རྫ་ཚེ་རིང་བཀྲ་ཤིས།
ལོ་སྔོན་མར་ར་རྒྱ་ཤེས་རིག་ནོར་བུའི་གླིང་གི་སྐབས་བཅུ་གཉིས་པའི་འཛིན་གྲྭའི་ཕ་སྐད་དོ་དམ་ཚན་ཆུང་ཟེར་བའི་མི་བརྒྱད་ལས་གྲུབ་པའི་ཚོགས་ཆུང་ཞིག་གིས་ ༼རྒྱུན་བཀོལ་ཐ་སྙད་ཕྱོགས་བསྒྲིགས་༽ཞེས་པའི་རྒྱ་བོད་ཤན་སྦྱར་གྱི་མིང་མཛོད་ཅིག་བསྒྲིགས་ཡོད་པ་དང་། དེབ་དེར་དཔར་རིས་ཅན་གྱི་ཐ་སྙད་༨༡༠དང་། ཤན་སྦྱར་ཐ་སྙད་༡༥༢༡བཅས་ཁྱོན་ཐ་སྙད་༢༣༣༡དང་། སྡེ་ཚན་མི་འདྲ་བ་བཅུ་དྲུག་ཏུ་ཕྱེས་ཡོད།
དེ་ཡང་སྤྱི་ལོ་༢༠༠༩ལོའི་ཟླ་བ་༦པ་ཡས་མས་ལ་ཐེངས་དང་པོ་དེབ་གྲངས་༦༠༠༠ཐམ་པ་དཔར་འགྲེམས་བྱས་པ་ཟླ་གསུམ་གྱིས་ཡོངས་སུ་བྲིམས་ནས་རོང་འབྲོག་མང་ཚོགས་གཙོ་བོ་བྱས་པའི་ཀློག་པ་པོ་དག་གིས་རེ་བསྐུལ་བཞིན་སླར་ཡང་སྤྱི་ཟླ་༡༠པར་དཔར་ཐེངས་གཉིས་པར་དེབ་གྲངས་༨༠༠༠དཔར་འགྲེམས་བྱས་འདུག
བོད་ཡིག་གི་ཁྲོམ་རའི་འཁོར་རྒྱུག་ལ་ལྟོས་ནས་བཤད་ན་དེབ་གྲངས་འདི་འདྲའི་འབོར་ཆེན་ཞིག་དུས་ཐུང་ནང་གྲངས་འབོར་མང་བའི་སྐྱར་འགྲེམས་བྱ་དགོས་བྱུང་བ་དེས་ད་ཆ་བོད་ནང་དུ་གཏན་འབེབ་བརྡ་ཆད་ཀྱི་ཐ་སྙད་གསར་བའི་ཕྱོགས་ལ་དོ་སྣང་དང་ཁྱབ་སྤེལ་ཆེ་རུ་འགྲོ་བཞིན་ཡོད་པ་མཚོན་ཐུབ།
དེབ་འདི་ནི་མཁས་དབང་ཚུལ་ཁྲིམས་བློ་གྲོས་སོགས་ཀྱིས་བསྒྲིགས་པའི་རྒྱ་བོད་<>གཞིར་གཞག་ཀྱིས་བསྒྲིགས་པ་ཞིག་ཡིན་དང་། དེབ་འདིར་སྡེ་ཚན་བཅུ་དྲུག་ཡོད་པ་གཤམ་གསལ། ༡བཏུང་བ་དང་སིལ་ཟས་ཀྱི་སྐོར། ༢སྔོ་ཚལ་དང་སིལ་ཏོག་གི་སྐོར། ༣བྲོ་རྫས་ཀྱི་སྐོར། ༤གྱོན་ཆས་དང་མཛེས་སྤྲས་ཀྱི་སྐོར། ༥ཁྱིམ་ཆས་ཀྱི་སྐོར། ༦འཕྲིན་གཏོང་དང་གློག་ཆས་ཀྱི་སྐོར། ༧འཕྲུལ་ཆས་དང་ས་ཚིགས་ཀྱི་སྐོར། ༨སློབ་གྲྭ་དང་དེའི་ཉེ་འཁོར་གྱི་སྐོར། ༩རྩེད་ཆས་དང་རོལ་ཆས་ཀྱི་སྐོར། ༡༠གྲོང་ཁྱེར་དང་མི་སྣའི་སྐོར། ༡༡བཟོ་བསྐྲུན་རྒྱུ་ཆ་དང་ཉེར་མཁོ་ཐོར་བུའི་སྐོར། ༡༢རྒྱུན་བཀོལ་བརྡ་རྟགས་ཀྱི་སྐོར། ༡༣རྩིས་འཕྲུལ་སྐོར་གྱི་ཐ་སྙད་ཤན་སྦྱར། ༡༤གཡོས་ཚོད་སྐོར་གྱི་ཐ་སྙད་ཤན་སྦྱར། ༡༥རྒྱལ་ཁབ་དང་ས་མིང་སྐོར་གྱི་ཐ་སྙད་ཤན་སྦྱར། ༡༦རིགས་རུས་ཆོ་འབྲང་གི་སྐོར་བཅས་རེད།
དེབ་འདིའི་དགེ་མཚན་གཙོ་བོ་ཞིག་ནི་ཐ་སྙད་༦༠༠ལྷག་ལ་གོ་བསླ་བའི་ཚིག་སྒྲིག་གི་དཔེར་བརྗོད་བཀོད་ཡོད་པ་དཔེར་ན། སྐྲ་རྩི་སྣ་ཚོགས་བྱུགས་པའི་མི་མིན་འདྲེ་མིན། །རྒྱ་སྐད་བོད་སྐད་བསྲེས་པའི་རྒྱ་མིན་བོད་མིན། །ཞེས་པ་ལྟ་བུ་དང་། ཡང་། ཡག་ཡོད་མེད་གཉིས་ཀས་མཆུ་རྩི་བྱུགས། །ཕྱུག་མི་ཕྱུག་གཉིས་ཀས་རླངས་འཁོར་ཉོས། །ཞེས་དང་། ལག་ན་སྐུད་མེད་སྐད་སྦུག་ཡོད། །ངག་ན་སྙན་མོའི་དྲུག་འགྱུར་ཡོད། །ཅེས་པ་ལྟ་བུ་རེད། འདིས་ཐ་སྙད་གསར་བ་རྩོམ་རིག་གི་ལམ་ནས་ཁྱབ་སྤེལ་གཏོང་དགོས་པའི་རླབས་ཆེན་གྱི་དགོངས་གཞི་ལྟར་རྩོམ་རིག་གི་ལམ་ནས་འགྲེལ་བརྗོད་ཁ་གསལ་བྱས་པས་བློ་སྒོ་འབྱེད་པའི་ནུས་པ་ཆེན་པོ་འདུག
ད་དུང་ཁྱད་ཆོས་ཆེན་པོ་ཞིག་ནི་སྒྲིག་པ་པོ་དག་གིས་དྲན་དབང་གཞན་གྱིས་བཟོས་ཟིན་པའི་ཐ་སྙད་འོས་མཚམས་རྣམས་རྨང་གཞིར་བྱེད་པའི་གཟུར་གནས་ཀྱི་བྱེད་ཐབས་སྤྱད་ནས་སྐད་ཡིག་བརྡ་ཆད་རྣམས་གོམ་གང་མདུན་སྤོས་ཀྱིས་གཅིག་གྱུར་གྱི་ཕྱོགས་སུ་སྐུལ་འདེད་གནང་རྒྱུའི་འབད་བརྩོན་བཅོས་མིན་གནང་འདུག
ཚུལ་འདི་དག་རྩོམ་སྒྲིག་པས་མཇུག་བྱང་དུ། དེ་ཡང་གཙོ་བོ་<>གཞིར་བཞག་ཐོག་གསར་བྱུང་མིང་མཛོད་གཞན་དག་ལས་ཀྱང་ཆད་པ་ཁ་གསབ་དང་། ལེགས་པ་ཚུར་ལེན། མེད་པ་གསར་བསྒྱུར་བཅས་བྱས་ཏེ་ཕྱོགས་རིས་དང་འཐེན་འཁྱེར་སྤུ་ཙམ་ཡང་མེད་པའི་སྒོ་ནས་འཚོ་བའི་ཁྲོད་ལ་བཀོལ་རྒྱ་ཆེ་ཞིང་བོད་སྐད་ཀྱི་ལམ་ནས་བཤད་ཐུབ་ཀྱིན་མེད་པའི་ཐ་སྙད་དག་ལས་གཅིག་གྱུར་དང་ཡོངས་ཁྱབ་རང་བཞིན་ཅན་དག་ལ་པར་རིས་བཞག་ཅིང་ད་དུང་ཚིག་སྒྲིག་དང་དོན་འགྲེལ་ཙམ་ཡང་བྱས་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་གཙོ་བྱས་པའི་བོད་རིགས་སྤུན་ཟླ་ཡོངས་ཀྱིས་གོ་བདེ་བ་ཅི་ཐུབ་བྱས་ཡོད། ཅེས་ངོ་སྤྲོད་གནང་འདུག
ཁྱད་ཆོས་གཞན་ཞིག་ནི། རྒྱ་ཡིག་གི་སྒྲ་རྟགས་ཅན་གྱི་སྒྲ་སྦྱོར་ཡོད་པས་རྒྱ་ཡིག་ཡག་པོ་མེད་མཁན་གྱིས་སྟབས་གཅིག་ཏུ་རྒྱ་ཡིག་སྦྱོང་བའི་ལག་ཆར་ཡང་སྤྱོད་ཆོག
ད་དུང་དེབ་འདིའི་བར་མཚམས་རྣམས་སུ། ༸གོང་ས་མཆོག་གིས་གཙོས་པའི་གྲགས་ཅན་མི་སྣ་དང་མཁས་དབང་དག་གི་བཀའ་སློབ་དང་པར་རིས་སོགས་ཀྱང་ཡོད་པར་མ་ཟད། དེབ་ཀྱི་སྔོན་གླེང་ལྡོང་ཡོན་ཏན་རྒྱ་མཚོ་ལགས་ནས་བྲིས་གནང་མཛད་ཅིང་། དེར་ལྡོང་ཡོན་ཏན་རྒྱ་མཚོ་ལགས་ཀྱིས། བོད་པས་བོད་སྐད་བཤད་མི་ཤེས་པའི་ངོ་ཚ་འདི་མི་རབས་ང་ཚོའི་རིང་ལ་བྱུང་ཞིང་། བོད་མིར་རྒྱ་མིང་འདོགས་པའི་ཤིང་རྟའི་སྲོལ་འབྱེད་པའང་ང་ཚོ་ཡིན། ང་ཚོས་མང་པོ་ཞིག་ཤོར་སོང་མོད། རྒྱ་བོད་དབྱིན་གསུམ་གྱི་སྦྲགས་སྐད་དམ་དུམ་རེ་བཤད་ཤེས་ལ། བོད་མིན་རྒྱ་མིན་གྱི་ཆ་ལུགས་ཡ་མ་ཟུང་རེའང་སྟོན་ཤེས། འདི་ནི་ཡ་གླིང་ཤར་རྒྱུད་སྟོབས་དཔུང་གིས་བཟུང་མྱོང་བའི་ཐུ་བྷོད་བཙན་པོ་ཚང་གི་ཕྱི་རབས་པ་དག་མི་གྲལ་དུ་འགྱིང་བག་གིས་འགྲོ་ཚུལ་རེད། ཅེས་དངོས་ཡོད་ཀྱི་སྐྱོ་གནས་ཁག་ཅིག་ཐེར་འདོན་གནང་བ་དང་འབྲེལ། སློབ་གླིང་དེས་བོད་ཀྱི་སྐད་ཡིག་གི་སྐོར་ལ་ཕྱག་ལས་གནང་ཕྱོགས་སྐོར་ལ། དགེ་སློབ་ཚོ་བོད་ཁམས་ཀྱི་ས་ཆ་ཆེས་མང་པོ་ཞིག་ལ་དངོས་བསྐྱོད་ཀྱིས་ཕ་སྐད་ཁྱབ་སྤེལ་དང་ཡིག་རྨོངས་སེལ་ཐབས་ཀྱི་བྱ་འགུལ་ཐེངས་བརྒྱ་ཕྲག་ལ་ཉེ་བ་ཞིག་བསྒྲུབས་མྱོང་བར་མ་ཟད་ནང་ཁུལ་ནས་རྒྱུན་པར་བོད་སྐད་གཙང་མ་བཤད་པར་སྒྲིག་ཁྲིམས་སྣ་ཚོགས་བཞག་ཅིང་། སློབ་སྐབས་གཅིག་ལ་ཕ་སྐད་གཙང་མའི་འགྲན་སྡུར་ཐེངས་གཅིག་གཉིས་རེ་སྤེལ་བ་དང་། འགྲན་སྡུར་ཁྲོད་ཐ་སྙད་གསར་བ་བཞི་བརྒྱ་ལྔ་བརྒྱ་བློ་ལ་བཟུང་སྟེ་མགོ་འཛིན་པས་གང་དྲིས་པ་ལ་ཤར་ཤར་ལན་བཏབ་སྟེ་རྟིང་རྩོད་ཀྱི་རྒྱལ་དར་ལེན་དགོས་སོགས་བཟོས་པ་དང་། ཕ་སྐད་གཙང་མའི་གསོས་འདེབས་དུང་གི་སྒྲ་དབྱངས་ཞེས་པའི་དོན་ཚན་བཅུ་གཅིག་ཅན་གྱི་ཚིག་མཛོད་དེབ་ཆུང་བསྒྲིགས་པ་སོགས་ངོ་སྤྲོད་གནང་བ་དང་མཇུག་ཏུ།
འདི་ནི་དགེ་སློབ་བརྒྱ་ཕྲག་མང་པོ་ཞིག་གི་ལྷག་བསམ་གྱི་རང་མདངས་དང་བློ་གྲོས་ཀྱི་ཉིང་བཅུད་ཡིན་པས། དྲ་གནས་དང་བརྡ་འཕྲིན་དུས་རབས་འདིར་བོད་པ་ཚང་མི་གྲལ་དུ་འགྲོ་ཞིང་མི་སྐད་གཙང་མ་སྨྲ་བའི་མཐུན་རྐྱེན་ཞིག་ཏུ་འགྱུར་བའི་ཡིད་ཆེས་ཡོད་ལ། ཡོངས་རྫོགས་སྤྱི་སྐད་ཀྱི་ཚད་ཤིང་ངོ་མ་ཞིག་ཏུ་འགྱུར་དཀའ་རུང་༼རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད༽དང་། རིང་མིན་དཔར་བསྐྲུན་བྱེད་སྐད་ཐོས་པའི་༼གསར་བྱུང་རྒྱུན་བཀོལ་མིང་མཛོད༽༼ད་ཆ་འགྲེམས་སྤེལ་བྱས་ཟིན༽སོགས་ཀྱི་ཟུར་རྒྱན་ནམ་རམ་འདེགས་ལེགས་ཤོས་ཤིག་ཏུ་གྱུར་ཏེ། དཔུང་རྡང་མཉམ་སྦྲེལ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས། རང་གི་རིག་གནས་རང་སྐད་ཀྱིས་དུས་རབས་ནས་དུས་རབས་སུ་བརྒྱུད་སྤྲོད་བྱེད་ཐུབ་པ། དུས་ཀྱི་འགྲོས་དང་མཐུན་པའི་བོད་སྐད་བཤད་ཤེས་པ། ཁ་བ་གངས་ཅན་གྱིས་ཡོངས་ཀྱིས་བཀོལ་ཞིང་རིན་ཐང་ཆེ་བ་ཞིག་ཏུ་འགྱུར་ཐུབ་པའི་རེ་ལྟོས། རི་རབ་ལས་དཔང་མཐོ་ཞིང་། རྒྱ་མཚོ་ལས་གཏིང་ཟབ་པ་ཞིག་མཆིས། ཞེས་བཀོད་འདུག
ལགས་སོ་བཀའ་དྲིན་ཆེ་ཞུ་བ་དང་དམིགས་བསལ་ནན་བསྐུལ་རེ་དགོས་པར་སྣང་ངོ་། དེང་དུས་ཀྱི་ཀ་ཁ་འབྲི་ཤེས་པ་ཙམ་དང་ངན་པ་སྐྱག་ལོང་མཁན་ཚོ་ལ་མཁས་མིང་དང་ཧ་ལས་འགྲོ་བ་ལ་བལྟས་ན། ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱི་ཕྱག་རྩོམ་འདི་དག་འཛམ་གླིང་ཤེས་བྱ་རིག་པའི་རྒྱན་ཆ། ལེགས་བཤད་རྨད་དུ་བྱུང་བ་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ཆེན་པོ། དམ་པ་ཉིད་ཀྱང་ཐོས་བསམ་བསྒོམ་པའི་གནས་ལུགས་མཇལ་ནས་བཤད་སྒྲུབ་ཕྲིན་ལས་ཀྱི་རང་གཟུགས་བླ་ན་མེད་པ་འདི་ང་ཚོ་ཁ་བ་གངས་རི་ཅན་པའི་བསོད་ནམས་ཞིག་ལ་སྣང་བས་ཡིད་བཞིན་ནོར་བུ་རང་ལག་ཡོད་དུས་གཞིས་བྱེས་ཀུན་གྱིས་ངོ་ཤེས་ན་ཅི་མ་རུང་སྙམ་ཡོད།
ཁྱོན་ཐ་སྙད་༢༣༣༡དང་། སྡེ་ཚན་མི་འདྲ་བ་བཅུ་དྲུག་ཏུ་ཕྱེས་ཡོད་པའི་༼རྒྱུན་བཀོལ་ཐ་སྙད་ཕྱོགས་བསྒྲིགས་༽ཞེས་པ་འདོན་སྤེལ་དང་། ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱི་ཕྱག་རྩོམ་འདི་དག་ལེགས་བཤད་རྨད་དུ་བྱུང་བ་རེད་ཅེས་ངོ་སྤྲོད་བྱས་འདུག
དགའ་སོང་ ཧ་ཅང་དགའ་སོང་ ཐུགས་རྗེ་ཆེ་ བོད་ནང་རང་མི་རིགས་ཀྱི་སྐད་ཡིག་ལ་དོ་སྣང་དང་ཁྱབ་སྤེལ་ཆེ་རུ་འགྲོ་བཞིན་ཡོད་པར་བཀའ་དྲིན་ཆེ་པའི་ངང་ནས་གུས་བཏུད་ཞུ་།