རོང་པོ་བློ་བཟང་རིན་ཆེན།
དེ་རིང་གནམ་གཤིས་ལྷོད་ཅིང་སྐྱིད། རླུང་བུ་བསིལ་ཞིང་འཇམ། ལྗོན་ཤིང་ལྡེམ་ཞིང་གཡོ། སྤངས་ལྗོངས་མཛེས་ཤིང་ལེགས། ད་དུང་ཞོགས་པའི་ཆར་པ་སིམ་སིམ་དེས་ང་ལ་བདེ་སྐྱིད་མི་དམན་པ་ཞིག་བྱིན་སོང་། དེ་རིང་གནམ་གཤིས་ལྷོད་འཇམ་དེ་གྲོགས་སུ་བསྟེན་ནས་རྩོམ་ཐུང་ཞིག་འབྲི་བའི་འདུན་པ་བྱུང་སྟེ། <<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་>>གྱི་<<རྒྱ་གར་ནང་གི་ཨཱཡྱ་མི་རིགས་ཇི་ལྟ་བུ་ཞིག་རེད་>>ཅེས་པའི་ཚན་པ་འདི་བཀླགས་པ་ཡིན།
ཚན་པ་འདི་ཀློག་པའི་འདུན་པ་ཁ་སང་ནས་བྱུང་ཡང་། ཁོ་བོ་རྣམ་གཡེང་ལ་དབྱིངས་ཞུགས་ནས་དེ་རིང་བར་དུ་ལྷག དེ་རིང་འཚིག་ཇ་ཕོར་གང་ལོངས་སུ་སྤྱོད་བཞིན་ཚན་པ་འདི་ཀློག་དུས་ཧ་ཅང་སྤྲོ་སྣང་ལྡན་པ་ཞིག་རེད། དཔེར་ན་ཚན་པ་འདིར་“ཨཱཡྱ་མི་རིགས་ནི་སྤྲོ་སྐྱིད་ཀྱི་སེམས་ཁམས་ཧ་ལས་པའི་ཡག་པོ་ཡོད་པའི་མི་རིགས་ཤིག་ཡིན་པ་མ་ཟད། གུ་དོག་དང་ཡིད་མུག་པའི་གནས་སུ་མ་ལྷུང་བར་དགའ་སྤྲོ་དང་བློ་སྤོབས་ཆེན་པོ་ཅན་གྱི་མི་རིགས་ཤིག་ཀྱང་རེད། ཁོ་ཚོས་སྤྲོ་སྐྱིད་ཀྱི་བྱ་བའི་ཁྲོད་ནས་གླུ་གཞས་ཡག་པོ་བརྩམས་ཤིང་། དེ་དག་དབྱངས་རྟ་སྙན་མོས་ལྷ་ཚོགས་ལ་ཕུལ་ཏེ་མཆོད་གསོལ་བྱེད”་ཅེས་བྲིས་པ་དང་། ད་དུང་གདོད་མའི་ཨཱཡྱ་མི་རིགས་ལ་མཚོན་ན་གཡོ་སྒྱུ་དང་བྲན་གཡོག་གི་དབང་དུ་འཚོ་བ་ལས་ཤི་སོང་ན་ཡག་ཤོས་སུ་མཐོང་གི་ཡོད་”ཅེས་བྲིས་འདུག དེ་དག་ལ་བལྟས་ན་ཨཱཡྱ་མི་རིགས་ནི་མི་རིགས་ཀྱི་ལ་རྒྱ་ལྡན་ཞིང་སྙིང་སྟོབས་ཀྱི་དཔལ་འབར་བའི་མི་རིགས་ཤིག་ཡིན་པ་དཔོག་ཐུབ།
ཡང་འདི་འདྲ་ཞིག་བྲིས་ཡོད་“ཨཱཡྱ་མི་རིགས་ནི་འཐབ་འཛིང་ལ་མཁས་པ་མ་ཟད། ཞིང་ལས་བགོ་འགྲེམ་བྱ་བ་ལ་ཧ་ཅང་ཞིབ་ཚགས་དང་། ཚན་རིག་གི་ཤེས་བྱ་ལའང་གོ་རྟོགས་ཟབ། ཁོ་ཚོས་རང་བྱུང་གི་ཁྱད་ནུས་དག་ཞིང་ལས་རིག་པའི་ཕྱོགས་ལ་གཅིག་སྡུད་བྱས་ཡོད་པ་དང་། ཁོ་ཚོས་ཕྱོགས་ཡོངས་ནས་ནུས་པ་རྩལ་འདོན་བྱས་ཏེ་ཞིང་ལས་རིག་པར་ཕན་ཐོགས་ཆེན་པོར་བསྒྲུབས་ཡོད་”ཅེས་པ་དང་། གཙང་པོ་ཆེན་པོ་དག་གིས་ཁོ་ཚོ་ལ་འཐུང་ཆུ་བྱིན་པ་སོགས་ཀྱིས་ཁོ་ཚོ་གཙང་པོ་ལ་དགའ་ཞིང་། དེ་དག་མཛའ་གྲོགས་གལ་ཆེན་ཞིག་དང་དྲིན་ཆེན་ལྟ་བུ་ཞིག་ལ་བརྩི་བཀུར་བྱེད་ཀྱི་ཡོད། གླང་དང་བ་མོ་གཉིས་ཀྱིས་ཁོ་ཚོ་ལ་ཞིང་ལས་དང་། ཉིན་རེའི་འཚོ་བ་གཉིས་ཀའི་ཐད་ལ་ཕན་ཐོགས་ཆེན་པོ་བསྒྲུབས་པར་མ་ཟད། བ་མོ་ལྟ་བུར་མཚོན་ན་འོ་མ་སྦྱིན་པའི་རིན་ཐང་ཧ་ཅང་ཆེན་པོ་རེད། དེའི་ཕྱིར་ཁོང་ཚོས་དམིགས་བསལ་སེམས་ཅན་བྱོལ་སོང་གི་རིགས་ལ་བྱམས་སྐྱོང་བྱེད་པ་དང་། བསྟོད་ཚིག་གི་གླུ་གཞས་ལེན་”ཞེས་བྲིས་ཡོད། དེ་དག་ལ་བལྟས་ན་ཁོ་ཚོ་བློ་སྤོབས་དང་སྙིང་སྟོབས་ལྡན་པ་ཞིག་ཡིན་པ་མ་ཟད། དྲིན་ཅན་ལ་དྲིན་ཅན་དུ་ཚོར་བའི་མི་རིགས་ཕྱི་ཐག་ཅན་ཞིག་ཡིན་པ་བསྟན་མི་འདུག་གམ།
ད་དུང་འདི་འདྲ་ཞིག་བྲིས་ཡོད་“དུས་ཡུན་རིང་པོ་ལོན་པའི་རྗེས་སུ། མི་ཚོས་བ་མོ་ལ་བྱམས་སྐྱོང་བྱེད་དགོས་པའི་རྒྱུ་མཚན་ངོ་མ་དེ་བརྗེད་ནས། བ་མོ་ནི་མི་སྒེར་ལ་གདུང་གྲོགས་མཛད་མཁན་ཡིན་པ་ནང་བཞིན་མཆོད་འབུལ་བྱེད་སའི་ཡུལ་དུ་གྱུར་བ་རེད་”ཅེས་བྲིས་འདུག འདིས་ནི་ད་ལྟའི་འུ་ཅག་གི་ཆོས་ལུགས་བྱེ་བྲག་པ་རེ་འགས། བྱོལ་སོང་དུད་འགྲོ་རེ་ཟུང་ལྷ་རུ་བཀུར་བའི་ཐོག་མའི་རྨོངས་ས་དེ་བསྟན་འདུག་སྙམ།
དང་ཐོག་མི་རྣམས་ཀྱིས་རི་བོ་དང་གཙང་ཆུ། བ་གླང་དང་སྤྲེའུ་སོགས་མང་པོ་ཞིག་དྲིན་ཅན་དུ་རྩི་དགོས་པའི་རྒྱུ་མཚན་ཚད་ལྡན་རེ་མཆིས་ཀྱང་། ཕྱིས་སུ་དང་ཐོག་གི་རྒྱུ་མཚན་དངོས་གནས་དེ་བརྗེད་ནས། དེ་དག་ལྷ་དང་གཙོ་བོ་སོགས་སུ་བཀུར་བ་ནི་མ་རིག་རྨོངས་པའི་འབྲས་བུ་ཞིག་ཏུ་འཁུམས་སོ།།
2019/6/11ཉིན་རང་ཤག་ཏུ་བྲིས།
ཁྱེད་ཀྱིས་དཔྱད་བརྗོད་འདིའི་ནང་ཨཱཡྱ་མི་རིགས་ལ་ཐོག་མའི་སྐབས་སུ་བསྟོད་གླུ་སྲོལ་གྱིས་བྱས་ཤིང་མར་ཡོང་ནས་ཨཱཡྱ་མི་རིགས་ནི་རྨོངས་པའི་མི་རིགས་ཤིག་ལ་ངོས་འཛིན་བྱས་འདུག ངས་དཔྱད་བརྗོད་འདི་ཐེངས་གཅིག་བཀླགས་རྗེས། སྔར་བོད་མིར་གུང་ཁྲན་རིང་ལུགས་སམ་མོའི་རྗེས་འཇུག་པ་ཚོས་བཤད་པའི་སྐད་ཆ་ཞིག་ཡིད་ལ་དྲན་སོང་། དེ་ནི་ཆེས་ཀླ་ཀློ། ཆེས་མུན་ནག ཆེས་རྨོངས་དད། འདི་དག་གི་རྩ་བའི་བསམ་བློ་ནི་དཔལ་འབྱོར་ལ་ཁ་བསྙད་ནས་དད་མོས་རིང་ལུགས་པར་རྒོལ་གཏམ་བཏང་པ་རེད། དངོས་ཡོད་དང་བརྒལ་བ་རེད། མིའི་རང་དབང་དང་བདེ་སྐྱིད་ལ་རྒོལ་བ་རེད། རྩོམ་པ་པོ་ཞིག་ཡིན་ན་ལྟ་གྲུབ་ལས་གཞན་པའི་མི་སེམས་ལ་རྨ་བཟོ་བ་དང་རང་དབང་ལ་གནོད་པའི་སྐད་ཆ་བཤད་ན་དེ་ཙམ་ཡག་པོ་མི་འདུག འགྲོ་བ་མི་སུ་ཞིག་ཡིན་ཡང་ཐོག་མའི་དད་མོས་དེ་རང་བྱུང་ཁམས་དང་འཚོ་བའི་བར་ཐག་ནས་ཟློག་དཀའ་བའི་བྱ་བཞག་ཅིག་ལ་གདོང་གཏད་སྐབས་ཅི་ཞིག་ཡིན་ཡང་ཡོང་སྲིད་པ་ཞིག་རེད། ཆོས་ལུགས་ཤིག་ཡིན་ཚེ་ངེས་པར་དུ་ལྟ་གྲུབ་དང་རིག་ལམ་གྱི་རྒྱབ་ལྗོངས་ལྡན་དགོས་པའི་ངེས་པ་མེད། དེ་ནི་བཀའ་དྲིན་བསམ་ཤེས་ཆེད་ཕྱག་བྱ་བ་དང་། དྲིན་བཟོ་ཆེད་ཁོ་ན་ཡིན་ཡང་འགྲིག་པ་རེད། རྩ་བའི་བདེ་སྐྱིད་ཐོབ་པར་བསམ་པ་དང་སྡུག་བསྔལ་མ་ཡོང་བར་སྨོན་པ་ཙམ་གྱིས་མི་འགྲིག་པ་ཅི་ཡོད།