སྐལ་བཟང་རྒྱ་མཚོ།
༄༅། །ཤེས་བྱ་རིག་པའི་གནས་ལ་བློ་གྲོས་ཀྱི་སྤྱན་དཀྱུས་མཆོག་ཏུ་ཡངས་པའི་བོད་ཀྱི་ཞིབ་འཇུག་པ་དང་། རྩོམ་པ་པོ། སློབ་གཉེར་བ་རྣམས་ཀྱི་སྙན་ལམ་དུ།
ཚང་མས་མཁྱེན་གསལ་ལྟར་མི་རིགས་ཆེན་པོ་དག་གི་སྐད་ཡིག་གི་ཤུགས་རྐྱེན་གྱིས་ཉིན་རེ་བཞིན་སྐད་ཡིག་ཆུང་ངུ་དག་ཡོད་པ་ནས་ཉམས་རྒུད་དང་། ཉམས་རྒུད་ནས་ག་ལེར་རྩ་མེད་མེད་དུ་འགྱུར་བཞིན་པ་ལྟར། དཔལ་འབྱོར་འབའ་ཞིག་གཙིགས་སུ་འཛིན་ཅིང་བརྡ་འཕྲིན་གྱི་འགྱུར་བ་ཧ་ཅང་རྒོད་པའི་དུས་སྐབས་འདིར་རང་ཅག་གི་སྐད་ཡིག་འདི་ཉིད་ཀྱང་ཉེན་ལྡན་སྐད་ཡིག་གི་གྲས་སུ་མི་ཚུད་པའི་ངེས་པ་ལར་ནས་མེད་ཅེས་སྨྲས་ཚེ། མང་པོ་ཞིག་གི་ཁྱོད་གཅིག་པུར་རི་བོང་གནམ་ལྡིབ་ཀྱི་སེམས་ཁྲལ་ཡོང་དོན་ཅི་ཞེས་འཆད་ཉེན་ཡོད་མོད་ཀྱང་། དོན་དངོས་ཐོག་སེམས་ཁྲལ་དེ་ནི་སེམས་ཁྲལ་ཙམ་མིན་པའི་གནས་ཚུལ་ང་ཚོས་ཕྱོགས་ཡོངས་ནས་ག་ལེར་ཞིབ་འཇུག་དང་། བརྩད་གཅོད་བྱས་ན་རྟོགས་ཐུབ་པ་ཡིན་ཏེ། བོད་དུ་ཡོད་པའི་མི་རབས་གསར་པ་ཚོས་བོད་ཡིག་ལས་ཀྱང་རྒྱ་ཡིག་གལ་ཆེན་དུ་མ་བརྩིས་རང་བརྩིས་ཆགས་ཡོད་དེ། ཐ་ན་བོད་ཡིག་མ་གཏོགས་མི་ཤེས་མཁན་གྱི་མི་ཞིག་གིས་བོད་ཀྱི་གྲོང་ཁྱེར་ཆེ་ཤོས་ལྷ་ས་ནས་ཀྱང་ལས་ཀ་རག་གི་མེད་པའི་གནས་ཚུལ་གསལ་པོ་རེད། དེར་བརྟེན་བོད་དུ་ཡང་མི་རབས་གསར་པ་ཚོས་རྒྱ་ཡིག་འདེམས་དགོས་བྱུང་ཡོད་ཅིང་། བོད་ས་རང་དུ་བོད་པ་ཚོ་ཕལ་མོ་ཆེ་ད་དུང་ཡང་ཡིག་རྨོངས་ཀྱི་གནས་བས་ལས་གྲོལ་ཐུབ་མེད། རྒྱ་གར་གཙོས་པའི་ཕྱི་རྒྱལ་དུ་སྡོད་པའི་བོད་ཀྱི་མི་རབས་གསར་པ་ཕལ་མོ་ཆེས་ཡིག་ཀློག་ཙམ་རེ་ཕལ་མོ་ཆེས་ཤེས་ཀྱང་། ཚད་མཐོའི་རྩོམ་འབྲི་དང་། ཞིབ་འཇུག་གི་ལམ་བུར་སྐྱོད་མཁན་ད་དུང་ཧ་ཅང་དཀོན་པོར་གྱུར་ཡོད། རིས་མེད་ཀྱི་གདན་ས་ཁག་དང་། གཞུང་འབྲེལ་གྱི་ལས་ཁུངས་འགའ་རེ་ཕུད་བོད་ཡིག་གི་ལམ་ནས་འཚོ་བ་འཚོལ་ཐུབ་མཁན་ནི་སྤྱིའི་ཆ་ནས་ཧ་ཅང་ཉུང་ཉུང་ཡིན།
ལྷག་པར་དུ་བཙན་བྱོལ་བ་ཞིག་ཡིན་པའི་ཆ་ནས་གཞན་དབང་སྟབས་བསྟུན་འོག་རང་གི་སྐད་དང་ཡི་གེ་སྐད་ཡིག་གཉིས་པའི་གནས་སུ་མི་འཇོག་ག་མེད་དུ་གྱུར་པ་འདི་མིག་ལྡན་ཙམ་མ་ཟད། དམུས་ལོང་དག་གིས་ཀྱང་རྣ་བ་བརྒྱུད་ནས་གོ་ཡོད་ཤག་ཡིན། རང་མི་རིགས་ཀྱི་སྐད་ཡིག་གི་གནས་བབ་དེ་ལྟ་བུ་ཞིག་ཏུ་གྱུར་དང་འགྱུར་བཞིན་པའི་གནས་བབ་དེར་བསམ་སྟེ། ང་ཚོ་གྲྭ་རྐྱང་ཁག་གཅིག་གིས་ << ཆོས་དུང་དཀར་པོ་ >> ཞེས་པའི་རྩོམ་རིག་དུས་དེབ་ཅིག་འདོན་སྤེལ་བྱས་ཏེ་ད་ལོ་བར་མི་ལོ་བཅུ་དྲུག་སོང་ཞིང་། ངོ་ལོ་དེ་དག་གི་རིང་དཔྱད་རྩོམ་གཙོ་བོར་གྱུར་པའི་རྩོམ་རིག་དང་། ལོ་རྒྱུས། ཆོས་འབྱུང་། རྒྱལ་རབས། ནང་ཆོས། ཡིག་སྒྱུར། དཔེ་ཀློག་ཟིན་ཐོ། བཅར་འདྲི་བཅས་ལེའུ་ཚན་སྣ་ཚོགས་ཀྱིས་གྲུབ་པའི་ལོ་དེབ་འདི་ས་སྐྱའི་རྩོམ་རིག་དུས་དེབ་ཀྱི་ངོ་བོའི་ཐོག་ནས་སྤྱི་ཚོགས་ཁྲོད་འགྲེམས་སྤེལ་བྱས་ཡོད།
དཔྱོད་ལྡན་གྱི་ཞིབ་འཇུག་པ་དང་། རྩོམ་པ་པོ། སློབ་གཉེར་བ། སྤར་སྐྲུན་ཐད་རྒྱུ་སྦྱོར་གནང་མཁན་གྱི་སྦྱིན་བདག་སོགས་བོད་ཀྱི་སྐད་ཡིག་རིག་གནས་ཀྱི་ལས་དབང་ལ་ཞེ་ཐག་པ་ནས་ཐུགས་ཁུར་གནང་མཁན་མང་པོས་རྒྱབ་སྐྱོར་འོག་ད་བར་རྒྱུན་མཐུད་ཐུབ་པ་བྱུང་ཡོད་ཅིང་། ལྷག་པར་དུ་རྩོམ་འབྲི་བ་དང་དཔྱོད་ལྡན་གྱི་ཀློག་པ་པོ་རྣམས་ཀྱི་ཐུགས་ཁུར་ནི་ << ཆོས་དུང་དཀར་པོ་ >> ཇི་སྲིད་བར་སྤྱི་ཚོགས་ཁྲོད་འཚོ་གནས་ཐུབ་པའི་ཆ་རྐྱེན་དང་པོར་གྱུར་ཡོད་པས། ཆོས་དུང་དཀར་པོ་སྤྱིའི་འདོན་ཐེངས་བཅུ་དྲུག་པའི་ནང་བརྗོད་བྱ་གང་ཡིན་རུང་གཙོ་བོ་ཞིབ་འཇུག་རང་བཞིན་ཅན་གྱི་རྩོམ་ཡིག་ཡིན་ཚེ་དེ་ལུགས་ཀྱིས་འགོད་རྒྱུ་ལགས་ན། དེ་དོན་དཔྱོད་ལྡན་ཚང་མས་དགོངས་ཆུབ་ཡོད་པ་ཞུ།
མདོར་ན། ཆོས་དུང་དཀར་པོའི་དྲི་མེད་ཀྱི་དབྱངས་འགྲོས་རེ་རེ་ནི། བོད་ཀྱི་སྐད་ཡིག་གི་འཇིག་རྟེན་ཇི་སྲིད་བར་གནས་པའི་མཚོན་རྟགས་རེ་རེ་ཡིན་ཞིང་། ཆོས་དུང་དཀར་པོའི་ལྷད་མེད་ཀྱི་རང་མདངས་རེ་རེ་ནི། རྩོམ་པ་པོ་དང་། ཡོན་སྦྱོར་བ། རྩོམ་སྒྲིག་པ་ཐུན་མོང་གིས་བོད་ཀྱི་ལོ་རྒྱུས་ལ་ཕུལ་བའི་ལྷག་བསམ་གྱི་ཟེགས་མ་རེ་རེ་ཡིན་ངེས་སོ། །
རྩོམ་སྐུར་ཡུལ། Karpal2013@gmail.com
gongkargawa@gmail.com
འབྲེལ་གཏུགས་ཨང་གྲངས། 91 80-77681925
ཁྱེད་རྣམ་པར་རྗེས་སུ་ཡི་རང་ཞུ།