འབྲིང་བ་འཇིགས་མེད་ཀྱིས།
༄༅།། ‘‘བོད་རིག་པའི་ཞིབ་འཇུག་ལ་དམིགས་བསལ་ཁྱད་ཆོས་སམ་བྱས་འབྲས་ག་རེ་འདུག་ཟེར་ན། ང་ཚོ་བོད་རིགས་ཚོས་བོད་རིག་པའི་ཞིབ་འཇུག་ཟེར་བའི་ཕྱི་རྒྱལ་གྱི་ཐ་སྙད་དེ་ང་ཚོས་བླངས་ཏེ། བོད་རིག་པ་ཟེར་བ་གསར་སྐྲུན་བྱས། ཞིབ་འཇུག་བྱས་ནས་མཁས་པའི་བྱ་བ་ཞིག་སྤེལ་ཐུབ་པ་བྱུང་འདུག དེ་ལ་དབྱེ་བ་གཉིས་ཡོང་གི་འདུག བོད་རིག་པའི་ཞིབ་འཇུག་ཟེར་དུས་ང་ཚོ་བོད་རིགས་ཚོས་བོད་རིག་པ་ཟེར་བ་དེ་ཡར་བརྩིགས་པ་རེད། བོད་ཀྱི་ངོ་བོ་དང་། བོད་ཀྱི་ལོ་རྒྱུས་དང་། བོད་ཀྱི་རིག་གནས་དེ་ཡར་བརྩིགས་ཏེ་ཕུན་སུམ་ཚོགས་པ་བཟོ་ཐབས་བྱས་དུས། ཕྱི་རྒྱལ་པས་ཞིབ་འཇུག་བྱེད་སྐབས་དེ་མར་བཤིག་ཐབས་བྱེད་ཀྱི་འདུག དེ་ནི་ང་ཚོའི་བོད་ཀྱི་ལུགས་སྲོལ་ལ་བལྟས་དུས། གཙུག་ལག་ཁང་བཞེངས་པ་དང་འདྲ་བོ་འདུག་བསམ། སྔ་མོར་ཉི་མའི་གུང་ལ་མི་ཚོས་གཙུག་ལག་ཁང་ཡར་བཞེངས་དུས། ཕྱི་ལ་གནོད་བསྐྱལ་ནས་མར་བཤིག་ཡོང་གི་ཡོད་པ་རེད་ཟེར། ལམ་ལུགས་དེ་གཉིས་ཆགས་དུས། བོད་རིག་པ་ཟེར་དུས་ང་ཚོ་བོད་པས་བྱ་བ་ག་རེ་སྤེལ་གྱི་ཡོད་པ་རེད་ཟེར་ན། བོད་རིག་པའི་ངོ་བོ་ག་འདྲ་བྱས་ནས་སྤེལ་དགོས་པ་རེད། རྩིག་དགོས་པ་རེད། བོད་ཀྱི་བྱས་རྗེས་ག་རེ་ཡོད་པ་རེད། བོད་ཀྱི་རྒྱལ་ཁབ་ཟེར་བའི་ལོ་རྒྱུས་ག་འདྲ་ཡོད་པ་རེད། བོད་ཀྱི་ངོ་བོ་ག་འདྲ་ཡོད་པ་དེ་རྩིག་ཐབས་བྱེད་པ་དང་། ཕྱི་རྒྱལ་པས་ངོ་བོ་དེ་མར་བཤིག་ཐབས་བྱས་དུས་དབྱེ་བ་གཉིས་ཡོང་གི་འདུག་བསམ། དེ་ལ་ཁྱད་པར་ཆེན་པོ་འདུག’’
ཅེས་པ་འདི་ནི་ཉིན་ཤས་གོང་ཧྥ་རན་སིའི་རྒྱལ་ས་པེ་རི་སིར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་དབུ་འཛུགས་མཛད་སྒོའི་ཐོག་གནང་བའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་པའི་ཚོགས་གཙོ་དགེ་རྒན་ཆེན་མོ་ཚེ་རིང་ཤཱཀྱ་ལགས་ཀྱི་གསུང་བཤད་དུམ་བུ་ཞིག་རེད།
གསུང་བཤད་འདི་ཐོས་འཕྲལ་སེམས་ལ་ཚོར་བ་ཁྱད་མཚར་ཞིག་བྱུང་། བོད་པ་དང་ཕྱི་རྒྱལ་པ་གཉིས་ཀྱིས་བོད་རིག་པར་ཞིབ་འཇུག་བྱེད་སྟངས་ལ་དེ་ལྟ་བུའི་ལྡོག་ཕྱོགས་ཀྱི་ཁྱད་པར་ཞིག་ཡོད་པ་དང་། ལྷག་པར་དུ་ཕྱི་རྒྱལ་པ་ཚོས་གཙུག་ལག་ཁང་བཤིག་པ་ལྟར་བོད་རིག་པ་དང་བོད་ཀྱི་ངོ་བོ་བཤིག་ནས་མེད་པར་བཟོ་བཞིན་ཡོད་ཚེ་དེ་ནི་ཧ་ཅང་ཉེན་ཁ་ཅན་ཞིག་དང་གནོད་ཚབས་ཆེ་བ་ཞིག་མ་ཡིན་ནམ། འདིར་གཙུག་ལག་ཁང་བཞེངས་པ་དང་བཤིག་པ་ལ་དཔེ་བླངས་ཏེ་གསུངས་པ་ལྟར་ན། གཙུག་ལག་ཁང་ནི་སྐུ་གསུང་ཐུགས་རྟེན་བཞུགས་ཡུལ་དང་ཐོས་བསམ་སྒོམ་སྒྲུབ་བྱེད་ཡུལ་དུ་དམིགས་པ་ཞིག་ཡིན་པས་དེ་ནི་ཡར་བཞེངས་དགོས་པ་ཞིག་ཡིན་པ་ལས་མར་བཤིག་རྒྱུ་ཞིག་ནམ་ཡང་མིན་པ་ལྟར། བོད་རིག་པ་ཞེས་པའི་ཞིབ་འཇུག་འདིའང་བོད་དང་བོད་རིག་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཐབས་སུ་འགྱུར་བ་ཞིག་དགོས་པ་ལས། བོད་དང་བོད་རིག་པའི་ཕུན་སུམ་ཚོགས་པའི་ཆ་མེད་པར་བཟོ་བའི་བྱེད་ཐབས་ཤིག་ཏུ་འགྱུར་ག་ལ་རུང་། དེས་ན་ཕྱི་རྒྱལ་པ་ཚོའི་ཞིབ་འཇུག་བྱེད་སྟངས་མ་འགྲིག་པ་ཡིན་ནམ། ཡང་ན་ཕྱི་རྒྱལ་པ་ཚོའི་ཞིབ་འཇུག་བྱེད་སྟངས་དེ་བོད་དང་བོད་རིག་པ་ལ་འཚམ་པོ་མེད་པ་ཡིན་ནམ། ཡང་ན་ཚོགས་གཙོ་མཆོག་གི་གསུང་བཤད་དེའི་གོ་དོན་གཞན་ཞིག་ཡིན་ནམ།
དཔེར་ན། བོད་མི་རིགས་ནི་ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་ལས་བྱུང་ཟེར་བའི་བཤད་སྲོལ་དེ་ཕྱི་རྒྱལ་པ་ཚོས་ཞིབ་འཇུག་གིས་བདེན་པ་མིན་ལུགས་ཁུངས་སྐྱེལ་ར་སྤྲོད་བྱུང་བའི་དབང་དུ་བཏང་ན། དེ་ནི་བོད་མིས་བརྩིགས་པའི་བོད་ཀྱི་ལོ་རྒྱུས་ཤིག་ཕྱི་རྒྱལ་པས་མར་བཤིག་ནས་མེད་པར་བཟོས་པར་བརྩི་ཆོག་པས་དེ་འདྲ་མང་དུ་འབྱུང་བཞིན་ཡོད་པའི་དོན་ཡིན་ཚེ། རྒྱུ་མཚན་ཡང་དག་གིས་རྒྱུ་མཚན་ལྟར་སྣང་སུན་ཕྱུང་ནས་མེད་པར་བཟོ་བ་ནི་རིགས་པའི་འགྲོ་ལུགས་ཡིན་པས། རིགས་པ་དང་རྒྱུ་མཚན་ཡང་དག་ལྡན་པའི་ཞིབ་འཇུག་གི་གྲུབ་དོན་ཞིག་ཡིན་ཚེ་བོད་རང་གི་མཁས་པ་སྔ་མ་རྣམས་ཀྱི་གསུང་སྲོལ་བཤིག་པར་འགྱུར་ནའང་ཁས་ལེན་ཞུ་བ་ལས་འོས་མེད། འོན་ཀྱང་ཁོང་གིས་གསུངས་པ་ནི་ཞིབ་འཇུག་བྱེད་སྟངས་ཀྱི་གནད་དོན་ལས་ཞིབ་འཇུག་གི་གྲུབ་དོན་གྱི་གནད་དོན་མིན་པ་འདྲ།
གཞན་ཡང་། ཕྱི་རྒྱལ་པ་ཚོས་ཞིབ་འཇུག་བྱེད་སྐབས་ཚན་རིག་དང་མཐུན་པར་བྱེད་དགོས་ཟེར་བ་དང་། ཚན་རིག་ཅེས་པའི་དོན་ནི་སྟབས་བདེ་པོར་བཤད་ན་དངོས་པོ་གང་དེའི་ཚན་པའམ་ཆ་ཤས་སོ་སོར་ཕྱེས་ནས་ཞིབ་འཇུག་བྱེད་པའི་རིག་པ་ཞིག་ལ་ཟེར་བ་ལྟར། བོད་རིག་པའི་དཔྱད་གཞི་གང་ཞིག་གི་ཆ་ཤས་རྣམས་སྐུད་པའི་རྐྱ་བཤིག་པ་ལྟར་སོ་སོར་ཕྱེས་ཤིང་བསལ་ནས་ཆ་ཤས་བྱེ་བྲག་པ་རེ་རེའི་ཐོག་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པས། ཕྱི་རྒྱལ་པ་ཚོས་བོད་ཀྱི་ངོ་བོ་དང་བོད་རིག་པ་བཤིག་ཟེར་བ་འདི་འདྲའི་དབྱེ་ཞིབ་མང་པོ་བྱས་པ་ཙམ་གྱི་དོན་ཡིན་ཚེ། དེ་ནི་གཙུག་ལག་ཁང་ལ་མཚོན་ན། གཙུག་ལག་ཁང་གི་ཆ་ཤས་རེ་རེ་བཞིན་ངོས་འཛིན་གསལ་པོ་བྱས་པ་ལྟ་བུ་ལས་གཙུག་ལག་ཁང་མར་བཤིག་པ་ཞིག་ཨེ་ཡིན་ནམ།
དེ་བཞིན་ཁོང་གིས་བོད་རིག་པའི་ཞིབ་འཇུག་གི་དཀའ་ངལ་སྐོར་གསུང་སྐབས། ‘‘བོད་རིག་པའི་ཞིབ་འཇུག་ཟེར་དུས། ལ་དྭགས་ཞིབ་འཇུག ཁམས་ཞིབ་འཇུག མངའ་རིས་ཞིབ་འཇུག ཞང་ཞུང་ཞིབ་འཇུག་ཟེར་དུས་ང་ཚོ་བོད་རིགས་ཟེར་བ་དེ་ཁ་འཐོར་ནས་དབྱེ་བ་མང་པོ་དང་། དུམ་བུ་མང་པོ། སྣ་ཁ་མང་པོ་ཕྱེས་ནས། ང་ཚོ་བོད་ཟེར་བ་དེ་བརླག་པའི་ཉེན་ཁ་ཞིག་ཡོང་གི་རེད་བསམ།’’ ཞེས་གསུངས་སོང་བའང་གོང་གི་གནད་དོན་དང་འབྲེལ་བ་ཡོད་པར་མངོན་ནའང་། དེ་དག་ནི་བོད་རིག་པའི་ཁྱབ་ཁོངས་ནས་ཁ་བྲལ་ཏེ་བོད་རིག་པའི་ཞིབ་འཇུག་མ་ཡིན་པའི་ཞིབ་འཇུག་གཞན་ཞིག་ཏུ་འགྱུར་བཞིན་ཡོད་ཚེ་ངེས་པར་སྐྱོན་དུ་སྣང་ཡང་། དེ་དག་བོད་རིག་པའི་ཁྱབ་ཁོངས་སམ་ཡན་ལག་ལྟ་བུའི་ངོ་བོར་གནས་ཡོད་ཚེ་སྐྱོན་མེད་སྙམ། ཡང་གཅིག་བཤད་ན། ཆ་ཤས་སོ་སོར་བསལ་ན་ཆ་ཅན་བརླག་འགྲོ་བ་དང་། ཆ་ཤས་རྣམས་ཚོགས་ན་ཆ་ཅན་འགྲུབ་ཐུབ་ཅེས་པའི་ལྟ་གྲུབ་ཀྱང་ང་ཚོར་ཡོད་པ་མ་ཡིན་ནམ།
འོན་ཀྱང་དེང་སང་ཞང་བོད་ལོ་རྒྱུས་དང་ཞང་བོད་རིག་གནས་ཟེར་བ་སོགས་ཀྱི་ཐ་སྙད་གསར་པ་འགའ་ཞིག་འབྱུང་བཞིན་པ་འདི་དག་གིས། ཞང་ཞུང་དང་བོད་གཉིས་ཐ་དད་ཡིན་པ་ལྟ་བུ་དང་། ཞང་ཞུང་གི་ལོ་རྒྱུས་ནི་བོད་ཀྱི་ལོ་རྒྱུས་ཁོངས་སུ་མེད་པ་ལྟ་བུ། ཞང་ཞུང་གི་རིག་གནས་ནི་བོད་ཀྱི་རིག་གནས་ཁོངས་སུ་མེད་པ་ལྟ་བུར་སྟོན་བཞིན་པས། འདི་ནི་ད་སྐབས་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོར་བསྟུན་ཏེ་ས་ཁུལ་དང་། རིགས་རུས། ཡུལ་སྐད། ཆ་ལུགས། ཆོས་ལུགས་སོགས་ཀྱི་ཁྱད་པར་ཕྲ་མོ་ཙམ་ལ་བསྙད་ནས་བོད་ཡིན་མིན་གྱི་དབྱེ་བ་མང་པོར་ཕྱེས་ཏེ་བོད་སིལ་བུ་ནས་སིལ་བུར་གཏོང་བཞིན་པའི་སྐབས་འདིར། ད་དུང་བོད་མི་ནང་ཁུལ་འཐོར་ཞིག་འགྲོ་གཞིའི་གཏམ་འདི་འདྲ་ནི་སྒྲོག་པའི་འོས་མ་ཡིན་ནོ་ཞེས་བོད་ཕྱི་ནང་གཉིས་ཀ་ནས་དགག་པ་སྐྱོན་མཁན་ཡོང་བཞིན་པ་ལྟར་ངེས་པར་བསམ་གཞིག་གནང་དགོས་པར་མཐོང་། ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་གཅིག་གྱུར་མཛད་པ་ནས་བཟུང་བོད་ལས་ལོགས་སུ་ཞང་ཞུང་ཞེས་པ་ཞིག་མེད་ལ། ཞང་ཞུང་གི་རིག་གནས་ཀྱང་བོད་ཀྱི་རིག་གནས་ཁོངས་སུ་ཚུད་ཡོད་པ་ལས་ཟུར་དུ་མེད་པ་ནི་མཁྱེན་གསལ་རེད།
དེས་ན་ཕྱི་རྒྱལ་པ་ཚོས་བོད་རིག་པའི་ཞིབ་འཇུག་ཅེས་པ་ཞིག་འགོ་བརྩམས་ནས་རྒྱུན་སྐྱོང་བཞིན་པ་འདིར་ཕྱི་རྒྱལ་པས་དམིགས་ཡུལ་གང་འདྲ་ཞིག་བཟུང་ཡོད་མེད་ལ་མ་ལྟོས་པར། རང་རེ་བོད་ལ་མཚོན་ན། བོད་རིག་པའི་ཞིབ་འཇུག་འདིས་བོད་མི་རིགས་དང་། བོད་ཀྱི་ཆོས་དང་རིག་གནས། སྐད་ཡིག ཡུལ་གོམས་གཤིས་ལུགས། རྒྱལ་རབས་ལོ་རྒྱུས། ས་ཁམས་ཁོར་ཡུག་སོགས་མདོར་ན་བོད་ཀྱི་སྣོད་བཅུད་གཉིས་ཀར་ཕན་ཐོགས་མ་བྱུང་ནའང་གནོད་པ་ཐེབས་མི་རུང་བ་དང་། གལ་སྲིད་གནོད་པ་ཐེབས་ཀྱི་ཡོད་ཚེ་བོད་རིག་པའི་ཚོགས་པའི་ཚོགས་གཙོ་སོགས་འབྲེལ་ཡོད་འགན་ཁུར་བ་དག་གིས་ནོར་བ་ཡོ་བསྲང་ཡོང་ཐབས་ཀྱི་ལམ་སྟོན་དང་འགན་ཁུར་བཞེས་དགོས་སོ། །
འབྲིང་བ་འཇིགས་མེད་ཀྱིས། ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༣ ལ།
JHOLA,
CAME BACK TO 2ND HOME CALGARY NOW FROM VERY HOT
INDIA.