རོང་པོ་བློ་བཟང་རིན་ཆེན།
ཞོགས་པའི་ཆར་པ་སིམ་སིམ་དེའི་ཁྲོད་ནས། ང་དང་ལས་གྲོགས་ཁང་ཚན་རྒན་ཁ་ཤས་རླངས་འཁོར་གྱི་ལམ་བུ་བརྒྱུད་ནས་རྐང་ཐང་དུ་གཞིས་གྲོང་གསུམ་པར་སྐོར་གཡེང་དུ་བསྐྱོད་པ་ཡིན། གཞིས་གྲོང་གསུམ་པ་ནི་དབེན་པའི་རི་ཁྲོད་ལ་གནས་པའི་དགོན་པ་བཞིན་ཁུ་སིམ་མེར་གནས། ལམ་འགྲམ་ལ་ཕར་ཚུར་བསྐྱོད་པའི་མགྲོན་པོ་དག་གིས་ཀྱང་སྐད་ཆ་ཤབ་ཤུབ་ཏུ་བཤད་ནས་ལྷིང་འཇགས་ཀྱི་ངང་ནས་སྐྱོད་བཞིན་གདའ། བོད་པ་དང་རྒྱ་གར་བ་ཁ་ཤས་ཀྱིས་གཉེར་བའི་ཟ་ཁང་ཆུང་ཆུང་རེའི་མདུན་དུ་འགྱིག་གི་རྐུབ་ཀྱག་དང་མདུན་ལྕོག་བསྒྲིགས་ནས་ཞོགས་ཇ་འཐུང་བར་མགྲོན་བསུ་བྱེད་བཞིན་མཆིས། དེ་ནས་ང་ཚོས་ཀྱང་བོད་པ་རྒན་རྒོན་གཉིས་ཀྱིས་གཉེར་བའི་ཟ་ཁང་ཆུང་ཆུང་དེ་ནས། ཞོགས་ཟས་སྟབས་བདེ་ཞིག་ལ་རོལ་ཏེ་ཡང་བསྐྱར་ང་ཚོས་འཁོར་ལམ་བརྒྱུད་ནས་རྐང་ཐང་དུ་འབྲས་སྤུངས་ལ་ལོག ཤག་ལ་འབྱོར་སྐབས་རྔུལ་ལེན་ཡང་རློན་པར་གྱུར་འདུག དེ་ནས་གྲོགས་བསོད་དར་དང་མཉམ་དུ་འཚིག་ཇ་ཞིག་བསྐོལ་ནས་<<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་>>གྱི་<<རཱ་མ་ཡ་དང་མ་ཧཱ་བྷ་ར་ཏཱ་>>ཞེས་པའི་ཚན་པ་འདི་བཀླགས།
ཚན་པ་འདི་ <<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་>>གྱི་ཆེས་མཐའ་མཇུག་གི་ཚན་པ་དེ་རེད། ཚན་པ་འདི་ཀློག་སྐབས་ཅུང་ཙམ་དགའ་སྤྲོ་འཕེལ་བ་ཞིག་རེད། རྒྱུ་མཚན་ཟླ་འགའི་སྔོན་དུ་ཁོ་བོས་དེབ་ཆུང་འདི་ལ་བཀླགས་བྱང་ཞིག་འབྲི་བའི་དམིགས་ཡུལ་བཟུང་བ་ལྟར་གྲུབ་པ་དང་། གཉིས་སུ་ངའི་ཆོས་གྲོགས་ཤིག་གིས་ང་ལ། ཁྱེད་ཀྱིས་དཔེ་དེབ་འདིའི་ཚན་པ་རེ་རེར་བཀླགས་བྱང་རེ་རེར་གྲུབ་ཚེ། ཁྱེད་ལ་ཧིན་སྒོར་ཁྲི་གཅིག་གི་རྔན་པ་སྦྱིན་ངེས་ཞེས་ཁ་ཆད་ཡོད་པ་ལྟར་རྔན་པ་ཐོབ་རྒྱུ་ཡོད་པ་སོགས་ཀྱིས་ཅུང་ཙམ་སྤྲོ་སྣང་ལྡན་པ་ཞིག་རེད།
གང་ལྟར་ཚན་པ་འདིར་སྔོན་<<ཤེས་བྱའི་རིག་མཛོད་>>འབྲི་བའི་སྐབས་ལ་རྒྱ་གར་དུ་ཤེས་བྱའི་དུས་རབས་ཟེར་བ་ཞིག་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཅིང་། དེའང་སྐབས་དེ་དུས་ཀྱི་བློ་རིག་རྣོ་ཞིང་སྙིང་སྟོབས་ལྡན་པའི་སྐྱེས་བུ་རྣམས་ཀྱི་ཤེས་རབ་ལ་ཕུལ་བའི་བསྟོད་བསྔགས་ཤིག་ཡིན་པར་བསྟན་ཡོད། ཤེས་བྱའི་དུས་རབས་ཀྱི་རྗེས་སུ་དཔའ་བོའི་རྟོགས་བརྗོད་ཀྱི་དུས་རབས་ཟེར་བ་ཞིག་བྱུང་བ་རེད། དུས་རབས་དེ་ལ་དཔའ་བོའི་རྟོགས་བརྗོད་ཀྱི་དུས་རབས་ཟེར་དོན། གཙོ་བོ་རྟོགས་བརྗོད་རིང་མོ་གཉིས་ལ་རག་ལས་ཡོད། རྟོགས་བརྗོད་དེ་གཉིས་ནི་སྙན་ངག་གི་སྒྱུ་རྩལ་གྱིས་ཕྱུག་པའི་<<རཱ་མ་ཡ་ནཱ་>>དང་<<མ་ཧཱ་བྷ་ར་ཏཱ་>>ཞེས་པའི་བསྟན་བཅོས་དེ་གཉིས་རེད། བསྟན་བཅོས་དེ་གཉིས་ནི་ཀུན་ལ་རྒྱུས་ཡོད་དུ་གྱུར་བའི་དཔའ་བོའི་གཏམ་རྒྱུད་འཆད་པའི་གླེགས་བམ་རིང་མོ་ཞིག་ཡིན་འདུག <<རཱ་མ་ཡ་ནཱ་>>བསྟན་བཅོས་ནི་ཁྱེད་རང་ཚོས་ཤེས་གསལ་ལྟར་རྒྱལ་པོ་རཱ་མ་ནཱ་དང་བཙུན་མོ་རོལ་རྙེད་མ་གཉིས་ཀྱིས་ལན་གའི་(Lanka)རྒྱལ་པོ་རཱ་བ་ནཱ་(Ravana)་ཞེས་པར་འཐབ་འཛིང་བྱས་པ་བརྗོད་བྱར་བཟུང་བའི་བརྩམས་སྒྲུང་ཞིག་ཡིན་འདུག ནེ་རུ་ཁོང་གིས་“<<རཱ་མ་ཡ་ནཱ་>>ནི་གཏམ་རྒྱུད་སྙིང་རྗེ་བ་དག་དག་གིས་ཁེངས་ཡོད། འོན་ཀྱང་ངས་འདི་ནས་ཡང་བསྐྱར་ཆ་ཚང་བ་ཞིག་འགྲེལ་བཤད་བྱེད་དཀའ་བས། ཁྱོད་ཀྱིས་འདི་ལ་ངེས་པར་རང་ཉིད་ཀྱི་ཆེད་དུ་ལྟ་ཀློག་བྱེད་དགོས་”ཞེས་གདམས་ཡོད་པ་བཞིན། འུ་ཅག་གིས་ཀྱང་རང་ཉིད་ཀྱི་ཆེད་དུ་ཚར
གཅིག་ཀློག་དགོས་པ་མ་རེད་དམ།
<<མ་ཧཱ་བྷ་ར་ཏཱ་>>ཞེས་པའི་བསྟན་བཅོས་དེ་ནི་ <<རཱ་མ་ཡ་ནཱ་>>དར་ནས་ཡུན་རིང་གི་རྗེས་སུ་བྱུང་བའི་ཀུན་སྤྱོད་དང་བསམ་བློའི་གཏམ་རྒྱུད་ཀྱིས་ཕྱུག་ཅིང་། བྱམས་པ་དང་སྙིང་རྗེ་བརྗོད་བྱར་བསྡུས་པའི་བསྟན་བཅོས་ངོ་མཚར་ལྡན་པ་ཞིག་ཡིན། དེའི་ཕྱིར། བསྟན་བཅོས་དེ་ཉིད་བརྩམས་ནས་ལོ་ངོ་སྟོང་ཕྲག་འགའ་ཆས་ནའང་། ད་དུང་བྱིས་པ་ཚོས་ངག་ནས་སྐྱོར་ཞིང་རྒན་པ་ཚོའི་རུས་རྐང་ལ་འཐིམ་བཞིན་པ་མ་ཡིན་ནམ།
2019/6/12ཉིན་རང་ཤག་ཏུ་བྲིས།
ཡབ་མེས་དམ་པའི་མཛད་རྗེས་ཕྲེང་བ་ལ།
ཆུ་ཐིག་ཙམ་གྱི་ལོ་རྒྱུས་ཀུན་ལ་ཕན།
ཤེས་བྱ་མཐའ་མེད་ནམ་མཁའ་སྟོང་པ་འདྲ།
རིག་པ་མཐའ་མེད་རྒྱ་མཚོའི་གཏིང་མཐའ་འདྲ།
དད་པའི་རྗེས་འབྲངས་རྙིང་ཞེན་རུང་ལུགས་དང།
རིག་པའི་རྗེས་འབྲངས་གསར་བརྗེའི་ལམ་ལུགས་གཉིས།
གཅིག་གི་གཅིག་ལ་བདེན་ངོ་སྤྲོད་སྲིད་ཀྱང།
སུ་བདེན་དབྱེ་བ་ཆོད་པའི་ཁྲིམས་དཔོན་སུ།