ཀླུ་སྨྱོན།
གངས་ཅན་བོད་ཀྱི་ལྷ་སྐལ་ཏེ།།
ཤ་མི་བཟའ་བའི་སྤྱན་རས་གཟིགས།།
ཁྲག་མི་འཐུང་བའི་སྒྲོལ་མ་ཡིས།།
གངས་ཅན་བློ་སྣ་སྙིང་རྗེར་སྒྱུར།།
གངས་རིའི་གསེབ་ན་གངས་སེང་བཞིན།།
འཇིགས་མེད་སྤོབས་པས་སྟོང་ཕྲག་ལོར།།
རང་ས་བཟུང་བའི་མིང་སྲིང་ཚོར།།
རྒྱང་རིང་ཡུལ་ནས་སྙིང་གཏམ་འབུལ།།
རང་རེའི་ཡུལ་འདི་ས་མཐོ་ཞིང་།།
ཉི་འོད་འཚེར་ཡང་གྲང་ངར་ཆེ།།
རླུང་སྐམ་དུས་བཞིར་འགྱུར་ལྡོག་གསལ།།
སྣོད་བཅུད་གཉིས་ཀ་དོ་སྙོམས་ཡོད།།
མི་ནི་ཤ་མདོག་སྨུག་པོ་དང་།།
དབུས་གཙང་ཚིག་སྙན་ཁོག་གྲིམ་ལ།།
མདོ་ཁམས་ཚིག་རྩུབ་འཐབ་རྩོད་དགའ།།
ཆ་ལུགས་ཆས་གོས་མི་འདྲ་ལགས།།
ཡིན་ཡང་རྒན་དར་གཞོན་གསུམ་དག།
མ་ཎི་ཡིག་དྲུག་འདོན་པ་དང་།།
རྩམ་པ་ཤ་མར་བཟའ་བ་ལ།།
ཁྱད་པར་དེ་ཙམ་མི་འདུག་ལགས།།
ཉིན་རེའི་ཟ་མ་ཐུན་གསུམ་པོར།།
ཤ་དང་རྩམ་པ་རྒྱུན་ཟས་དང་།།
གྲོ་འབྲས་སྔོ་ཚོད་ལ་སོགས་པ།།
ཡུལ་དུས་དབང་གིས་གང་སར་འདུག
དབུས་གཙང་བསྲུབས་ཇ་ཚྭ་མར་མང་།།
ཁྲག་ཤེད་ན་ཚའི་རྒྱུ་གཅིག་ལགས།།
དེ་བཞིན་ལྷ་སའི་ཇ་མངར་འདི།།
གཅིན་སྙིའི་ན་ཚ་གདན་འདྲེན་ཞུ།།
ཤ་ཡིས་སྙིང་ནད་ཁྲག་ནད་བསྐྱེད།།
གྲོ་དཀར་མངར་མོའི་ཚ་ན་བསྐྱེད།
དེ་བས་སྔོ་ཚོད་མང་ཙམ་སྟེན།།
ལུས་བདེ་སེམས་སྐྱིད་ཕྱི་མར་ཕན།།
དབུས་གཙང་མངའ་རིས་མདོ་སྟོད་སྨད།།
ཤ་ལ་དགའ་ཞིང་ཁྲག་ལ་འཐུང་།།
ལུས་རྩལ་ལབ་ན་མགོ་བོ་གཟེར།།
འཕྲོད་བསྟེན་གླེང་ན་རྣ་བ་འགེབ།།
ན་རྒྱུ་ཚ་རྒྱུ་རྒྱུན་མི་འཆད།
རྒས་་མ་རན་གོང་རྒས་པ་དང་།།
འཆི་མ་རན་གོང་འཆི་བ་འདི།།
ཤ་ཚྭ་མར་གསུམ་བསྟེན་དྲགས་སོ།།
དེང་སྐབས་སྔོན་དང་མི་འདྲ་བར།།
སྔོ་ཚོད་འཚོང་ཁང་གང་སར་འདུག།
ལུས་རྩལ་སྦྱོང་བའི་ཆུ་ཚོད་འདུག།
ད་ནི་འཕྲོད་བསྟེན་གང་ཆེར་ཟུངས།།
ཁྱད་པར་དགོན་པའི་གྲྭ་བཙུན་དག།
སྟོན་པའི་ན་བཟའ་སྐུ་ལ་མནབས།།
བྱམས་དང་སྙིང་རྗེ་ཞལ་ནས་གསུངས།།
ཞལ་འདི་ཤ་དང་འབྲལ་རེ་རན།།
རབ་ཏུ་བྱུང་བ་ཕལ་མོ་ཆེ།།
ཁྱིམ་པ་བཞིན་མིན་ལུས་རྩོལ་ཉུང་།།
སྔོ་ཚོད་བསྟེན་ན་མི་ལེགས་སམ།།
མདོ་སྡེ་པད་དཀར་མ་གཟིགས་སམ།།
སྒོག་པ་ཟོས་ན་ལྷ་ཁང་དུ།།
འགྲོ་བ་སྤོང་ཞེས་ཐོས་ན་ཡང་།།
གཙོ་བོ་དུད་འགྲོའི་ཤ་ཁྲག་འདི།།
ཟོས་རྗེས་ལྷ་ཁང་མ་འགྲོ་ལགས།།
ཤ་འདིས་སངས་རྒྱས་བྱང་སེམས་བརྒྱལ།།
ཤ་འདིས་ཡི་དམ་ལྷ་ཚོགས་འབྲོ།།
ཤ་འདིས་མཁའ་འགྲོས་ཞལ་ཤངས་འགེབ།།
ཤ་འདིས་ཡེ་ཤེས་བསྟན་སྲུང་བཀྱེད།།
ས་སྟེང་འདི་ན་དུད་འགྲོ་ཚོར།།
སྲོག་གི་སྦྱིན་པ་སྩོལ་བ་ཡི།།
བསྟན་དང་སྟོན་པ་གཅིག་བུ་ནི།།
ནང་བསྟན་འདི་ཉིད་ཁོ་ན་ལགས།།
ས་སྟེང་ཆོས་ལུགས་སྣ་མང་ལས།།
དུད་འགྲོར་སེམས་ཅན་གདགས་པ་དང་།།
དུད་འགྲོར་མར་གྱུར་ཟེར་བ་ནི།།
ནང་བསྟན་འདི་ལས་མི་འདུག་ལགས།།
དུད་འགྲོར་མར་ཤེས་དྲིན་དྲན་དང་།།
དྲིན་གཟོ་ཡིད་འོངས་བྱམས་པ་དང་།།
སྙིང་རྗེ་ཆེན་པོ་སྒོམ་བདེན་ན།།
དུད་འགྲོའི་ཤ་ཁྲག་བཟའ་ཕོད་དམ།།
སྟོན་པའི་དུས་སུ་འཁོར་རྣམ་བཞི།།
བསོད་སྙོམས་ཕེབས་དུས་ཨོ་བརྒྱལ་ཆེ།།
ཅི་འབུལ་བཞེས་པ་མ་གཏོགས་པ།།
དེང་བཞིན་ཟ་མ་འབེལ་བོ་མེད།།
སྟོན་པས་ཕྱི་དྲོའི་ཁ་ཟས་བཀག།
རྒྱུ་མཚན་གཉིས་ཙམ་ཡོད་པ་ལས།།
མུ་གེ་མི་འབྱུང་ཕྱིར་ཞེས་པས།།
དེ་དུས་ཟ་མ་དཀོན་པ་བསྟན།།
དེང་སྐབས་སྔོ་ཚོད་གང་འདོད་དུ།།
ཁྲོམ་དང་ཟ་ཁང་གང་སར་འདུག།
གདམས་ཀ་བརྒྱ་ཕྲག་ཡོད་བཞིན་དུ།།
ཤ་ཚིལ་བཟའ་བ་འདོད་སྲེད་ལགས།།
ཁྱོད་ཀྱིས་ཚེ་འདིའི་ཕ་མའི་ཤ།།
སྲོག་ལ་བབས་ཀྱང་བཟའ་ཕོད་དམ།།
ཚེ་རབས་སྔ་མའི་ཕ་མ་ཡི།།
ཤ་ཁྲག་འདི་ཡང་བཟའ་ཕོད་དམ།།
རིགས་པ་སྨྲ་བ་ཡིན་ནམ་ཅི།།
རིགས་པ་འདི་ནི་ཅིས་མ་དྲན།།
གཞུང་ལུགས་རབ་འབྱམས་སྨྲ་བ་ཅི།།
གནས་ལུགས་འདི་ལ་ཅིའི་ཕྱིར་གཡོལ།།
དུད་འགྲོ་གསོད་པའི་གནས་སྐབས་སུ།།
དེ་ལ་འཇིགས་དང་ཁྲོ་བ་དང་།།
སྡུག་བསྔལ་ཚོར་བ་འདི་གསུམ་གྱིས།།
ཤ་ཁྲག་རུས་གསུམ་ཀུན་ཏུ་ཁྱབ།།
སྟོན་པ་སྙིང་རྗེ་ཆེན་པོ་ལགས།།
བསྟན་པ་སྙིང་རྗེའི་སྙིང་པོ་ཅན།།
ཡིན་པ་བདེན་ན་སྙིང་རྗེ་དེ།།
ཁ་དང་ལག་པས་ར་སྤྲོད་ཅིག།
ཧྥེ་གླིང་ཉམ་ཆུང་དུད་འགྲོ་རྣམས།།
སྐམ་སར་སྟག་གཟིག་སེང་གེས་བཟའ།།
བརླན་སར་ཆུ་སྲིན་ཆེན་པོས་བཟའ།།
སྙིང་རྗེ་ཅན་གྱི་མཆི་མ་འཆོར།།
མགོན་མེད་དུད་འགྲོ་འདི་དག་གི།
མགོན་དེ་བོད་ཀྱི་རབ་བྱུང་ལགས།།
སྐྱབས་མེད་དུད་འགྲོ་འདི་དག་གི།
སྐྱབས་དེ་བོད་ཀྱི་སྔགས་པ་ལགས།།
འཚེ་བ་ཆོས་སུ་སྨྲ་བ་དང་།།
ཁ་ནང་གདོན་ཆེན་འཛུལ་བ་དང་།།
སྙིང་རྗེའི་ས་བོན་རུལ་བ་གསུམ།།
ཤ་འགོག་པ་ལ་དགག་གཞག་སྤེལ།།
བསད་གསོ་འདྲེན་ལ་དབང་འབྱོར་བའི།།
གྲུབ་དབང་དག་གིས་ཤ་ལོས་མཆོད།།
འཆི་དུས་རང་མགོའང་མི་ཐོན་པའི།།
རང་རེར་ཤ་འདིའི་བུ་ལོན་ལྕི།།
ཤ་སྤོང་བ་ལ་འཇིགས་མི་དགོས།།
ཤ་སྤོང་འདོད་ན་ལྕེ་འདིའི་སྟེང་།།
གཞན་གྱི་སྲོག་ལ་ཆེར་རྔམ་པའི།།
གདོན་ཆེན་ཡོད་པ་ངོས་ཟིན་དགོས།།
གཞན་གྱི་སྲོག་དང་རང་གི་གདོན།།
གང་ཞིག་གལ་ཆེ་ངོས་ཟིན་ན།།
སྙིང་རྗེ་ཆེན་པོར་དཀའ་ངལ་མེད།།
ཁྱོད་ཀྱིས་ཚོགས་ལམ་ཆུང་ངུ་ཟིན།།
ཚོགས་ལམ་ཆུང་ངུའང་མ་ཟིན་པར།།
ལམ་ལྔ་ས་བཅུ་དོན་བདུན་ཅུའི།།
མཚན་ཉིད་དབྱེ་བ་བརྩད་ན་ཡང་།།
དབུལ་བོས་གསེར་སྒོར་རྨི་བ་བཞིན།།
གཞན་ལ་ཕྱི་བ་ཟེར་བ་དང་།།
རང་རེར་ནང་བ་ཟེར་བ་འདི།།
ནང་ན་སྙིང་རྗེ་ཆེན་པོ་ཞིག།
ཡོད་པའི་རྒྱུ་མཚན་མ་ཡིན་ནམ།།
ལྷ་ཁང་ཤ་དྲིས་ཁྱབ་པ་འདི།།
སྟོན་པ་གང་གི་བཞུགས་གནས་ལགས།།
མཐིལ་ཤིང་ཚིལ་གྱིས་ཟིན་པ་འདི།།
བསྟན་འཛིན་སུ་ཡི་གཤེགས་ཤུལ་ཡིན།།
ཤ་ཟོས་རྗེས་སུ་ནུས་པ་ཞིག།
ཡོད་པ་བདུད་ཀྱི་བྱིན་རླབས་ཡིན།།
ཤ་ཁུ་བཏུངས་རྗེས་རིག་པ་ཞིག།
དྭངས་པ་གདོན་གྱི་བཟི་ཁ་ཡིན།།
དགོན་པ་ཚང་མའི་གྲྭ་བཙུན་ཚོར།།
ལུས་ཕུང་སྦྱོང་བརྡར་འཛིན་གྲྭ་དགོས།།
གསང་ཆེན་སྔགས་པའི་འདུས་སྡེ་ཚོར།།
འཕྲོད་བསྟེན་ཤེས་བྱའི་ངོ་སྤྲོད་དགོས།།
སྔགས་མ་བཙུན་མ་ཁྱད་མེད་དུ།།
མོ་ནད་སྔོན་འགོག་སློབ་གསོ་དགོས།།
རབ་སྔགས་སྐྱ་བོ་ཁྱད་མེད་དུ།།
དཀར་ཟས་ཕན་ཡོན་ངོ་སྤྲོད་དགོས།།
དཀར་ཟས་དེ་ཡང་ཞོག་ཁོག་རིགས།།
རྒྱུན་དུ་ཟོས་ན་མཁལ་མར་གནོད།།
ཁ་ཚ་མང་ཟོས་ཕོ་མཆིན་གནོད།།
གྲང་ཟས་རིགས་ཀྱིས་མེ་དྲོད་ཉམས།།
དཀར་ཟས་ཇི་ལྟར་བསྟེན་པ་ཡི།།
དེབ་མང་བོད་ཡིག་ལ་བསྒྱུར་དགོས།།
ཡིག་རྨོངས་དག་ལ་འགྲེལ་བཤད་ཀྱིས།།
ལུས་ཕན་སྔོ་ཚལ་ངོ་སྤྲོད་དགོས།།
ཤ་སྤངས་རྗེས་ཀྱི་ཟླ་བ་གཅིག།
ཁྱོད་ཀྱི་རིག་པ་ཉོབ་ཀྱང་སྲིད།།
ཁྱོད་ཀྱི་ལུས་པོ་ཐང་ཆད་སྲིད།།
དེ་ནས་ལུས་སེམས་བདེ་སྐྱིད་འབྱུང་།།
ག་ལེར་གྲོགས་ངན་སྤངས་པ་བཞིན།།
ཁྱོད་ཀྱི་སེམས་པ་ལྷོད་ཤིག་གེ།
ག་ལེར་ནད་ངན་དྲག་པ་བཞིན།།
ཁྱོད་ཀྱི་ལུས་པོ་བདེ་འབོལ་ལེ།།
སྔོ་ཚལ་དག་ཀྱང་དྲན་ཤེས་དང་།།
སྲིན་བུར་སྙིང་རྗེ་བསྟེན་བཞིན་སྤྱོད།།
གཞན་དུ་ལུས་བདེ་ཙམ་ཕྱིར་དུ།།
བཟའ་བ་འདོད་རྔམ་འབྱུང་བའི་རྒྱུ།།
འདི་ལྟར་སྨྲས་པ་གྲགས་ཕྱིར་མིན།།
དུད་འགྲོའི་ཚེ་སྲོག་སྐྱོབ་ཕྱིར་ཡིན།།
སྙིང་རྗེའི་བསྟན་པ་རྒྱས་ཕྱིར་ལགས།།
དགེ་བས་ལུས་བདེ་སེམས་སྐྱིད་ཤོག།
(ཨ་རིའི་Florida གནམ་ཐང་དུ་ཁ་པར་ནང་གཏགས།)
བདེན་པ་རེད། བཀའ་དྲིན་ཆེ།
སྙིང་རྗེ་སྒོམ་བདེར་དམར་ཟས་སྤོངས། །
བྱམས་པ་སྒོམ་བདེར་དམར་ཟས་སྤོངས། །
ལུས་པོ་ཡང་ཕྱིར་དཀར་ཟས་གྱིས། །
སེམས་པ་ལྷོད་ཕྱིར་དཀར་ཟས་གྱིས། །
ཀླུ་སྨྱོན་སྨྱོན་པའི་སྨྱོ་གཏམ་དེ །
ཁ་བརྡའི་ནང་དུ་བསྒྲགས་ནའང་། །
ཉམས་ལེན་མེད་པའི་གཏམ་ཡིན་པ། །
ཉི་མ་སྟོང་གི་ཉིན་ཐོར་གསལ། །
ཀླུ་སྨྱོན་མཁས་པས་ཁ་སྨྱོན་ལ།།
ཚིག་འབྲུ་རེ་ཟུང་ཁ་འབྱམས་སུ།།
འོ་རྒྱལ་ཚིག་ལ་ཨོ་རྒྱལ་དང་།།
ཧྥི་ལིང་ཡིག་འབྲུ་མ་དག་ཅན།།
ཞལ་གདམས་ཚིག་དོན་སྙན་ནའང་།།
ཡིག་འབྲུ་རེ་ཟུང་མ་བདེ་ཐལ།།
འོན་ཏང་དམར་ཟས་དཀར་ཟས་ལ།།
སྤང་བླང་རིམ་བཞིན་མཆི་ལགས་ཞུ།།
ཤ་ཡི་ཉེས་དམིགས་ཇིལྟར་ཆེ་བའི་ཚུལ། །
སངས་རྒྱས་མཆོག་གིས་སྔར་ནས་གསལ་པོར་གསུངས། །
དེ་བཞིན་གཤེགས་པས་འཐུལ་པར་མ་འགྱུར་བར། །
གདམས་ངག་པོ་ཏི་བརྩེགས་ཀྱང་ངལ་བའི་རྒྱུ། །
དཔེ་ཡག་པོ་བྲིས་འདུག ཤ་སྤངས་ནས། དཀར་ཟས་བཞེས་རོགས། ང་ཚོའི་གཡང་དཀར་ལུག་གུ་དང་ནོར་གཡག་རྣམས་ཅི་གར་རང་དབང་ཐོག་རྩ་ཐང་སྟེང་ལྷོད་ཤོག
ཀླུ་སྨྱོན་ལགས་
སངས་རྒྱས་ཀྱིས་རྣམ་གསུམ་དག་པའི་ཤ་གནང་བ་དང་སྔགས་བླ་མེད་ཀྱི་
ཚོགས་ཤ་ཟ་དགོས་པར་གསུངས་པར་ཁྱེད་རང་གི་བསམ་ཚུལ་གང་ཡོད་དམ་?
རྡ་སར་གསུང་ཆོས་ཡོད་དུས་ན།།
རྡ་སའི་ར་ལུག་འདར་བཞིན་ཡོད།།
རྡོ་གདན་དུས་དབང་ཡོད་དུས་ན།།
མ་ཧེ་བ་ལང་འདར་བཞིན་ཡོད།།
ལོ་སར་གླིང་ག་ཐོན་དུས་ནས།།
བྱ་ཕག་ར་ལུག་འདར་བཞིན་ཡོད།།
ཆང་སའི་སྟོན་མོ་ཡོད་དུས་ན།།
བྱ་དེ་ཕག་པ་ར་ལུག་རྣམས།།
མིག་ཆུ་ཤམ་མེར་འདར་བཞིན་ཡོད།།
གདམས་པ་རང་ལྟ་གང་ཤེས། ཤ་ཁྲག་ལོངས་སུ་མི་སྤྱོད་པའི་དགོངས་ཚུལ་གསུངས་པ་བཀའ་དྲིན་ཆེ་ཡང་། འཇིག་རྟེན་འདིར་མི་ཟས་ཟོས་ནས་སྡོད་ཕྱིན་ཆད་སྡིག་པ་དང་མའདྲེས་པའི་ཟས་ཤིག་མི་རྙེད། ཤ་ཁྲག་ལྟ་ཅི་དཀར་ཟས་སམ། སྔོ་ཚོད། ཤིང་ཏོག འབྲུ་རིགས་སོགས་གང་ལ་བརྟེན་ཀྱང་སེམས་ཅན་གྱི་སྲོག་མ་བཅད་པའི་ཟ་མ་ཞིག་གཏན་ནས་མི་རྙེད་དོ། རྙེད་ན་འདི་དང་འདི་ཞེས་གསུངས་དང་། ང་ཡང་དེ་བཟའ་བར་བྱའོ།།
སེམས་ཅན་ལ་གཡོག་མ་བསྐུལ་བའི་དཀར་ཟས་ཞིག་གང་ནས་རག།
མཚོ་མོ་ལྗང་ཁུའི་ཉེ་འགྲམ་གྱི།།
འཇར་པན་ཡིན་ནམ་ཅི་ཞིག་གི།
ཟ་ཁང་ནང་གི་ཉེའུ་རྣམས།།
རྗེན་པར་ཟ་མཚམས་བཞག་ཡོད་དམ།།
དང་པོ་རང་གིས་ཉམས་སུ་ལོངས།།
དེ་ནས་གཞན་ལ་བསླབ་བྱ་གནོངས།།
ཨ་ལེ་ཨ་ལགས་ཀླུ་སྨྱོན་ལགས།།
ཀུ་རེ་མིན་ན་གསེར་ཡུམ་མདོ།།
ཤ་ཟ་བ་དང་སྡིག་པ་ཡོད་མེད་ལ་ཁྱད་པར་འདུག སྤྱིར་སྟངས་སྔོ་ཚལ་སོགས་ལ་ཤིན་ཏུ་ཕྲ་བའི་འབུ་སྲིན་ཡོད་གདའ་ཡོད། ང་ཚོས་སྨན་ཞིག་ཟས་ཀྱང་ནང་གི་སྲིན་འབུ་གསོད་ཀྱིན་ཡོད། ཆུ་ཞིག་འཐུང་ཀྱང་འབུ་སྲིན་གསོད་ཀྱིན་ཡོད། འོན་ཀྱང་ཆུ་མ་འཐུང་སྡིག་པ་ཡོད་རེད་ཟེར་བ་དང། ནད་ལ་ཕན་པའི་སྨན་མ་ཟ་ཟེར་བ་སོགས་སངས་རྒྱས་ཀྱིས་གསུངས་ཡོད་པ་མ་རེད། འདུལ་བ་ནས་ཆུ་ཚགས་བགྱིས་ཤིག་གསུངས་ཡོད། དེ་མིན་ཆུ་མ་འཐུང་ཟེར་བ་བཤད་མེད། ཤ་མ་ཟ་གསུངས་ཡོད་རེད། འོན་ཀྱང་དེ་ལ་གནང་བ་དང་བཀག་པ་གཉིས་ཡོད་རེད། ཡིན་ནའང་གནང་བ་དེ་ཚོ་ལའང་དགོངས་པ་བཞེས་དགོས་པ་མ་གཏོགས་སངས་རྒྱས་ཀྱིས་གནང་བའི་ཤ་རེད་ཟེར་ནས་བག་མེད་དུ་སྤྱད་ན་གང་ནས་འགྲིག། ཚོང་འདུས་ཁ་འཁོར་ཉོས་ཤ་ཟེར་བ་གནང་བའི་ཤ་རེད། དེང་སང་ཤ་ཁང་དུ་ཤ་ཕྱི་དྲོར་ཤ་ཁང་དུ་ཤ་ལྷག་མ་ལུས་པ་དེ་ཚོ་ཟས་ན་ཉེས་པ་ཡོད་དམ་མེད། དེ་ཡང་ཚོང་འདུས་ཁ་འཁོར་གྱི་ཤ་འདྲ་བོ་རེད། ཚོགས་ཤ་དང་ཚོགས་ཆང་ཟེར་བ་དེ་ཚོ་ནི་་་་་་་་དགོངས་སྤྱོད་ཀྱི་རྟོག་པ་མཐོན་པོའོ་སྐད་ཆ་རེད། བྱ་ཁྱུང་ཆེན་གྱིས་འོག་གི་མེ་རི་འབར་བ་དང་ཆུ་བོ་འབྲུག་པ་ལས་སོགས་དེ་ཚོར་ཉམས་ང་མེད་པར་འཕུར་ཐུབ་ཀྱི་རེད། ཡིན་ནའང་བྱིའུ་ཆུང་ཆུང་དེ་ཚོ་དེའི་རིགས་ལ་དངངས་སྐྲག་སྐྱེ་བ་ཡོད། གང་ལྟར་གསང་སྔགས་ནས་ཚོགས་ཤ་དང་ཚོགས་ཆང་མ་ཟད་དམ་རྫས་རྩ་བ་ལྔ་ལས་སོགས་ལ་ལོངས་སུ་སྤྱད་ན་ཕན་ཡོན་མང་པོ་ཡོད་རབས་བཤད་ཡོད། བྱས་ཙང་དེ་ཚོ་ལའང་དགོངས་པ་བཞེས་དགོས་འདུག
དེང་སང་འཕྲུལ་ཆས་ལ་་གཡོག་བསྐུལ་ནས་ཟ་རྒྱུ་མང་པོ་འདུག
༄༅། ཀླུ་སྨྱོན་མཆོག་ལ་གཅིག་ཞུ་འདོད་སོང།
གདམས་ངག་དང་་་མན་ངག་གཉིས་ལ་དབྱེ་ཁྱད་ཅི་ཡོད་དམ།
བོད་པའི་བཤད་སྲོལ་གཅིག་ལ། ལྷ་ཁང་མེས་འཚིག་ཀྱང་སྒོག་པ་ཟ་མཁན་ཡོང་མ་
བཅུག་ཅེས་པ་སྒོག་པ་ཟ་ན་སྡིག་པ་ཆེ་ཚུལ་བཤད་པ་དང། སེམས་ཅན་གྱི་སྲོག་བཅད་དེ་ཤ་
ཟ་མཁན་བརྒྱ་ཆ་དགུ་བཅུ་བརྒལ་བ་བོད་པ་ཡོད་སྙམ་ཡང་འདི་སྐོར་ལ་ཟུར་དུ་འདོན་ནས་བཤད་
མཁན་མེད་པ་ཅི་ཡིན་ནམ། དཔེར་ན་ཤ་མ་ཟ་ཟེར་མཁན་བླ་གྲ་ཪེད། ཤ་ཆེན་དང་པོ་ཟ་མཁན་
བླ་གྲ་རེད་ཟེར་བར་དགོངས་ཚུལ་གང་ཡོད་དམ།
དཔེར་ན། ནུབ་ཕྱོགས་རྒྱལ་ཁབ་ནང་གི་ཟ་ཁང་ཆེ་ཆུང་འབྲིང་གསུམ་གང་གི་ནང་དུ་ཁ་ལག་ལ་
སྒོག་པ་དང་ག་མུར་མེད་པའི་ཟས་གཅིག་ཀྱང་མེད་པ་རེད། སྒོག་པས་མི་་ལ་ཕན་པའི་སྐོར་
ཁག་ ༡༣ ཙམ་བཤད་བཤད་ཀྱི་འདུག།
སྲོག་ཆགས་འབུ་སྲིན་མ་བསད་པའི་ཟས་ཡོད་མ་རེད་ལབ་ན་ཆོག་གིས་རེད་ ཐ་ན་རླུང་རྔུབ་པ་ཙམ་གྱིས་སྲིན་འབུ་མང་པོའི་སྲོག་བཅད་ཀྱིས་ཡོད་རེད་
མང་པོ་མ་བཤད། ཤ་ཚིལ་མ་བཟའ། ཚང་མར་ལན་འདི་འབུལ། མང་པོ་བཤད་པས་ཅི་ཞིག་ཕན།། སྙིང་རྗེ་ཡོད་ན་ཤ་སྤོངས་ཤིག
ཡང་ཞུ་རྒྱུ་གཅིག་ལ། ཁ་ཤས་ཀྱི་སྒོང་ང་དེ་དམར་ཟས་མ་རེད་དཀར་
ཟས་རེད་ཟེར་གྱི་འདུག་པ་དངོས་བདེན་དང་ཁུངས་སྐྱེལ་གནང་རྒྱུ་གང་ཡོད་དམ།
སངས་རྒྱས་ཀྱི་མདོའི་ནང་དུ་གསལ་ཡོད་དམ་མེད་གསུང་དང།
ངས་ནི་ཤ་ཚིལ་ཤ་ནག་ཤ་རིགས་མ་ཟ་ཞེས་འབོད་བསྐུལ་ཡོད། ང་རང་ཉིད་ཀྱང་ཤ་མེད་ཟ་མཁན་ཞིག་ཡིན། འོན་ཀྱང་སྔོ་ཚལ་འབུ་ཟ་གི་ཡོད་མེད་མ་བཤད་རོགས། སྣང་དང་མི་སྣང་གིས་ཁྱད་པར་ཡོད། འོ་ཀླུ་སྨྱོན་ལགས་ཁྱེད་རང་ཤ་བཞེས་ཀྱི་ཡོད་དམ་མེད། གཙང་མ་དང་གསལ་པོ་ཞིག་གསུངས་རོགས། དེ་མིན་ཞལ་མར་འཁོར་ནས་བྱམས་དང་སྙིང་རྗེ་དང་འཁོར་བ་ངན་རབས་མར་གྱུར་སེམས་ཅན་ཐམས་ཅད་དང་རིས་མེད་ལས་ོགས་མང་ཐག་ཆོད་ཅིག་བཤད། ཁྲི་ནས་བབས་པ་དང་ཟ་ཁང་དུ་ཤ་དཀར་ཤ་དམར་ཤ་ནག་གང་རེག་ཟ་བ་དང་འཁོར་དུ་བཅུ་དྲུག་ལང་ཚོ་ཅན་གྱིས་བསྐོར་ནས་འཇིག་རྟེན་གྱི་བདེ་སྐྱིད་ལ་རོལ་མཁན་མང་ཙམ་འདུག
ཀླུ་སྨྱོན་ཤ་ཚིལ་ལ་མ་གཏོགས་སྙིང་རྗེ་མེད་པ་འངྲ་ སྙིང་རྗེ་ངོ་མ་ཉམས་སུ་ལེན་ན་གཅེར་བུ་པ་རྣམས་ནང་བཞིན་ཁ་ལ་རས་གྱོན་ནས་ནམ་རྒྱུན་དུ་ཐ་ན་འབུ་སྲིན་ཆུང་ངུ་ལའང་འཚེ་བ་མེད་པའི་ཉམས་སུ་ལེན་དགོས་རེད་ དེ་མིན་དེང་དུས་རྒྱ་བླ་འགའ་ཞིག་རྒྱ་མིའི་སྦྱིན་བདག་གི་ངོ་བསྲུང་ནས་དཀར་ཟས་བྱེད་པ་ནི་ཧ་ལས་མ་སོང་ངོ།
ཀླུ་སྨྱོན་ལགས་ཁྱེད་ཀྱི་ཤ་མེད་སྐོར་གྱི་རྩོམ་ཐུང་འདི་དབྱིན་ཡིག་ནང་བསྒྱུར་ཐབས་གནང་ན་དགེ་ཕན་ཆེ་ཅི་ལགས་ཟེར་ན་བོད་མི་མ་ཟད་ཕྱི་རྒྱལ་མང་པོས་ཤེས་རྟོགས་ཐུབ་ན་ཕན་ཐོགས་རྒྱ་ཆེ་ཡོང་ངེས་ཡིན་པ་བཀྲིན་ཆེ་ཆེ་ཞུ།།་བློ་བཟང་གིས།
ང་བརྒྱ་ཆ་བརྒྱ་དཀར་ཟས་པ་ཆགས་ནས་ལོ་འགའ་སོང་། ཕྱེད་དཀར་ཟས་པ་ཆགས་ནས་ལོ་མང་རབ་སོང་། རང་གི་ཆེད་དུ་དུད་འགྲོ་གསོད་པ་ལོ་སུམ་ཅུའི་སྔོན་འབྲོག་གྲྭ་ཡིན་དུས་ནས་བཀག་པའི་ཟོལ་ཡིན།
སངས་རྒྱས་ཀྱིས་རྣམ་གསུམ་དག་པའི་ཤ་གནང་བ་ནི་འཁོར་རྣམ་བཞི་བསོད་སྙོམས་ལ་ཕེབས་དུས་གདམས་ཀ་མེད་པའི་དུས་སུ་དེ་ལྟར་སྤྱོད་རུང་བར་གསུངས་པ་ཙམ་ཡིན་སྲིད་ལ། དེ་ནི་ཉན་ཐོས་བསོད་སྙོམས་པ་ཚོར་དམིགས་ནས་གསུངས་པ་མ་གཏོགས་ཐེག་ཆེན་པའི་ངོར་དེ་ལྟར་ནམ་ཡང་མ་གསུངས། ཐེག་དམན་ལ་གནང་ཙམ་དེ་ཚོ་ཡར་ཐེག་ཆེན་པའི་ནང་དུ་ཁུར་ཡོང་ན་རང་ཉིད་ཐེག་དམན་པ་ཆགས་པའི་ཉེན་ཁ་ཡོད།
ད་ཡང་ཀླུ་མྱོན་འུ་ཐུག་གིས་འདུག་
ཀླུ་མྱོན་ཚོགས་ཤ་ཟ་གིས་ཡོད་དམ་?
ཀླུ་སྨྱོན་སྔོན་མ་ཡིན་ན་ཚུལ་ཁྲིམས་མིག་འབྲས་བཞིན་དུ་སྲུང་དགོས་རེད་ཟེར་མྀན་རེད། དེ་དུས་མདོ་མདོ་ནག་པའི་རྗེས་འབྲེངས་རེད་དེང་སང་མདོ་སྔགས་ཟུང་འབྲེལ་ཡིན་གསུངས། སྐུ་སྨད་ མདོ་ལུགས་དང་མཐུན་པའི་ན་བཟའ་བཞེས། སྐུ་སྟོད་སྔགས་ལུགས་ཀྱི་ན་བཟའ་མཆོད། བར་ངེས་མེད་རྫོགས་ཆེན་གྱི་ན་བཟའ་མཆོད། དེང སང་ཁོང་སྐུ་ཉན་ཐོས་ཀྱི་ན་བཟའ་མཆོད། གསུང་གསང་སྔགས་ཀྱི་གཅོད་བརྡུང་མཛད། ཐུགས་རྫོགས་ཆེན་གྱི་དགོངས་པ་འཆང་ནས་ཚོགས་ཤ་དང་ཚོགས་ཆང་དགྱེས་སྡེ་མོ་ལས་སོགས་ཐམས་ཅད་ཀ་དག་རིག་པའི་་ཀློང་ནས་འཆར་བའི་རོལ་རྩལ་དུ་རྟོགས་ནས་འདི་དང་འདི་མིན་གྱི་བཟང་ངན་ཐམས་ཅད་གཉིས་མེད་རོ་གཅིག་ཏུ་རྟོགས་འདུག་ཟེར་བ་གོ་བྱུང་་་་་ཀླུ་སྨྱོན་ལགས་དེ་བདེན་པ་ཡིན་ནམ། དེ་འདྲ་ལ་ཐེག་པ་གོང་འཕར་ཟེར་བ་རེད་གོ་བྱུང། ཡཡཡཡ་
དངོས་གནས་ཤ་སྤོང་ཐུབ་ན་ལེགས། ཟླ་ཤས་གོང་དབྱིན་ཇིའི་ཚགས་པར་ཞིག་གི་ཐོག་ལ། དཀར་ཟས་དར་ཁྱབ་ཆེན་པོ་བྱུང་བས། ནུབ་ཕྱོགས་རྒྱལ་ཁབ་ནང་ལ། དཔལ་འབྱོར་འགྲོ་སོང་རྩིས་རྒྱག་དུས། ལོ་རེར་སྒོ་ཟོག་ཐེར་འབུམ་༧ཙམ་སྲོག་གཅོད་ཉུང་དུ་ཕྱིན་འདུག་ཟེར། དེ་བཞིན་ཨ་རིར། མི་ཆེན་དང་དཔོན་ཆེན་ཐུགས་སྤྲོ་གཏོང་དུས་མང་ཆེ་བས་དཀར་ཟས་འདེམས་སྲོལ་འདུག དམར་ཟས་ནི་མ་རུང་བའི་ཟས་ལ་ངོས་འཛིན་བྱེད་འགྲོ་ཚུགས་སོང་།
དེ་བཞིན་ན་གཞོན་ཐོག་མར་དགའ་རོགས་འགྲིགས་དུས། ཐེངས་དང་པོར་ཟ་མ་བཟའ་བར་འགྲོ་དུས། མང་ཆེ་བས་དཀར་ཟས་བདམས་ནས་རང་གི་འབྱུང་འགྱུར་དགའ་རོགས་ལ་བག་ཆགས་ངན་པ་མི་ཡོང་བར་རྩོད་ལེན་བྱེད་ཀྱི་ཡོད་ཟེར། དེ་ཚོ་དངོས་གནས་གཏམ་བཟང་རེད།
བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་མ་རྣམ་པའི་ནང་ལ། མང་ཆེ་བ་ད་ཆ་དཀར་ཟས་པ་རེད་འདུག དཔེ་ཡག་པོ་རེད། ཕལ་ཆེར་དམར་ཟས་པའི་བླ་མ་ཤིན་དུ་ཉུང་ཉུང་རེད་འདུག
ཀླུ་སྨྱོན་ལགས། བཀའ་དྲིན་ཆེ། འདི་འདྲའི་རྩོམ་ཡང་ཡང་སྤེལ་རོགས་ཀྱིས། སྤྱིར་སྡིག་ཟས་མ་ཡིན་པའི་ཟ་མ་ཞིག་རག་དཀའ་ནའང་། འཕྲོད་བསྟེན་དང་གང་ཅི་ཐད་ལ་སྔོ་ཚོད་ཀྱི་རིགས་འདི་ལེགས་པར་སེམས། དེང་དུས་ཆ་རྐྱེན་ལེགས་པོ་ཡོད་ཕྱིར་ཤ་གཏན་སྤང་བྱེད་རྒྱུ་དཀའ་ལས་ཅང་ཡོད་ཀྱི་མ་རེད་སྙམ། ང་ནི་ཆུ་ནང་གི་སྲོག་ཆགས་ཀྱི་་རིགས་ཟ་རྒྱུ་ཕར་ཞོག མཐོང་ན་ཞེན་པ་ལོག་གི་འདུག དེ་ནི་ང་ལ་སྙིང་རྗེ་ཡོད་པས་མ་རེད། ཆུང་ནས་ཟ་རྒྱུར་མ་གོམས་པས་རེད། ཤའི་རིགས་གཞན་རྣམས་ཀྱང་དེ་དང་དེ་བཞིན་རེད། གལ་ཏེ་ཆུང་ནས་ཟ་རྒྱུར་གོམས་མེད་ན་ཞེན་པ་ལོག་གི་རེད་པ། ཕ་མ་ཚོས་སོ་སོའི་ནང་ནས་ཤ་མེད་གང་མང་ཞིག་ལ་འབད་ན་ཧ་ཅང་ཡག་པོ་འདུག་སྙམ། །
ང་ཡང་ཆུང་ནས་མ་གོམ་པས་རྒྱ་ཡི་ཟ་ཁང་མཚོ་ཟས་ཀྱི་ནང་དུ་ཟ་མ་ཟ་རྒྱུར་དགའ་བོ་མེད་གང་ཡིན་ཟེར་ན་རྒྱ་མཚོའི་རུལ་དྲི་དང་འབུ་རུལ་བའི་དྲི་མ་ཆེན་པོ་ཚོར་ཡོང་གི་འདུག
དེ་ཡང་སྟོན་པ་སངས་རྒྱས་ཀྱིས། ཤ་ཞེས་བྱ་བའི་ཁ་ཟས་འདི། དཀར་དམར་གཉིས་ལས་གྲུབ་པས་ན། མིག་གིས་མཐོང་ན་སྐྱི་རེ་འཇིགས། ལག་ཏུ་བླང་ན་ཡ་རེ་ང། ཁོང་དུ་བསྟིམ་པའི་ལུགས་ཅི་ཡོད། ཅེས་གསུངས་པ་ལྟར་རེད། གང་ལྟར་སྲོག་བསླུ་བྱེད་པ་ལས་རང་ཉིད་ཀྱིས་ཤ་སྤོངས་ཐབས་བྱས་ན་ལེགས་ཤོས་རེད། དེ་ལ་རུང་དང་མི་རུང་གནང་དང་མ་གནང་ལས་སོགས་ཀྱིས་དབྱེ་ཤག་མ་ཕྱེས་པར་ཤ་རིགས་ཀྱི་ཟས་རྣམས་སྤོངས་ཐུབ་ན་ལུས་སེམས་བདེ་བར་མ་ཟད་དགེ་བ་བསམ་གྱིས་མི་ཁྱབ་པར་ཡོད་པར་ཅི་ལ་བཤད་དགོས།
ཤ་འགོག་མཁན་པོ་ཇེ་མང་ཇེ་མང་རེད།།
ཡོན་བདག་རྒྱ་མོའི་སྒོར་མོ་ཨེ་ལོན་ཐལ།།
འཚེ་བ་ཆོས་སུ་སྨྲ་བ་དང་།།
ཁ་ནང་གདོན་ཆེན་འཛུལ་བ་དང་།།
སྙིང་རྗེའི་ས་བོན་རུལ་བ་གསུམ།།
ཤ་འགོག་པ་ལ་དགག་གཞག་སྤེལ།།
ཚོགས་ཤའང་མ་ཟ་ན་འགྲིག་རེད། ཁྱེང་རང་པགས་ཚོགས་དེ་མཆོད་ན་འགྲིག་གི་རེད་་ཚོགས་ཤ་ཟ་ཆོག་མི་སྐད་ཆ་མ་རེད། ཆོག་མི་ཆོག་་ཁྱེད་རང་ར་གསོན་པོར་ཁྲག་མཐུང་ན་ཁྱིད་རང་འངོད་མོས་རེད་དོ།
ཀླུ་སྨྱོན་པ་རང་རེད་འདུག་ ངའི་དྲི་བ་ལ་ལན་མ་རྒྱབ་པར་འབྲེལ་མེད་མེད་དོན་གཞན་དྲངས་ཀྱིས་འདུག་
ཐེག་ཆེན་ཡིན་མིན་བྱང་སྡོམ་ཡོད་མེད་མ་གཏོགས་སྙིང་རྗེ་ཡོད་མེད་མ་རེད་ སྙིང་རྗེ་ཐེག་དམན་ལའང་ཡོད་རེད་དེ་སངས་རྒྱས་ཀྱི་རྣམ་གསུམ་དག་པའི་ཤ་གནང་ཡོད་རེད་ དེ་བཞིན་གསང་སྔགས་བྱ་རྒྱུད་ལ་ཤ་བཀག་ནའང་བླ་མེད་ལ་གནང་བ་མ་ཚད་ཚོགས་ཤ་བླ་མེད་ཉམས་ལེན་པ་ལ་དམ་ཚིག་གི་རྫས་སུ་ཟ་དགོས་རེད་དོ་
སྙིང་རྗེ་ཅན་གྱི་ཤ་ཟ་།
རྟོགས་པ་ཅན་གྱི་ཆང་ཐུང་ཟེར་ཡང་ཟེར་ལ་བདེན་ཡང་་བདེན་
བདེན་གཏམ་ངོ་མ་བཤད་དོ།
་