ཆང་སྐྱེས།
མི་ཚེའི་འཚོལ་སྙེག་རིང་མོའི་བྲེལ་ཟིང་བར་ནས།།
ངལ་གསོ་ཅུང་ཙམ་བྱས་ཏེ་འདང་རེ་བརྒྱབ་ཚེ།།
ལག་པ་ད་དུང་སྟོང་པ་ཡིན་ནོ་བསམ་ན།།
རང་གིས་རང་ལ་ཨ་ཐང་སྙིང་ནས་ཆད་བྱུང་།།
ཞྭ་མོ་ཟུར་གོན་བྱས་པ་གསར་རྟགས་མ་ཡིན།།
ཐ་མག་ཤུགས་ཀྱིས་རྔུབ་པ་དྲན་གདུང་ཡིན་སོང་།།
མི་ཚེ་རི་ན་ཟད་པའི་རིན་ཐང་བསམ་ན།།
སྐྱོ་གདུང་ཕར་ལ་གཡུག་ཀྱང་འཁོར་ནས་ཡོང་གིས།།
སྙིང་གཏམ་ཆང་གིས་བརྗོད་པ་སྨྱོ་བཤད་མིན་ཡང་།།
བྲང་ཁར་ལག་པས་རྡུང་བ་ན་ཟུག་ཡིན་སོང་།།
ལས་དབང་སེམས་ནག་ཡིན་པའི་བྱུང་བ་བརྗོད་ན།།
གཤིན་རྗེ་ཆོས་རྒྱལ་སྟེང་ལ་འཚིག་པ་ཟ་ཐལ།།
བརྩེ་དུངས་སྐོར་ལོག་རེད་ཅེས་གཞན་གྱིས་བཤད་ཀྱང་།།
ཤོར་བའི་སྣང་བ་ཕྲ་མོར་འགོག་ཐབས་མ་བྱུང་།།
ཐོད་པའི་ཁ་ཡིག་ཟེར་བའི་འགག་ཕྲེང་བསམ་ན།།
སྙིང་གིས་འཕུར་ལྡིང་འདི་ལ་འཇགས་རྒྱུ་མི་འདུག།
ངེད་གཉིས་ཁྱུག་ཙམ་འགྲོག་པའི་སྐད་ཅིག་དེ་ལ།།
ཁོ་བོའི་གངས་དཀར་སེམས་ཀྱི་རི་ལུང་ངོས་སུ།།
ཁྱེད་ཀྱིས་བཏབ་པའི་འཛུམ་གྱི་མེ་ཏོག་དམར་པོ།།
རེ་སྒུག་སུན་སྣང་ཀློང་གི་དྲན་ཤིང་ཡིན་སོང་།།