རླུང་དམར།
སེམས་དཔའི་ཆོས་དབྱངས་དྲི་མེད་བདེན་གཙུག་ཏོག།
སྐུ་མེད་རང་སྣང་མཚན་དཔེ་དུ་མའི་གཟུགས།།
ལྕེ་མཚར་ནག་པོའི་སྟེང་གི་ཡིག་ནག་དེ།།
ལྷ་ཀླུ་སྨྱོ་ལ་བཟི་བའི་སེམས་ཕྲ་མོ།།
རིག་བྱེད་གདོང་ལྔ་ཁྲོས་པའི་རེ་དོགས་ཀྱང་།།
ཁྲག་འཐུང་སྤྱང་ཀིའི་ཟས་སུ་སྨིན་པའི་མཐུ།།
འདུ་བྲལ་ཅི་ཟིང་འཁྲབ་པའི་མྱི་སྡེ་རྣམས།།
བཀོད་པ་ལས་དབང་གཅིག་ཏུ་མགུ་མ་ནུས།།
ཡར་ལྟོས་དཔོན་བློ་གླང་སྨྱོན་གྲལ་ལ་འཚང་།།
དམ་སྲི་རྒད་པོའི་ཟློས་གར་རོལ་རྩེད་གྱུར།།
ཁྲག་སྐུ་དེ་ཡང་བདུད་ཀྱི་རྐང་ལག་ཅན།།
ལས་མཐུ་བཙན་པོས་མིག་མེད་ཞ་བར་རློགས།།
བསམས་པ་ནག་པོའི་སྡིག་གྲིབ་ལྟས་ངན་བྱུང་།།
ངོ་མཚར་བྱིས་བློ་མངའ་ཐང་དེ་ལ་བཙས།།
ཁ་འཐོར་ཁ་ཚ་རྟག་ཏུ་ཤོད་མཁས་པས།།
ནོར་འཛོལ་མཐུ་ཉེས་དྲན་མེད་ངང་ནས་བརྒྱལ།།
དཔོན་ངན་ལྷ་རུ་བཀུར་བའི་ཀླད་རུལ་འགས།།
རང་ངོར་སྐྱག་པ་བསྐུ་བའི་ལུགས་ཤིག་འཛིན།།
ཁྲེལ་མེད་ར་ལུག་ངུ་བའི་ཅོལ་གཏམ་ཡང་།།
གློག་འཁྱུག་གཤོག་འཕུར་ལྟ་བུའི་འཕྲུལ་བཙན་པོ།།
ཧམ་པའི་གླུ་ཞིག་ལེན་པའི་དགོད་སྒྲའི་དབྱངས།།
རྣམ་རྟོག་འདྲེ་མོ་མགོ་དགུ་འཁོར་ལ་ལྟོས།།
ལོ་ཟླ་རྒྱ་མཚོར་རྡོ་གཡུག་སྟོང་ཟད་ཀྱིས།།
མེད་བརླག་ཐན་བྱ་དགུང་ནས་ཡང་ཡང་ལྡིང་།།
དད་ལོག་རང་སྣང་བླ་མའི་ཞབས་ལ་གཏུག།
ངོ་དགའ་སྤྲེའུ་ལད་སྒྱུ་མའི་འདོད་འཇོ་ཅན།།
དར་སྐུད་མཐུན་སྒྲིལ་རིང་མོ་རྩ་ནས་བཅད།།
དུག་མདའི་དམག་རྩེད་ག་ལེར་ག་ལེར་བྱུང་།།
ཁྲག་ནག་དུར་བྱང་ལ་ཁའི་དར་ལྕོག་རེད།།
དམེ་ཚིག་གཏུམ་པོས་འགོང་འདྲེ་བརླག་བར་མཛོད།།
འཛིན་སྐྱོང་གསེར་གྱི་སྡིངས་ཆ་ཉི་ཟླའི་ཞིང་།།
བདེན་པའི་རྒྱལ་སྲས་དེ་ཉིད་འགྲེང་བར་སྨོན།།
རེ་བའི་དོན་ལ་རེ་བ་ཚད་མེད་ཀྱང་།།
ཀུན་གྲོལ་བདེ་ལ་འགོད་པའི་མཐུ་སྟོབས་ཤིག།
ཡུལ་དུས་ནག་པོ་རིང་བོའི་རྒྱང་མཐར་སྤྱུག།
རྣམ་དཔྱོད་སྟག་མཆོངས་སེམས་ཀྱི་རལ་གྲི་ཡིན།།
ཕག་སྣ་ཆེ་བའི་དོན་གོ་ཆོད་མེད་གཅིག།
ཚོད་མེེད་རྒྱུ་འབྱོར་རྔམ་ཟུག་ཆེ་འདི་མཚར།།
བསྟན་བཤིག་སེང་མགོ་ཇི་ཙམ་མཐོ་ན་ཡང་།།
རྐུབ་བརྡོལ་མཚང་ངན་རྒྱུན་ཆད་མེད་པར་བརྟོལ།།
སྐྱོ་བའི་རི་མོ་ནང་གི་གཉེན་ལ་བྲིས།།
རི་ངོགས་ཐམས་ཅད་སྲིན་བྱའི་འཁོར་རྒྱུག་ཆེ།།
ལྟོས་མེད་ཅོ་འདྲིའི་ཁྱོད་ཉིད་ཐར་ས་མེད།།
ཐོལ་བྱུང་ནག་རྩོམ་ཁྲིམས་བཙན་བདེན་པའི་སྲོག།
ཤོང་མེད་ཉེན་ལྟུང་བྱེད་པའི་གཏེ་བོ་ལ།།
དབྱུག་ལྕགས་བྲབས་པའི་ལས་ངན་སྦྱོར་ན་དགའ།།
འཁྲུག་འཛིང་བདས་བརྡར་ཆེ་བའི་རྣམ་པ་དེ།།
ནག་པོ་དཀྲི་བའི་ནག་འཇོམས་ཡིན་མ་ཡིན།།
རིང་མིན་ས་མཐའི་སྐྱོ་གར་ཐོ་ཡིག་ནང་།།
འུ་ཅག་སྡེ་འདིའི་ཡིད་སྣང་གྲང་འཁྱག་འཁྱག།
གདུང་ལྕི་དྲག་པོའི་ཚོར་འདུ་དབྱེར་མེད་དེས།།
ཐམས་ཅད་སྦྲིད་ལ་ཉེ་བ་དོང་ནས་སྤྲུགས།།
ལྕེ་གཏུབ་ཁ་བཙེམ་བྱས་འདྲའི་རྩེད་མོ་ནི།།
རྒྱང་འབོད་རྣམ་ཤེས་གང་དེའི་བཅོམ་ཆག་ཡིན།།
གཏེར་མཛོད་བརྐུ་ལ་ཤོར་བའི་རྐང་ལག་ཀྱང་།།
ས་བདག་ཁྱི་བདག་རང་གི་གཟུགས་བྱད་གྱུར།།
རྡོ་འབུར་རི་འབུར་མེད་པའི་ཐང་ཆེན་ན།།
བློ་ལོག་སྤྱང་ཁྱིའི་ཨག་སྐད་རྣ་བར་གཟན།།
མུན་པའི་ཀློང་གི་དབྱེན་ཤི་ཐེབས་པའི་སྨྲེང་།།
ཁྲག་རྩོམ་ནག་པོའི་འཐོར་རླུང་ཕྱག་རྒྱ་ཡིན།།