའི་སྣང་སྙན་བཞེངས་ན་འགྲིག་མིན་གྱི་སྐད་ཆ་བཤད་འདུག་པས་ཐུགས་བློ་མ་བདེ་པར་གསུངས་བཞིན་པ་དེ་རེད། འདིའི་ཐད་ད་དུང་བཤད་ཚོད་མང་མོད། རེ་ཞིག་འབྲས་མེད་དེ་ཚོ་གླེང་བར་དོན་གོ་ཆུང་བས་བཞགས།
གཞན་ཡང་གསུང་རྟེན། ༸ རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་པོད་བརྒྱ་ཐམས་པ་དང་། བསྟན་འགྱུར་རིན་པོ་ཆེ་པོད་ཉིས་བརྒྱ་ཉི་ཤུ་རྩ་ལྔ་དང་། ཐུགས་རྟེན། ཟངས་ཚྭ་གསེར་མའི་མཆོད་རྟེན་ཆེ་ཆུང་དང་། རྒྱ་གར་ལི་མ་ཁག་སོགས་རྟེན་དང་བརྟེན་པར་བཅས་པ་འདི་དག་སྐྱེ་རྒུའི་བསོད་ནམས་ཀྱི་ཞིང་མཆོག་ཏུ་སྲིད་མཐར་བརྟན་པར་བཞུགས་ཤིང་ཞེས་རྟེན་ངོ་སྤྲོད་ནས་གསུངས་པ་དག་འདིར་བཀོད་པ་ཙམ་ལས་འགྲེལ་བཤད་དགོས་སུ་ཆུང་བས་མ་བྲིས་སོ།
དེའི་མདུན་གྱི་སྒོ་ཆེན་ནས་ནང་དུ་སོང་ན་རྒྱལ་བ་དོན་གྱི་བདག་པོ་ ༸ གོང་ས་ཏཱ་ལའི་བླ་མའི་བཞུགས་ནས་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་རེད། དེར་སྐྱིད་གྲོང་ཇོ་བོའམ། འཕགས་པ་མཆེད་བཞིའི་ནང་གསེས། དུས་རབས་བདུན་པའི་སྐབས། བལ་ཡུལ་ལྷོ་མཚམས་སུ་སྐྱེས་པའི་ཙན་དན་གྱི་ཤིང་སྡོང་གཅིག་དུམ་བུར་བཞིར་བཅད་པ་ལས་བཟོས་པའི་སྤྱན་རས་གཟིགས་ཀྱི་སྐུ་བརྙན་ཝ་ཏི་སྟེ། སྐྱིད་གྲོང་ས་ཆའི་འཕགས་པ་ལྷ་ཁང་དུ་བཞུགས་པའི་སྤྱན་རས་གཟིགས་ཀྱི་སྐུ་བརྙན། བོད་རང་དབང་རང་བཙན་རྒྱ་ནག་དམར་པོས་བཙན་འཕྲོག་ཕྱིས་རྒྱ་གར་དུ་གདན་འདྲེན་བྱས་ ༸ གོང་ས་མཆོག་དང་མཉམ་བཞུགས་གནང་བ་དེ་ཡོད། དེ་ནི་ས་ག་ཟླ་བའི་ནང་མ་ཎྀ་དུང་སྒྲུབ་སྐབས་གཙང་ཁང་དུ་གདན་དྲངས་ནས་མ་ཎྀ་སྒྲུབ་བཞིན་ཡོད། ལོ་གཅིག་གི་ནང་ཐེངས་གཅིག་ལ་གཙུག་ལག་ཁང་དུ་གདན་འདྲེན་པ་དེ་ལས་མཇལ་མི་ཐུབ། གཞན་ཡང་དེར་ ༸ གོང་ས་མཆོག་གི་ཡོངས་འཛིན་གླང་རིན་པོ་ཆེའི་དམར་གདུང་སོགས་ནང་རྟེན་བསམ་གྱི་མི་ཁྱབ་པ་མང་མོད་ལོ་རྒྱུས་སོགས་ངེས་ཆ་དེ་ཙམ་མེད་པས་གླེང་ན་དགོས་པ་ཆུང་བས་བཞག་གོ། །།
24.05.2019 ཉིན།
རྩོམ་ཡིག་འདིའི་ཁུངས་ནི་ ༸ གོང་ས་མཆོག་གིས་མཛད་པའི་གཙུག་ལག་ཁང་གི་ནང་རྟེན་ངོ་སྤྲོད། རྒྱ་གར་ཧི་མ་ཅལ་མངའ་སྡེ་ངྷ་རམ་ས་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་རྟེན་དང་། བརྟེན་པར་བཅས་པའི་ལོ་རྒྱུས་དཀར་ཆག་དད་གསུམ་འདྲེན་པའི་ཤིང་རྟ་ཤེས་བྱ་བ་དང་། བཀའ་སློབ། གཞན་ཡང་གྱ་སྟོན་སྐབས་ ༸ ས་སྐྱ་གོང་མ་རིན་པོ་ཆེའི་བཀའ་སློོབ་སོགས་ལ་གཞི་བྱས་པ་དང་། དེ་ལས་གཞན་པའི་ཁུངས་མ་རྙེད་པ་དག་འདིར་མ་གླེང་ངོ་།།
ཐུགས་རྗེ་ཆེ། ངོ་སྤྲོད་ལེགས།
བོད་ཡིག་གིས་བོད་པར་བརྡ་མི་འཕྲོད་པའི་རྩོམ་ལ་རེར་ཉོབ་ནས་བསྡད་ཡོད་སྐབས་ཤིག་ལ། ཀློག་བདེ་གོ་བདེ་ཞིག་བཀླག་རྒྱུ་བྱུང་སོང་།
་་་་་་་་་་་་་ ངྷ་རམ་ས་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་་་་་་་་་་་་་་་་་་
འདི་དག་པ་རེད།
དྷ་ས་ལ། རྡ་ས། སྡ་ས། གདའ་ས། མདའ་ས། འདི་དག་བྲིས་ན་ནོར་བ་རེད་དོ།།
གཞུང་འབྲེལ་ཡིག་ཆའི་ནང་མང་ཆེ་བ་ངྷ་རམ་ས་ལ་བྲིས་འདུག ཡང་གསར་ཁང་དང་རྩོམ་བྲིས་དག་ན་རྡ་ས་བྲིས་པ་ཤུགས་ཆེ་བ་འདུག ང་རང་རྡ་ས་ཟེར་བ་འདིར་གོམས་འདུག ངྷ་ས་བྲིས་པ་དག་ལུང་འདྲེན་རེད།
རྡོ་རབ་འབྱམས་པ་ལེགས་ཁྱེད་ཀྱིས་བཤད་པའི་(ངྷ་རམ་ས་)དག་ཟེར་བ་དེར་དངོས་ནས་རྒྱུ་མཚན་ཡོད་ན་ཤོད་དང་། གཞན་འདི་དག་ཟེར་ན་གོ་རྒྱུ་དེ་ཙམ་འདུག་གམ།
#6 ཪྭ་རྒྱ་དཔལ་ལྡན། ་ལགས་ཀྱིས་སྤེལ་དོན།:
May 27th, 2019 at 11:40 am
རྡོ་རབ་འབྱམས་པ་ལེགས་ཁྱེད་ཀྱིས་བཤད་པའི་(ངྷ་རམ་ས་)དག་ཟེར་བ་དེར་དངོས་ནས་རྒྱུ་མཚན་ཡོད་ན་ཤོད་དང་། གཞན་འདི་དག་ཟེར་ན་གོ་རྒྱུ་དེ་ཙམ་འདུག་གམ།
དྲི་བའི་ལན་དུ།
སྨྲས་པ། ཧིན་སྐད་དམ། ཧིན་ཡིག་ཏུ། དྷ་རམ་ཤྰ་ལྰ། ध དྷ་འདི་རེད་མ་གཏོགས། द འདི། མ་རེད། དེས་ན། དངོས་གནས་བྱས་ན། དྷ་རམ་ཤྰ་ལྰ། བྲིས་ནས། གོ་དོན། མགྲོན་ཁང་ལ་ཟེར།
དེ་ཡང་དིང་སང་གི་དངུལ་སྤྲད་དགོས་པའི་མགྲོན་ཁང་ལ་མི་གོ་བར། རིན་མེད་གནས་སྐོར་འགྲུལ་བཞུད་པའི་གནས་སྐབས་བསྡད་ས་ཟེར།
དེ་ཡང་། ཨིན་སྐད་དུ། DARAMSALA འདི་གྲགས་ཆེས་དྲགས་ནས། དྷ་རམ་ཤ་ལ། དེ་ཡང་། རྡ་རམ་ས་ལ་རུ་མ་དག་རྒྱུན་འཇགས་སུ་སོང་བ་རེད་དོ།།