གནས་ཚུལ་མཁོ་གཏོང་བ། བུ་རྒོད་པོ།
ཨ་རིའི་ནིའུ་ཡོག་ཏུ་རྟེན་གནས་སུ་ཡོད་པའི་ཞི་བདེ་ཀུན་ཁྱབ་གླིང་ཚོགས་པའི་གོ་སྒྲིག་འོག་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་བཞིར་ཕེབས་པའི་༧སྐུའི་འཁྲུངས་སྐར་སྐབས་སུ་རྒྱ་གར་དང་། བལ་ཡུལ། ཨ་རིའི་ནིའུ་ཡོག་སོགས་རྒྱལ་ཁབ་གསུམ་གྱི་མངའ་ཁུལ་དང་ས་གནས་མི་འདྲ་བ་ཉི་ཤུ་ལྷག་ཅིག་ཏུ་སྦྱིན་གཏོང་ལས་འགུལ་སྤེལ་ཡོད་པ་རེད་འདུག
འདིའི་སྐོར་ལ་ཞི་བདེ་ཀུན་ཁྱབ་གླིང་གི་འགན་འཛིན་སེར་སྨད་དབུ་ཟུར་དགེ་བཤེས་བཀྲ་ཤིས་རྡོ་རྗེ་ལགས་ཀྱིས་གསུང་དོན།ཞི་བདེ་ཀུན་ཁྱབ་གླིང་གིས་ལོ་ཤས་གོང་ནས་བལ་ཡུལ་མངའ་ཁུལ་གྱི་སྐྱོ་བོར་སྦྱིན་གཏོང་དང་རོགས་རམ་གྱི་ལས་གཞི་ཞིག་འགྲོ་བཞིན་ཡོད་མོད། ༧སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བའི་སྦྱིན་གཏོང་གི་ལས་གཞི་ནི་འདི་ལོར་ཐོག་མ་ཡིན་པ་དང་། རྒྱ་གར་གྱི་རྡ་རམ་ས་ལ་དང་། རྡེ་ར་རྡུན་གྱི་ཁྱབ་ཁོངས་བདེ་སྐྱིད་གླིང་། རྡོ་རྗེ་གདན་དང་། ཝ་རཱ་ནཱ་སི། རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་ཁུལ་མོན་གྷོ་དང་། བྷེལ་ཀོབ། ཧོན་སོར། རྒྱ་གར་བྱང་ཤར་ཀ་ལོན་སྦུག་་དེ་བཞིན་བལ་ཡུལ་གྱི་མངའ་ཁུལ་ཁག་ཅིག་དང་། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་སོགས་ཀྱི་ཁྱབ་ཁོངས་སུ་ས་གནས་མ་འདྲ་བ་མང་པོ་ཞིག་ཏུ་སྦྱིན་གཏོང་གི་ལས་འགུལ་སྤེལ་ཡོད་པར་གསུངས་སོང་།
སྦྱིན་གཏོང་གི་དམིགས་ཡུལ་དང་། སྦྱིན་པ་གནང་ཡུལ་གྱི་ཐད་ལ་དགེ་བཤེས་ལགས་ནས་གསུང་དོན། སེམས་ཅན་ཐམས་ཅད་བདེ་བར་འདོད་པ་དང་། སེམས་ཅན་ཐམས་ཅད་བདེ་བར་འགོད་པ་ནི་ནང་པ་སངས་རྒྱས་པའི་སྐྱབས་འགྲོའི་ཀུན་སློང་གི་ཐོག་མ་རེད། དེ་ཡིན་དུས་ཆོས་ལུགས་གཅིག་པ་ཡིན་མིན་དང་། མི་རིགས་གཅིག་པ་ཡིན་མིན་གྱི་གདམ་ཀ་དེ་གཙོ་བོ་མིན་པར་སུ་ཞིག་ཉམ་ཐག་གི་ཡུལ་ཡིན་པ་དང་། གང་ཞིག་དངོས་ཡོད་དཀའ་ངལ་ཅན་ཡིན་པའི་སྙིང་རྗེ་ཡི་ལྟ་སྟངས་དེ་གལ་ཆེན་པོར་མཐོང་གིན་འདུག དེའི་ཕྱིར། ད་ལམ་གྱི་སྦྱིན་གཏོང་འདི་ཡང་རྒྱ་གར་དང་བལ་ཡུལ་ཁུལ་དུ་གཙོ་བོར་དབང་པོ་སྐྱོན་ཅན་དང་། ཕ་མ་མེད་པའི་དྭ་ཕྲུག མིག་ལོང་པ།སྤྱིར་བཏང་དཔལ་འབྱོར་འཁོས་ཞན་ཅན་སོགས་ཀྱི་ཡུལ་མིར་སྦྱིན་གཏོང་གཙོ་བོར་བྱས་ཡོད།
ལོ་ཤས་གོང་དུ་༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱུ་ཆེན་ཚོས་ཆང་ས་གཉེན་སྟོན་གྱི་སྐབས་སུ་གྲ་རྒྱས་པོ་དང་རྫིག་པོ་བྱེད་པ་དེ་མིན་པར་ཉམ་ཐག་དབུལ་བོ་ཚོར་སྦྱིན་པ་གཏོང་ཐུབ་ན་ཡག་པོ་ཡོད་ཚུལ་དང་། དེ་འདྲ་བྱུང་ན་ཁོང་ཡང་སྦྱིན་གཏོང་གི་ལས་གཞི་དེར་ཞུགས་རྒྱུ་ཡིན་ཚུལ་གྱི་བཀའ་སློབ་ཞིག་གནང་འདུག སྐབས་དེ་ནས་སྦྱིན་གཏོང་གི་ལས་གཞི་སྤེལ་རྒྱུའི་ས་བོན་གྱི་རྨང་གཞི་བྱུང་ཡོད་ཚུལ་གསུང་བ་དང་། ད་རེས་སྦྱིན་གཏོང་འདིའི་དགེ་བའི་རྩ་བར་བརྟེན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་བརྟན་པ་དང་། འབྲེལ་ཐོགས་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་ཀྱི་ཚོགས་བསགས་ཏེ་འདིའི་ཕྱིའི་ལེགས་ཚོགས་འགྲུབ་པ། ལྷག་པར་༧སྐུའི་འཁྲུངས་སྐར་དང་འབྲེལ་བའི་ཆ་ནས་དད་པ་ཡོད་མེད་ཀྱི་ཕོ་མོ་ཀུན་གྱིས་ཏཱ་ལའི་བླ་མ་ཟེར་བའི་ཚིག་དེ་རྣ་བར་ཐོས་པ་ཙམ་གྱི་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་འཛིན་ཡོང་བའི་རྟེན་འབྲེལ་གྱི་གནད་ཆེ་བ་སོགས་༧སྐུའི་འཁྲུངས་སྐར་སྐབས་དོན་དང་འབྲེལ་བའི་དགོས་དམིགས་ཀྱང་གསུངས་སོང་།
སྦྱིན་གཏོང་གི་ལས་གཞི་འདི་ཉིད་མུ་མཐུད་གནང་འཆར་ཡོད་མེད་ཐད་བཀའ་འདྲི་ཞུས་པར། འདི་ལོར་གདེང་ཚོད་གང་འཚམ་བྱུང་སོང་བས། མ་འོངས་པར་༧སྐུའི་འཁྲུངས་སྐར་དང་འབྲེལ་བའི་སྦྱིན་གཏོང་ལས་གཞི་ཁྱབ་ཁོངས་རྒྱ་བསྐྱེད་དུ་གཏོང་ཐབས་བྱེད་འཆར་ཡོད། སྤྱི་ཚོགས་དང་འབྲེལ་བའི་ལས་གཞི་བསྒྲུབ་པར་དཀའ་ཁག་ངེས་ཅན་ཡོད་ནའང་། གཞན་ཕན་གྱི་བྱ་བ་བསྒྲུབ་ན་སེམས་པ་ཧ་ཅང་སྐྱིད་པོ་ཡོང་གིན་འདུག་ཅེས་དང་། འདི་ལོར་འགྲོ་སོང་སྔོན་རྩིས་ཚོད་དཔག་བྱས་ན་སྒྲོ་ལོར་སྟོང་ཕྲག་བཅུ་དགུ་ལྷག་ཅིག་འགྲོ་ཡོད་པ་དང་། འགྲོ་སོང་འདི་རིགས་ལྷག་བསམ་ཅན་གྱི་མི་མང་གི་དང་བླངས་ཞལ་འདེབས་ལས་བྱུང་བ་ཡིན་ཚུལ་ཡང་གསུངས་སོང་།
༧སྐུའི་འཁྲུངས་སྐར་དང་འབྲེལ་བའི་བྱེད་སྒོ་གཞན་སྤེལ་ཡོད་མེད་ཐད་བཀའ་འདྲི་ཞུས་པར། དགེ་བཤེས་ལགས་ཀྱིས།གསུང་རབ་དཔར་སྐྲུན་གྱི་ལས་གཞི་ཞིག་ཀྱང་སྤེལ་ཡོད། བླ་མ་མཆོད་པ་རྒྱས་པ། བདེ་སྟོང་དབྱེར་མེད་མའི་དཔེ་དེབ་གྲངས་༧༡༣དང་། མཛོད་རྩ་བ་དང་། དབུ་མ་འཇུག་པའི་རྩ་བ། མངོན་རྟོགས་རྒྱན་གྱི་རྩ་བ་སོགས་རྩ་གསུམ་དཔེ་དེབ་གྲངས་༡༠༠༠ཅིག་དཔར་སྐྲུན་ལེགས་གྲུབ་ཟིན་ཡོད། ས་གནས་ནིའུ་ཡོག་མི་མང་གི་ཆེད་ཞལ་འདོན་ཕྱོགས་བསྡེབས་༡༠༠༠ ཐམ་པ་དཔར་སྐྲུན་ཞུ་བཞིན་ཡོད་ཅེས་དང་། དགེ་བཤེས་ལགས་ནས་སྦྱིན་གཏོང་གི་དཔེ་མཚོན་གཅིག་གསུང་དོན། ཝར་ནཱའི་རྒྱ་གར་རྒན་པོ་རྐང་འཁོར་འགྲུལ་སྐྱེལ་བ་ཞིག་ལ་རྐང་འཁོར་གསར་པ་ཞིག་སྦྱིན་ཡོད། རྒྱུ་མཚན་ནི། རྒད་པོ་དེའི་རྐང་འཁོར་འགྲུལ་སྐྱེལ་དེས་ནང་མི་དྲུག་གི་ཁ་གསོ་བཞིན་འདུག་པས་རོགས་རམ་དེ་ཚོའི་རིགས་གལ་ཆེན་པོར་མཐོང་སོང་ཅེས་གསུངས་སོང་།
ཞི་བདེ་ཀུན་ཁྱབ་གླིང་གི་ལས་འཆར་དེར་ངོས་ནས་རྗེས་སུ་ཡི་རངས་དང་མངགས་བརྗོད་ཞུ་བཞིན་ཡོད། ཐུགས་རྗེ་ཆེ་ཞུ་འདོད་བྱུང།
སྦྱིན་གཏོང་ལས་འགུལ་སོགས་ལ་བསྔགས་བརྗོད་ཞུའོ། འོན་ཀྱང་གལ་ཆེ་ཤོས་ང་རང་ཚོས་སེམས་ནང་དུ་ཕྲག་དོག་དང་གནོད་སེམས་རིགས་སོགས་གང་ཐུབ་ཐུབ་ཉུང་དུ་གཏོང་ན་རང་ཕན་རོག་ཕན་གྱི་ལས་བཟང་པོ་ཞིག་ཡིན། དེ་མིན་དེང་སང་བོད་པ་རིགས་གཅིག་ཨ་རི་དང་ནུབ་ཕྱོགས་པའིམི་སེར་ཆགས་ཚར་དུས་བོད་མའི་ནང་ཁུལ་དུ་ཕྲག་དོག གནོད་སེམས། དམངས་གཙོ་ཁ་ལ་འཁྱེར་ནས་ཡུ་ཊུབ་ནང་དུ་མཁས་དབང་ཟབ་གདོང་རིན་པོ་ཆེ་སོགས་ལའང་གཞི་མེད་བཀུར་འདེབས་ཞུ་ཡག་སོགས་དེ་རིགས་དེ་བོད་མི་ངོ་བོའི་ཁྲེལ་དག་ངོ་ཚ་། ལས་འབྲས་ལ་བརྩི་སྲོལ་བརླགས་ཚར་བ་རེད། གདོང་པགས་གཅིག་པུའི་བོད་མི་ཡིན་ནའང་ཕན་ཐོགས་སྤུ་ཙམ་མེད། བྱས་ཙང་བྱམས་དང་སྙིང་རྗེ་། ཡ་རབ་བཟང་སྤྱོད་གོང་འཕེལ་གནང་ན་དེ་རིགས་མ་གནང་ན་དགའའོ།།