རྫ་ཚེ་རིང་བཀྲ་ཤིས།
ང་ལ་དེ་རིང་བསམ་བློ་ཞིག་འཁོར། བསམ་བློ་དེ་འཛིན་ཁང་ནང་ནས་འཁོར་ཞིང་། བསམ་བློ་དེ་སྙན་ངག་པའི་ཡབ་ཆེན་ལྟ་བུར་གྲགས་པའི་འདས་པོ་ཡི་དམ་ཚེ་རིང་གི་ཐོག་ལ་འཁོར། མ་གཞི་ང་ཡང་བོད་ཀྱི་སྙན་ངག་པར་དད་པ་བྱེད་པའི་བོད་ཕྲུག་སྣབས་ལུག་ཅིག་ཡིན།
ངས་བོད་ཀྱི་སྙན་ངག་པའི་བླ་སྲོག་ཁོང་ལ་ཕྱིར་དྲན་ཞིག་བྱས། ཡིན་དང་ཡིན། ཁོང་ནི་ངོ་མ་ཀུན་ཀྱིས་ཁས་བླངས་པའི་མི་བོ་གྲགས་ཅན་ཞིག་རེད།
འོན་ཀྱང་ངས་བསམ་བློ་ཞིག་གཏོང་དུས། ཐང་ཚད་ཅིག་རྒྱག་དུས། ངས་ཁོང་དྲན་མ་ཤེས། རབ་རིབ་ཅིག་ལས་དྲན་མ་ཤེས། སབ་སིབ་ཅིག་ལས་དྲན་མ་ཤེས། དྲན་པའི་རྒྱུ་མཚན་གྱིས་མ་འདངས། གཞི་ནས་ངས་རྨོངས་དད་བྱེད་བཞིན་པ་ཚོར།
མ་གཞི གཞོན་སྐྱེས་ཚིག་སྦྱོར་མཁན་ཞིག་གིས།
མནའ་མྱི་ཞིག་གི་བྲང་ཁོག་མེད་ན་ཡི་དམ་ཚེ་རིང་འཇུ་ཚོད་མེད། །
ཁོང་གི་ཟུངས་ཁྲག་ངར་ཤེད་ཆེ་བས་མིའུ་ཆུང་དག་གིས་ཐུབ་རབས་མེད། །
དམ་ཅན་བླ་རྡོ་ལག་ཏུ་བླངས་འདྲའི་སྙན་ངག་འདི་དག་ཨ་ཚ་ཚ། །
ཧི་མ་ལ་ཡ་ཁོང་ནས་འབར་བའི་མེ་ཡི་སྙིང་པོ་འདི་མིན་མེད། །
ཅེས་ཁོང་ལ་བསྟད་པ་མཐོང་། ད་དུང་དེའི་ག་ལ་ཚད། མང་པོ་མང་པོ་ཞིག་གིས་ཁོང་ནི་ཆེས་རླབས་ཆེན་དུ་རྩི། ད་དུང་དེའི་ག་ལ་ཚད། ཁོང་ནི་ཀྲུང་གོའི་རྒྱལ་ཁབ་རིམ་པའི་རྩོམ་པ་པོར་བཞེངས། དེས་ཀྱང་མི་ཚད། ཁོང་ནི་སྦྲང་ཆར་དུས་དེབ་གསར་ཐོན་གྱི་སྐབས་ནས་དུས་དེབ་དེ་དང་ཡང་འབྲེལ་བ་ཡོད། དུས་ཕྱིས་ཁོང་གིས་ཧི་མ་ལ་ཡའི་བྱུར་སྡོང་བྲིས་ནས་བོད་ཀྱི་རྩོམ་རིག་གི་ཁྱད་ཆོས་ནི་བོད་ཡིག་གིས་མཚོན་དགོས་པའི་མནན་བཤད་བྱས། དེས་ཀྱང་མི་ཚད། སྟོང་ལོ་གསར་བའི་མགོར་ཁྲིན་ཏུ་གྲོང་ཁྱེར་ནས་ལོ་སར་གྱི་གཏམ་བཤད་བྱས། ཁོང་ལ་ཤ་ཞེན་དང་ལ་རྒྱ་ཡོད་སྐད། དེ་ཡིས་ཀྱང་མི་ཚད། གཞོན་སྐྱེས་ཚོས་ཁོང་ལ་དུང་བ་མཚོན་པའི་རྗེས་དྲན་ཀྱང་བྱེད་ཀྱིན་འདུག ཁ་འབོད་དང་དར་ཆར་སྒྲོགས་ཀྱིན་འདུག ཚབ་བྱེད་དང་ལམ་སྟོན་དུ་བསྐོ་གིན་འདུག།
ད་དུང་ངེས་ལ་མ་ངེས་པའི་དྲན་ཡུལ་ཞིག་ཏུ་ཁོང་གིས་ཁོང་གི་ཕུལ་བྱུང་སྙན་ངག་གི་ལེགས་འགྲུབ་དེ་ཨ་མའི་ངག་གི་ལ་བཞས་དང་དམངས་ཁྲོད་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་ཐ་སྙད་དག་གི་གསེབ་ནས་རྙེད་ཅེས་གསུངས་མྱོང་སྙམ།
གང་ལྟར། དུས་རབས་ཉི་ཤུ་པའི་མཇུག་གི་བོད་ཀྱི་རྩོད་པ་མེད་པའི་སྙན་ངག་གི་རྒྱལ་ས་དེ་ཁོང་ལ་ཕུལ་འདུག འོན་ཀྱང་ངས་ཁོང་གི་སྙན་ངག་མང་པོ་མ་མཇལ། གང་མཇལ་བ་ནི་གཅིག་སྟེ། <>ཙམ་མོ། །ཁོང་གི་ལྷུག་རྩོམ་ཀྱང་མང་པོ་མ་མཐོང་སྟེ། གཅིག་མཐོང་ནི་<>ངོ་། །དེས་ག་ལ་ཚད། ཚད་རྒྱུ་མ་རེད། ཁོ་བོ་བསོད་ནམས་རེ་ཆུང་། སྐལ་བ་རེ་དམན།
འོན་ཀྱང་ཁོང་ཉིད་དོན་ངོ་མར་བོད་ཡིག་གི་ལམ་ནས་རྩོམ་འབྲི་མཁན་གནང་མཁན་ཞིག་ཨེ་ཡིན། བོད་སྐད་ཀྱི་ལམ་ནས་དུང་བ་འཆད་མཁན་ཞིག་ཨེ་ཡིན། ཡིན་ན་ད་དུང་རྩམ་ཆོས་གང་འདུག།སྙན་ངག་གང་ཡོད། ཁོང་གིས་ཐོས་པའི་ཨ་མའི་ལ་གཞས་དེ་དགོ་དགོ་དང་གཞོ་དབྱངས་ཨེ་ཡིན། མིན་ན་ཁོང་གི་རྩོམ་རིག་འདི་གང་ལ་གཏོགས། སྙན་ངག་དེས་སུ་ཞིག་མཚོན། མ་གཞི་ཁོང་གི་ཚབ་མཚོན་གྱི་སྙན་ངག་དེ་གང་ཡིན། <>ཙམ་ཡིན་ནམ། དེ་ནི་ཚིག་བཞི་ཞིག་རེད། སྔ་མོ་ནས་བཀླགས། མང་པོ་བཀླགས། ཕལ་ཆེར་བློ་ལ་ཐལ། ཕྲན་དཔྱད་ཀྱང་བཀླགས། ཨ་ཀློག་ཡང་ཀློག་བྱས། འོན་ཀྱང་དེ་ནི་རྒྱ་འགྱུར་ཞིག་རེད། འགྱུར་ཀྱང་མི་འདྲ་བ་ཞིག་རེད།
འོ་ན་ད་ང་ལ་ཁོང་གི་བསམ་བློའི་རླབས་ཆེན་དང་། སྒྱུ་རྩལ་གྱི་ཕུལ་བྱུང་དེ་ཐ་སྙད་གཉིས་པ་ཞིག་གིས་མཚོན་དགོས་སམ། གང་ཟག་གཉིས་པ་ཞིག་གིས་སྟོན་དགོས་སམ། ཡང་སྙིང་ང་ལ་ཁོང་ཉིད་ངོ་ཤེས་པའི་གོ་སྐབས་ཡོད་དམ། ཁོང་གི་བསམ་བློའི་ཟབ་ས་དེ་གང་ནས་འཚོལ། སྒྱུ་རྩལ་གྱི་མཐོ་ས་དེ་གང་ནས་གཞལ། ཚིག་སྦྱོར་གྱི་དྭངས་ས་དེ་གང་ནས་རྙེད། གང་དུ་འཚོལ། ཅི་ཙམ་དུ་འཚོལ། ངས་ཁོང་ཉིད་ཤེས་འདོད་འདུག རླབས་ཆེན་གྱི་སྙན་ངག་མཁན་ཁོང་མི་ཤེས་པ་དེ་ངའི་ངོ་ཚ་རེད་འདོད།
འོན་ཀྱང་ཅིག་བྱས་ན་ང་ལ་ཡང་ལེ་ཁག་ཨེ་ཡོད་བསམ། དོན་ངོ་མར་ངས་ཁོང་གང་ལས་འཚོལ་ཞིང་གང་ནས་རྙེད་པར་འགྱུར།
ང་ལ་སྙན་ངག་པ་ཁོང་གི་སྐུ་གསུང་ཐུགས་གསུམ་དང་ཕྱི་ནང་གསང་གསུམ་ངོ་སྤྲོད་བྱེད་པའི་མཁྱེན་ལྡན་ཞིག་རྙེད་པར་ཤོག བསམ་བཟང་ཞིག་ཡིན་པར་ཤོག གཟུར་གནས་ཤིག་ཡོད་པར་ཤོག
རྫ་ཆུ་ཚེ་རིང་བཀྲ་ཤིས་ལ་འཚམས་འདྲི་ཞུ་རྒྱུ་ཡིན།ཁྱེད་རང་སྙན་ངག་ལ་དུང་ཞིང་སྙན་ངག་པའི་ཡབ་ཆེན་ལ་རྗེས་དྲན་བྱས་པ་དེར་ང་ཧ་ཅང་དགའ།ངོ་མ་ཁྱོད་ཕོ་རྒོད་པོ་ཞིག་རེད་འདུག
དངོས་མིང་མ་འགོད་རོགས་ཞུ་རྒྱུ་ཡིན།སྨྱུག་མིང་འབྲོང་ངུར་ཕོ་ཉ་ཞེས་དགོད་རོགས་གནང་ཞུ་རྒྱུ།ཐུགས་རྗེ་ཆེ།
དགོངས་དག་གློག་འཕྲིན་ཁ་བྱང་རྙིང་པ་དེ་འཕྲོ་བརླག་ཕྱིན་འདུག་པས་ད་ཆ་གསར་པ་བཟོས་པ་ཡིན།དེ་ནི། tdrongngur@yahoo.com ཡིན་པས་དགོངས་འཇགས་འཚལ་ལོ།།