ཆང་སྐྱེས།
དབྱངས་གསལ་སོ་བཞི་འཚོ་བའི་སྲོག་ཤིང་དང་།།
ཕ་སྐད་གཙང་མ་ངག་གི་འགྱུར་ཁུགས་ཞེས།།
མང་པོས་འུར་གྱིས་སྒྲོག་པ་བཟང་མོད་ཀྱང་།།
ལག་ལེན་དངོས་སུ་མེད་ན་སྟོང་པ་རེད།།
རང་གི་རིགས་ལ་ཞེན་པ་དཀར་དགོས་དང་།།
ཆོལ་གསུམ་སྤུན་ཟླའི་ཕ་མ་གཅིག་ཡིན་ཟེར།།
ལ་རྒྱའི་སྙིང་གཏམ་གླེང་པ་བཟང་མོད་ཀྱང་།།
ནང་འཁྲུག་རྒྱག་རྒྱུ་མང་ན་ཐོར་རྒྱུ་རེད།།
དམངས་ཀྱིས་དཔོན་པོར་གློ་བ་དཀར་དགོས་དང་།།
དཔོན་པོས་དམངས་ལ་སེམས་ཐག་ཉེ་དགོས་ཟེར།།
ཁ་གཡང་ཤིས་ཚིག་སྒྲོག་པ་བཟང་མོད་ཀྱང་།།
མཐུན་སྒྲིལ་རྩ་བ་རུལ་ན་ཚར་རྒྱུ་རེད།།
ཁམས་པས་ཨ་མདོ་མཐོང་ན་རྡོ་ལོག་དང་།།
ཨ་མདོས་ཁམས་པ་ཐང་གི་ཁྲམ་པ་ཟེར།།
ལ་རྒྱ་ཁོག་དཔུང་ཡོད་པ་བཟང་མོད་ཀྱང་།།
དཔའ་རྟགས་འཇོག་རྒྱུ་མང་ན་བརླག་རྒྱུ་རེད།།
རྒན་པ་རྣམས་ཀྱིས་དབུ་ལམ་ཡང་དག་དང་།།
གཞོན་སྐྱེས་མང་པོས་རང་བཙན་གཙང་མར་འདོད།།
ལངས་ཕྱོགས་འདྲ་མིན་ཡོད་པ་བཟང་མོད་ཀྱང་།།
རྩ་བའི་དོན་དག་བོར་ན་དཀའ་རྒྱུ་རེད།།
རྟ་ནོར་ལུག་གསུམ་འཚོས་ན་རྗེས་ལུས་དང་།།
ཚོང་གཉེར་ཁེ་ལས་སྒྲུབ་ན་ཇག་པ་ཟེར།།
ནད་གཞི་མཁྲིས་པ་ཅན་གྱི་མིག་ལམ་ན།།
ཆོས་དུང་དཀར་པོའི་ཁ་དོག་སེར་པོ་རེད།།