སྐར་ཆེན།
ཉིན་འདི་དག་གི་རིང་ལ་ངས་བོད་ནང་གི་བོད་མིའི་གྱེན་ལངས་ཆེན་མོའི་སྔ་ཕྱིའི་བྱུང་རིམ་དང་གཞིས་ལུས་བོད་མི་ཚོའི་སེམས་འདུན༌། བོད་ནང་གི་བོད་མི་ཚོའི་ལྷག་བསམ་དང་ཞུམ་མེད་ཀྱི་སྙིང་སྟོབས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་སླད་དུ་བཙན་བྱོལ་བོད་མི་ཚོའི་ངོས་ནས་་ལས་འགུལ་སྤེལ་སྟངས། བཙན་བྱོལ་བོད་གཞུང་གི་སྲིད་ཇུས་ཀྱི་ཁ་ཕྱོགས། ༧གོང་ས་མཆོག་གི་ཐུགས་རེ་དང་ཁོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གསལ་འདེབས་གནང་སྟངས། རྒྱ་ནག་གཞུང་གིས་མུ་མཐུད་དུ་བོད་མིར་དྲག་གནོན་བྱེད་སྟངས་དང་བོད་དོན་ཐད་སྲིད་ཇུས་འཛིན་སྟངས། རྒྱའི་ཤེས་ལྡན་མི་སྣ་ཁག་གི་བོད་དོན་ཐད་ཀྱི་བསམ་ཚུལ་དང་དེའི་རྒྱབ་ལྗོངས། རྒྱ་ནག་སྐམ་ས་ཆེན་མོའི་མི་མང་དང་ཕྱི་སྡོད་རྒྱ་མི་དག་གིས་བོད་དོན་ལ་རྣམ་འགྱུར་སྟོན་སྟངས། བོད་ཕྱི་ནང་གི་བརྒྱུད་ལམ་ཁག་གི་བསམ་ཚུལ་དང་ཁ་ཕྱོགས༌། རྒྱལ་སྤྱིའི་ཐོག་གི་ཤེས་ལྡན་མི་སྣ་ཁག་དང་སྲིད་གཞུང་ཁག་གིས་བོད་དོན་ལ་རྣམ་འགྱུར་སྟོན་སྟངས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དོན་ལ་ངོས་འཛིན་གནང་སྟངས་དང་བོད་དོན་བརྒྱུད་རང་གི་ཕུགས་རེ་དང་གོ་སྐབས་འཚོལ་སྟངས་སོགས་ཕྱོགས་ཚང་མར་ཉན་ཤེས་དང་བསྡུ་ལེན་བྱེད་བཞིན་ཡོད།
གནས་ཚུལ་འདི་དག་གིས་ང་ལ་དྲི་བ་སྣ་ཚོགས་ཤིག་འཁྱེར་ཡོང་གི་འདུག་ དེ་ནི་ངས་ཅི་ཞིག་བྱེད་ཐུབ་བམ། ངས་ཅི་ཞིག་བྱེད་དགོས་སམ། ང་ལ་འགན་འཁྲི་ཅི་ཞིག་ཡོད་དམ། ད་དུང་དྲི་བ་འདི་དག་གིས་ངའི་སེམས་ལ་སྡུག་བ྄སྔལ་སྣོན་མ་ཞིག་ཀྱང་འཁྱེར་ཡོང་གི་འདུག་ དེ་ནི་ང་ལ་རང་དབང་རང་བཙན་གྱི་རྒྱབ་ཁབ་ཞིག་མེད་པས་རེད། རང་དབང་རང་བཙན་གྱི་རྒྱལ་ཁབ་ཞིག་མེད་པ་དེས་ང་ལ་འགྲོ་འདུག་སྤྱོད་གསུམ་ཚུན་ནས་བརྙས་བཅོས་ཕོག་ཡོང་གི་འདུག རང་གི་སློབ་གྲོགས་རྣམས་ལ་ཡོད་པའི་མི་ཚེའི་རང་དབང་གི་བསམ་ཕྱོགས་དེ་རང་ལ་མེད་པའི་ཚོར་བ་ཞིག་ཀྱང་ངའི་སེམས་སུ་ཡང་ནས་བསྐྱར་དུ་སླེབས་ཀྱི་འདུག། འོན་ཀྱང༌། ཚོར་བ་འདི་རྣམས་རང་གི་ཉིན་ཐོར་ཕབ་རྒྱུ་ལས་ང་ལ་ལས་སྐལ་གཞན་ཅི་ཞིག་ཡོད་དམ།
ངས་དྲ་ངོས་བརྒྱུད་ནས་བོད་ཕྱི་ནང་གི་གྲོགས་པོ་རྣམས་ལ་རང་གི་བསམ་ཚུལ་དང་ཚོར་བ་རྣམས་གླེལང་མོལ་བྱས༌། ངའི་གྲོགས་པོ་རྣམས་ཀྱིས་ཀྱང་ཚོར་བ་དང་བསམ་ཚུལ་གཅིག་མཚུངས་སུ་གླེང་ཡོང་གི་འདུག རྒྱུ་མཚན༌། ང་ཚོའི་སེམས་ན་ཐུན་མོང་གི་སྡུག་བསྔལ་གཅིག་དང་རེ་བ་གཅིག་ཡོད་པ་དེ་རེད། ཐུན་མོང་གི་སྡུག་བསྔལ་ནི་བོད་རང་དབང་ཤོར་ཏེ་བོད་མི་རྣམས་གཞིས་བྱེས་གཉིས་སུ་གྱར་བ་འདི་རེད། ཐུན་མོང་རེ་བ་ནི་བོད་ལ་རང་དབང་ཞིག་འཐོབ་རྒྱུར་རེ་བ་དེ་རེད།
བར་སྐབས་འདི་འདྲ་ཞིག་ཏུ། ང་ལ་ཁ་བརྡ་ཞེས་པའི་བོད་ཡིག་གླེང་སྟེགས་གསར་པ་འདི་རེག་སོང༌། གླེང་སྟེགས་འདིས་ང་ལ་བོད་ཀྱི་སྐད་ཡིག་འདི་ཡང་གསོན་ལམ་བསྙེག་བཞིན་པའི་རེ་བ་ཞིག་བསྟན་སོང༌། གླེང་སྟེགས་འདིས་ང་ལ་་ཚོར་བ་སྣོན་མ་ཞིག་སྤྲད་སོང༌། རྒྱུ་མཚན༌།ང་ཡང་བོད་ཀྱི་རིག་གཞུང་དང་སྐད་ཡིག་ལ་དུང་ཞེན་ཆེ་བའི་བོད་མི་དཀྱུས་མ་ཞིག་ཡིན།
ངའི་སེམས་ལ་༧གོང་ས་མཆོག་གིས་ཨ་རིར་གསུངས་པའི་བཀའ་སློབ་ཚན་པ་ཞིག་དྲན་སོང༌། ཁོང་གིས་མ་འོངས་པའི་ལོ་བཞི་ལྔའི་ནང་ལ་བོད་མི་སྒེར་བ་རེ་རེའི་ངོས་ནས་འཆར་གཞི་བསྒྲིག་ཏེ་ལས་ཀ་བྱེད་རྒྱུ་གལ་ཆེན་པོ་རེད་གསུངས་སོང༌། རླབས་ཆེན་གྱི་སྐྱེས་བུ་འདིས་ང་ཚོར་སྐུལ་མ་ཞིག་གཏོང་གི་འདུག ང་ཚོར་རེ་བ་ཞིག་རྒྱག་གི་འདུག་ ང་ཚོར་ལམ་བུ་ཞིག་སྟོན་གྱི་འདུག་ ངའི་སེམས་ལ་ང་ཚོས་ཁོང་གི་གསུངས་ཀྱི་ཆ་ཤས་ཙམ་ཡང་བསྒྲུབ་མ་ཐུབ་ན་ཇི་འདྲའི་སྐྱོ་བ་ལ༌། ཇི་འདྲིའི་གནོང་བ་ལ་བསམ།
འབྱུང་འགྱུར་གྱི་ལོ་ཟླའི་ནང་དུ་བོད་མི་སྒེར་བ་རེ་རེས་ངོས་ནས་བོད་ཀྱི་ཆེད་དུ། བོད་པའི་རིག་གཞུང་གི་སླད་དུ། ཡང་ན་བོད་མིའི་མ་འོངས་འཚོ་སྡོད་ཀྱི་སླད་དུ། ལས་གཞི་རེ་བརྩམས་ཤིང་འགན་འཁྲི་རེ་བླངས་པ་ཡིན་ན༌། བོད་ནང་གི་བོད་མི་ཚོར་རེ་སྒུག་གི་ཉི་མ་ཤར་ཞིང་བཙན་བྱོལ་བོད་མི་རྣམས་བོད་ལ་ལོག་རྒྱུར་ཅང་མི་འགོར༌། ང་ཚོས་ལས་གཞི་ཚང་མ་སྒེར་ངོས་ནས་བརྩམས་ཤིང་ནུས་ཤུགས་ཚང་ལ་མ་སྤྱི་དོན་ལ་སྤུངས་པ་ཡིན་ན། ང་ཚོར་རེ་བ་མེད་པ་ཅི་ལ་ཡིན། ང་ཚོ་རེ་བས་ཕོངས་དོན་ཅི་ལ་ཡོད། ཁ་བརྡ་གླེང་སྟེགས་འདིས་ཀྱང་བོད་མི་སྒེར་བ་རེ་རེའི་ངོས་སམ་ཡང་ན་བོད་མི་སྒེར་བ་རེ་གཉིས་ཀྱིས་བོད་ཀྱི་སྐད་ཡིག་ལ་འགན་བབས་འཁྱེར་ཕྱོགས་ཤིག་དང་མདུན་ལམ་བསྐྲུན་སྟངས་ཤིག་སྟོན་གྱི་འདུག་པས། ངས་ལས་གཞི་འདི་ཐང་ནས་ཐོད་དུ་ལེན་མཁན་དང་རྐང་འཛིན་བྱེད་མཁན་དག་ལ་ཐུགས་རྗེ་ཆེ་ཞེས་པའི་ཡིག་འབྲི་འདི་གསུམ་རང་གི་ཉིན་ཐོར་ཕབ་པ་ཡིན།
གྲོགས་པོ་ལགས་དེང་སང་བོད་ཀྱི་རིག་གཞུང་དང་གོམས་སྲོལ་གྱི་སྲི་ཞུ་ཡིན་ཞེས་མིང་སྟོང་ཞིག་ཁ་ལ་འཁྱེར་ནས། ལག་ལེན་དུ་རང་གི་ཁེ་ཕན་དང་སྙན་གྲགས་བདེ་འཇགས་བཅས་ཁོ་ནར་དམིགས་ནས་འདུག་མཁན་ཡང་མང་དུ་སྣང་བས། དེ་དག་བོད་ཀྱི་རིག་གཞུང་སོགས་ཀྱི་སྲི་ཞུ་རུ་འགྱུར་གྱི་ཡོད་མེད་ངོས་ནས་བལྟས་ཏེ་བསྟོད་ར་དང་སྔགས་བརྗོད་བྱེད་རྒྱུ་ལས། མིག་གིས་མཐོང་ཙམ་དང་རྣ་བས་ཐོས་ཙམ་ནས་བསྟོད་སྔགས་བྱེད་རྒྱུ་དེ་སྔ་དྲགས་པ་རེད་སྙམ། ཡིན་ནའང་ཁ་བརྡ་དྲ་དེབ་འདི་དམིགས་སུ་བཀར་ནས་བརྗོད་ཀྱི་མེད། སྤྱིའི་ཆ་ནས་དེ་ལྟར་བལྟ་ཐུབ་དགོས་ཟེར་བ་དེ་ཡིན། ང་ལ་རིག་གཞུང་གི་སྲི་ཞུ་ཡིན་ཟེར་མཁན་རེ་གཉིས་ཀྱི་ངོས་ནས་ཚོར་སྣང་དེ་འདྲ་སྦྱིན་མྱོང་།
བཀུར་འོས་འགར་ཚེ་རྒྱལ་ལགས
གང་བསམ་པ་དེ་ཡིག་ཐོག་ལ་ཕབ་པར་རྗེས་སུ་ཡི་རངས་ཡོད།
གུས་བས་དྲ་གནས་འདིའི་ལས་གཞི་ཐང་ནས་ཐོད་དུ་ལེན་མཁན་ཚོར་ཐུགས་རྗེ་ཆེ་བརྗོད་པ་ཡིན་མ་གཏོགས་བཀྱགས་ནས་བསྔགས་མེད།
གུས་བ་ནི་བོད་ཀྱི་སྐད་ཡིག་གི་མདུན་ལམ་ཅུང་ཙམ་བསྲིངས་མཁན་ཚོ་ལ་ཡང་ཐུགས་རྗེ་ཆེ་འདེགས་མཁན་ཞིག་ཡིན།་ ཉིད་ཀྱིས་དབྱངས་གསལ་སོ་བཞིའི་ལམ་ནས་བསམ་ཚུལ་ཞིག་སྤེལ་བ་དེ་ལ་ཡང་ཐུགས་རྗེ་ཆེ་ལབ་ཀྱི་ཡོད།
རིག་གཞུང་སྲི་ཞུ་ཁ་ལ་འཁྱེར་ནས་སྒེར་དོན་བསྒྲུབས་མཁན་ནི་རྡ་ལམ་ས་ལའི་རི་ཆུང་ཆུང་དེའི་སྒང་ན་ཡང་ཉུང་ཉུང་མིན།
དེ་ཚོ་རྗེས་སུ་ཞིབ་ཏུ་གླེང་ཆོག
ཉིན་ཐོ་འདི་ཀློག་ཞོར་གླེང་སྟེགས་འདིར་བཀྲ་ཤིས་བདེ་ལེགས་ཞུ་བར་ཡོང་བ་ཡིན། གླེང་སྟེགས་འདི་ཕྱོགས་ཡོངས་ནས་ཡར་རྒྱས་དང་ཚགས་ཚུད་ཀྱི་ལམ་དུ་བསྐྱོད་པར་ཀློག་མཁན་གྱི་རམ་འདེགས་དགོས་པ་དང༌། དེ་མཚུངས་བཞིན་དོ་དམ་གནང་མཁན་གྱིས་ལྷོད་གཡེང་མེད་པ་ཞིག་གནང་ཐུབ་ན་གླེང་སྟེགས་འདི་ཉིད་ཉིད་ཐུན་མོང་གི་ཕ་གཞིས་ཤིག་ཏུ་འགྱུར་རྒྱུ་ཡིན་པ་ཁ་ཚོན་བཅད་ནས་བཤད་ཐུབ། དུས་ཚོད་གང་ལྕོགས་ཀྱིས་གླེང་སྟེགས་འདིར་ཡོང་རྒྱུའི་གྲ་སྒྲིག་ཡོད། བྱ་བ་ལམ་འགྲོ་བའི་སྨོན་འདུན་དང་བཅས་ཏོག་ཚ་ཚུལ་ཁྲིམས་ཀྱིས།
གྲོགས་སྐར་ཆེན་ལགས། སྐུ་ཉིད་ཀྱི་བསམ་བློ་འཛིན་སྟངས་དེ་ཧ་ཅང་གི་འགྲིགས་པ་ཞིག་རེད། ཐུགས་རྗེ་ཆེ། མཐར་གཏུགས་ནས་བཤད་ན་འུ་གཉིས་ཀྱི་བསམ་པའི་འབབ་ས་གཅིག་རེད། ཕྲན་ལ་མཚོན་ནའང་ལྷག་བསམ་རྣམ་དག་གིས་རིག་གཞུང་ལ་སྲི་ཞུ་བསྒྲུབ་མཁན་ཚོར་རྒྱབ་སྐྱོར་དང་རྗེས་སུ་ཡི་རངས་ཡོད། ཁ་བརྡ་དྲ་དེབ་འདིར་འདི་ལྟར་བསམ་ཚུལ་བརྗེ་རེ་བྱེད་ཐུབ་པ་འདི་ཕལ་ཆེར་ཡུལ་གྱར་བའི་སྤྱི་ཚོགས་ནང་ཐོག་མ་ཆགས་ཡོད་སྟབས། ང་ཚོ་སྨྱུ་གུ་འཛིན་མཁན་ཚོ་སྟེ་ཅིག་བཤད་ཀྱི་ཡིན། ཅིག་འབྲི་རྒྱུ་ཡིན་ཟེར་མཁན་ཚོའི་ངོས་ནས་དགའ་དགོས་པ་ཞིག་དང། དྲ་དེབ་འདི་བཀོད་སྒྲིགས་བྱེད་པོ་ཚོར་ཐུགས་རྗེ་ཆེ་ཞུས་ཆོག ཡིན་ནའང་དྲ་དེབ་སྟེང་འདི་ལྟར་གླེང་བརྗོད་སྤེལ་རེས་ཐུབ་སྟབས་ཉ་ཉོག་གི་གཏམ་ཚོགས་དང་། དོན་མེད་ཀྱིས་མི་གཞི་དམའ་འབེབས་བྱེད་པའི་ཚིག་ངན། ཕན་ཚུན་དགྲ་རུ་འཛིན་པའི་རྒོལ་གཏམ་སོགས་ཀྱིས་ཁེངས་པའི་གཡུལ་ས་ཞིག་ཏུ་མི་བསྒྱུར་རྒྱུ་དྲ་དེབ་འདིར་ཞུགས་པའི་རྩོམ་པ་པོ་ཟེར་ན་གང་ལྟར་གླེང་བརྗོད་བྱེད་མཁན་ཚོར་རག་ལས་ཡོད་པས་དྲ་དེབ་འདིར་ཤ་ཚ་ན་ཕྱོགས་དེ་རིགས་ལ་གཟབ་དགོས་པར་སྙམ། དཔེར་ན་བོད་ནང་ཁུལ་གྱི་བོད་ཡིག་ཟིན་བྲིས་དང་མཆོད་མེ་པོད་ཁུག་སོགས་ལ་མཚོན་ན་ཁ་བརྡ་དྲ་དེབ་འདི་བཞིན་སྨྲ་བརྗོད་རང་དབང་མེད་ནའང་། གཞིས་བཞུགས་པ་མང་པོ་ཞིག་གི་བསམ་ཚུལ་སྤེལ་སའི་གླེང་སྟེགས་ཤིག་ཏུ་གྱུར་ཡོད། གླེང་སྟེགས་འདི་དག་ཕྱི་ངོས་སོགས་ཀྱི་ཆ་ནས་འཐུས་སྒོ་ཚང་བ་ཞིག་ཡིན་མོད། འོན་ཀྱང་དཔྱད་བརྗོད་གླེང་གཞི་སྤེལ་རེས་ཀྱི་ཐད་ནས་མང་པོ་ཞིག་གིས་ཕན་ཚུན་དམའ་འབེབས་དང་སྐྱོན་བརྗོད་སོགས་ཉ་ཉོག་གི་ཚིག་སྣ་ཚོགས་སྤེལ་རེས་བྱེད་ཀྱིན་ཡོད་སྟབས། དྲང་བདེན་གྱི་རྩོམ་མཁན་དང་ཀློག་མཁན་མང་པོ་ཞིག་གི་ངོས་ནས་སུན་སྣང་གིས་དྲ་ངོས་ལ་འཛུལ་ཞུགས་བལྟ་ཀློག་འབྲི་སྤེལ་གྱི་འདུན་པ་རང་བཞིན་གྱིས་ཡལ་འགྲོ་བའི་སྣང་ཚུལ་འབྱུང་གིན་ཡོད་པས། འདི་ནི་དྲ་ངོས་ཞིག་ལ་མཚོན་ན་བཀོད་ཁྱབ་འཁོར་རྒྱུག་གི་ཕྱོགས་ཆ་གཙོ་བོ་ཞིག་མ་ཚང་བ་རེད། དེའི་ཕྱིར་འདིར་ཡང་རྩོམ་མཁན་ཚང་མས་ཇི་ཞིག་བརྗོད་ན་ཞི་འཇམ་ལྷོད་ཡངས་གྱིས་ཕན་ཚུན་བསམ་ཚུལ་སྤེལ་རེས་བྱ་རྒྱུ་དེ་གལ་ཆེ་བར་མཐོང་། ཁ་དྲོ། བཀྲ་ཤིས།