རྫ་ཚེ་རིང་བཀྲ་ཤིས།
ལུག་ཁྱུ་དེད་ནས་རི་ལ་འགྲོ་མཁན་ཁྱུ་གཅིག་ཡོད།
གན་ཚོ་ཚང་མ་ངེད་ཀྱི་མེས་པོ་ཡང་མེས་ཡིན། །
དེ་ཚོ་བཤད་ན་ཤྭ་བ་རྐྱང་ཁྱུ་འབྲོང་རྒོད་ཡིན། །
རྫ་ལམ་དེད་ནས་ཇེ་མཐོ་ཇེ་མཐོར་ལ་མོ་རྒྱག །
བཞོ་ཟེའུ་ཁུར་ནས་སླས་འདབ་སྲུང་མཁན་ཚོ་གཅིག་ཡོད། །
གན་ཚོ་ཚང་མ་ངེད་ཀྱི་མ་སྲུ་མོ་སྨན་ཡིན། །
དེ་ཚོ་བཤད་ན་བྱང་ཐང་ན་བ་གྲུ་བཞི་ཡིན། །
རྩྭ་དང་ལྡུམ་བུས་སྔར་གྱི་གཏམ་རྒྱུད་གླེང་ངེས་ཡིན། །
རྔ་རོལ་རྡུང་ནས་མཆོད་གནས་བྱེད་མཁན་འགའ་ཞིག་ཡོད། །
གན་ཚོ་ཚང་མ་ངེད་ཀྱི་སྐྱབས་སྨོན་ཞུ་ས་ཡིན། །
དར་ཅོག་ཡོད་ཚད་བཛྲ་གུ་རུའི་ཛྲབ་དབྱངས་ཡིན། །
སྔ་དགུང་ཉི་ཟེར་ཨོ་རྒྱན་པདྨའི་ཆིབས་རྟ་ཡིན། །
འཁུར་སྒ་ཁུར་ནས་ཡར་མར་འགྲོ་བའི་མི་ཞིག་ཡོད། །
ས་ཆུ་སྟོད་སྨད་བར་གསུམ་ཀུན་ལ་ཆ་རྒྱུས་ཡོད། །
ལག་པར་མ་ཟད་རྐང་པས་ཀྱང་ནི་གཏམ་རྒྱུད་འབྲི། །
ཁོང་གི་མང་ལ་ཨ་བུ་(དཔལ་སྤྲུལ)ཟེར་ཞིང་ཀུན་གྱིས་ཤེས། །
ད་དུང་ངེད་(རྫ་ཆུ་ཁ་པ)ལ་ཐོ་ཅོ་ཅན་གྱི་མི་ཞིག་ཡོད། །
ཆེ་བའི་ས་ནས་བཀའ་པོད་ལྔ་དང་རིག་གནས་བཅུ། །
ཆུང་བའི་ས་ནས་ཐབ་སྔགས་རྐུན་འཆིང་ཙིག་འགོག་ཚུན། །
ཁ་དང་ལག་པའི་བར་ནས་ཤེས་པས་ཀུན་ཤེས་ཡིན། །
ལུང་དང་རིགས་པའི་གསེར་གཡུག་རིང་པོ་ལག་པར་ཡོད། །
ཡར་ཡར་བཀྲུགས་ན་སེ་འབྲས་དགའ་གསུམ་འདར་ཡོམ་ཡོམ། །
མཁས་པ་མང་པོས་ཁ་རུབ་བྱུང་ཡང་མ་དོ་བ། །
གླིང་གི་ཇོ་རུ་མཁའ་མཉམ་སྤྲེལ་རྒྱལ་མི་ཕམ་ཡིན། །
སྐབས་རེར་ན་རབས་ཚ་རབས་ཤོད་པས་གཅོང་ཅན་འདྲ། །
སྐབས་རེར་མཚམས་ནག་སྒོ་བཅད་བྱེད་པས་བྱ་བཏང་འདྲ། །
སྐབས་རེར་ཐུན་རེར་པོཏ་རེ་འབྲི་བས་རྩིས་འཕྲུལ་འདྲ། །
ཅིར་ཡང་མ་ཡིན་ཅིར་ཡང་རྫུ་བའི་སྒྱུ་མཁན་ཡིན། །
གླིང་སྒྲུང་འཆད་ན་གེ་སར་རྒྱལ་པོ་ངོ་མ་ཡིན། །
ཇུ་ཐིག་འགྲེམ་ན་སྟོན་པ་གཤེན་རབ་མན་ལ་མིན། །
འཁྱུད་སྤྱད་རྟེན་འབྲེལ་དམ་པ་སངས་རྒྱས་གཉིས་པར་རུང་། །
རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་ཞིག་ཀྱང་བྱས་སོ་སྐད། །
རྡོ་རྗེ་ཉི་མའི་སྣང་བ་ཆེན་པོ་མཁའ་ལ་དྲངས། །
ལེགས་བཤད་སྣང་བའི་གཏེར་མཛོད་འཛད་མེད་འགྲོ་ལ་བསྩལ། །
ངེས་ཤེས་རིན་ཆེན་སྒྲོན་མེ་དམ་པ་སྙིང་ལ་སྦར། །
མི་ཕམ་བློ་གྲོས་འཇམ་དཔལ་དགྱེས་པའི་རྡོ་རྗེ་ཡིན། །
གཉུག་སེམས་འོད་གསལ་གཏམ་གྱིས་རྫོགས་པ་ཆེན་པོ་གསལ། །
ངེས་དོན་སེང་གེའི་ང་རོས་བདེ་གཤེགས་སྙིང་པོ་གསལ། །
ལེགས་བཤད་ཀེ་ཏ་ཀ་ཡིས་སྔ་འགྱུར་རང་ལུགས་གསལ། །
མི་ཕམ་པ་ནི་ཉི་མའི་གོ་ཆ་དགུ་བརྩེགས་ཡིན། །
བཅུ་དྲུག་ལོན་པའི་གཞོན་ཆུང་ཞིག་(ལྷག་པའི་ལྷ་འཇམ་དཔལ་དབྱངས)དང་ཧ་ཅང་འདྲིས། །
རྐྱང་བུ་བཞོན་པའི་དགྲ་ལྷ་(ཆོས་སྐྱོང་གེ་སར་)ཞིག་དང་ཧ་ཅང་ཞིབ། །
པགས་རྩག་ཅན་གྱི་དྲང་སྲོང་(བླ་མ་རྫ་དཔལ་སྤྲུལ)ཞིག་དང་ཧ་ཅང་ཉེ། །
ལྷ་མི་གཉིས་ཀྱི་གསོས་ཕྲུག་ཟེར་ན་ཆོག་པ་ཡོད། །
རྫ་རྒྱལ་མཐོན་པོའི་སྲིད་པའི་ཁ་ཡིག་ཟབ་མོད་ཀྱི། །
རྫ་ཆུ་ལི་མ་གནམ་གྱི་དགུ་ཚིགས་རིང་མོད་ཀྱི། །
རྫ་གཞུང་ལུང་པའི་རྩྭ་རྐང་ཉག་མ་རེ་རེ་ཡང་། །
མི་ཕམ་མེད་ན་སྲོག་དང་བྲལ་བའི་སྙན་ངག་ཡིན། །
ཀ་ཅོག་བྱང་གིས་བསྒྱུར་བའི་གཞུང་ལུགས་རྒྱ་ཆེ་ཞིང་། །
བོ་དོང་པ་ཡིས་བརྩམས་པའི་བསྟན་བཅོས་གྲངས་མང་ལ། །
འཇམ་དབྱངས་རྣམ་གསུམ་མཁས་པའི་སྙན་པ་དཔང་མཐོ་ཡང་། །
རྫོགས་ཆེན་མན་ཆད་མ་ལུས་ཀུན་མཁྱེན་མི་ཕམ་ཡིན། །
སྨན་གྱི་འཁྲུངས་དཔེ་བླ་ནས་འཆད་ན་མི་ཕམ་ཡོད། །
རྩིས་ཀྱི་གསང་གནད་རི་མོར་འབེབ་ན་མི་ཕམ་ཡོད། །
སྒྲ་ཡི་ཚིག་མཛོད་གསར་དུ་བསྒྲིགས་ན་མི་ཕམ་ཡོད། །
སྙན་ངག་སྡེབ་སྦྱོར་དཔེ་བརྗོད་འཇོག་སར་ཨ་ཅང་ཅང་། །
མདོས་ཀྱི་བཅའ་གཞི་ཐང་ལ་གཤོམ་ཡང་མི་ཕམ་ཡོད། །
གསུང་མའི་བསང་གསོལ་རི་ནས་འདོན་ཡང་མི་ཕམ་ཡོད། །
རྐྱེན་ཟློག་གཤིན་གསོན་རིམ་འགྲོ་ཡོད་ཚད་མི་ཕམ་ཡོད། །
གྲྭ་གྲོང་ཚང་མའི་ཁ་དང་ལག་པ་མི་ཕམ་ཡིན། །
ས་སྐྱོང་སྲིད་ཀྱི་མདུན་ས་གོང་མར་མི་ཕམ་ཡོད། །
མཐུན་འཇུག་བདེ་བའི་མལ་སྟན་འཇམ་པོར་མི་ཕམ་ཡོད། །
བྱད་དབྱིབས་གདོང་གི་མཛེས་བཟོ་ཁང་དུ་མི་ཕམ་ཡོད། །
མི་ཕམ་ལེགས་བཤད་ལན་ཚྭ་བཟང་པོ་འཇུག་བདེ་ཡིན། །
ལྷ་བཟོ་མཁན་གྱི་ཐིག་རྩ་འདེབས་དུས་མི་ཕམ་ཡོད། །
ལྷ་རྗེ་སྨན་པས་རྩ་ཆུ་ལྟ་དུས་མི་ཕམ་ཡོད། །
ཟངས་ལྕག་མགར་བས་ཚ་ལ་རྒྱག་དུས་མི་ཕམ་ཡོད། །
མི་ཕམ་ལེགས་བཤད་ཁྱབ་འཇུག་འཇུག་པ་རྨད་བྱུང་ཡིན། །
མཁས་པས་མཁས་པར་གྲུབ་མཐའ་རྩོད་ན་མི་ཕམ་གླེང་། །
གྲུབ་པས་གྲུབ་པར་དགོངས་ཉམས་བསྡུར་ན་མི་ཕམ་གླེང་། །
ཕ་རོལ་ཕྱིན་དང་སྔགས་ཀྱི་གྲུབ་མཐའ་རྒྱ་མཚོའི་མཐའ། །
གང་དུ་ཤེས་རབ་ཉིད་ཀྱིས་འཇུག་པ་དེ་ན་མི་ཕམ་ཡོད། །
འཕགས་ཡུལ་སཱ་ལའི་སྨན་གྱི་བཀྲ་ཤིས་དཔལ་འབྱོར་(དིལ་མགོ་མཁྱེན་བརྩེ)ཞབས། །
གངས་ཅན་རི་བོའི་ཤར་གྱི་སྣ་ནམ་འཇིགས་མེད་(མཁན་ཆེན་འཇིགས་མེད་ཕུན་ཚོགས་)པ། །
ཡང་དར་འོད་གསལ་བསྟན་པའི་ཉི་ཟླ་ཟུང་གཅིག་ཀྱང་། །
ཁྱེད་ཀྱི་སྙིང་ལས་སྤྲུལ་བའི་ཉི་མ་ཟླ་བ་ཡིན། །
ཁྱེད་ཞབས་བྱང་དུ་བསྙེགས་པ་བསྟན་པའི་ཉི་མའི(བོད་སྤྲུལ་)མཚན། །
ཁྱེད་ལས་བསམ་རྒྱུ་མེད་པ་ཆོས་དབྱིངས་ཁྱབ་བརྡལ་(གསེར་རྟ་མཁན་པོ་ཆོས་ཁྱབ)རྗེ། །
ཁྱེད་དང་ངང་ཚུལ་མཚུངས་པ་ཨ་རིག་མཁན་ཆེན་(པདྨ་ཚེ་དབང་ལྷུན་གྲུབ)སྟེ། །
ང་ཡི་ཕ་དང་མེས་པོ་ཁྱེད་ཀྱི་བུ་ཚ་ཡིན། །
མདོར་ན་ཁ་བའི་ལྗོངས་ཀྱི་བཅུ་ཕྲག་རིག་གནས་དང་། །
སྔ་འགྱུར་རོང་ཀློང་དགོངས་པའི་ལེགས་བཤད་སེང་ཆེན་ཟུང་། །
ཤར་ནུབ་རིག་པའི་ནགས་སུ་སྟོབས་ཀྱིས་འཕྱོ་བ་ཀུན། །
ཁྱེད་ཀྱི་གསུང་གསང་འཆི་མེད་བདུད་རྩིའི་བྱིན་རླབས་ཡིན། །
ངེས་པའི་དོན་དུ་འཇམ་དཔལ་དཔའ་བོའི་སྒྱུ་མའི་འཕྲུལ། །
གདུལ་བྱའི་ཡུལ་ལ་མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེ། །
ཁ་བ་ཅན་ན་བློ་གྲོས་དྲི་མ་མེད་པའི་དཔལ། །
མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་སྙིང་ནས་དྲན། །
ང་ལ་ལུགས་གཉིས་ཡོན་ཏན་སྐད་པ་གང་ཡང་མེད། །
འོན་ཀྱང་ཁྱེད་ཀྱི་རྗེས་སུ་ཞུགས་པས་སེམས་ཁ་གང་། །
ཁྱེད་ཀྱི་ལེགས་བཤད་བདག་གི་སྣ་འཛོམས་ཚོང་ར་ཡིན། །
ང་ལ་གང་དགོས་དེ་ལས་ཐོབ་པར་ཐེ་ཚོམ་མེད། །
་
བྱང་ཐང་མེ་ཏོག་དགྱེས་པའི་སྐྱེད་ཚལ་(རྫ་ཆུ་ཁ་)བཟང་པོ་དེར། །
ཁྱེད་ཀྱི་མཚན་དཔེའི་ཨུཏྤལ་མེ་ཏོག་འཁྲུངས་གྱུར་ཅིང་། །
གསུང་གི་དྲི་བསུང་བྱང་ཐང་རླུང་གིས་ཕྱོགས་སུ་ཁུར། །
ང་ནི་གང་དུ་སོང་ཡང་ཁྱེད་ཀྱི་དྲི་བསུང་སྣོམ། །
ཞེས་པ་འདི་ཡང་། འཇམ་མགོན་མི་ཕམ་པའི་གདན་ས་འཇུ་ཉུང་དགོན་གྱིས་འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེའི་རྗེས་དྲན་ཆེད་དེབ་ཅིག་འདོན་འཆར་ཡོད་པར་ངེས་པར་རྩོམ་ཡིག་ཅིག་དགོས་ཞེས་ཉེ་སྔོན་སྐུལ་མ་གནང་བ་ལྟར།
རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཟླ་བ་གཉིས་རིང་གི་རྒྱ་བལ་གྱི་འགྲུལ་བཞུད་ཟིན་ནས་ཕྱིར་རང་གི་སྡོད་གནས་ཨོ་སི་ཁྲོ་ལི་ཡར་བལ་ཡུལ་ནས་སོ་ཐྲི་ཨ་རབྦྷི་བརྒྱུད།
ཆུ་ཚོད་ཉི་ཤུ་ལྷག་གནམ་གྲུར་བསྡད་རྗེས་མཚན་མོ་འཕྱི་བོར་རང་གནས་སུ་འབྱོར་ཞིང་།
དེའི་ཕྱི་ཉིན་ཞོགས་པ་སྔ་པོར་ཡར་མགོ་བཀྱགས་ནས་ཞོགས་ཇ་འཐུང་རྗེས་སྔ་དྲོའི་དུས་ཚོད་སྤྱད་ནས་དད་པ་དང་གུས་པ་རྩེ་གཅིག་པའི་བློས་བྲིས་པའོ།
།ས་ཕག་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་དྲུག་དང་། སྤྱི་ལོ་༢༠༡༩ཟླ་༢ཚེས་༢༠ལའོ། །
ངའི་ཕ་སྐད་སྤྱད་ནས་བྲིས་འདུག་པས་ཀློག་གིན་ཀློག་གིན་ཕ་ཡུལ་ལ་བསླེབས་པའི་སྣང་བ་སྟེར། གང་ལྟར་བཀླགས་ཚར།
འོ། རྩོམ་བྲིས་ནོ་ཧྲ་གི་ཡ།
ཐུགས་རྗེ་ཆེ་མཁན་པོ་ལགས་། བྱིན་རླབས་ཆེའོ་།
ཤ