ཝཱཎ་མཐོ་སློབ་ཀྱི་ཨ་ཅཱརྱ་བསྟན་འཛིན་དགེ་རྒྱས་ལགས་ཀྱིས་རྩོམ་སྒྲིག་གནང་བའི་(མདོ་ཁམས་རྒྱ་སྟོན་ལྡིང་དགུའི་ལོ་རྒྱུས་རིག་གནས་)དེབ་ཕྲེང་དང་པོའི་སྔོན་གླེང་།
ཆུ་བུར་མིག་གིས་མཐོང་བ་ལས་འགངས་པའི།།
བྱུང་འདས་གཏམ་གྱི་རི་མོ་འཚོལ་དགོས་ན།།
མེས་པོའི་ཤུལ་བཞག་བང་སོ་བསྔོགས་པ་ལས།།
ལྷ་འདྲེའི་ལུང་དང་རིགས་པས་སྒྲུབ་ནུས་མིན།།
ལོ་རྒྱུས་ནི་ལོ་རྒྱུས་རང་སྟེ་ལོ་རབས་བརྒྱ་སྟོང་དུ་མའི་བྱུང་རབས་ཡིན་པས། དེ་དག་གི་ཆ་རྒྱུས་མྱོང་གསུམ་ནི་ལག་འཐིལ་གྱི་རྫས་དང་མེ་ལོང་གི་གཟུགས་བརྙན་བཞིན། འཇིག་རྟེན་ཕལ་བའི་ཆུ་བུར་མིག་གིས་ཕྲ་ལྷམ་མེར་མཐོང་ནུས་པ་ཞིག་མིན་ལ། བང་སོའི་རྡོ་རིང་དང་གཞོན་ནུ་མའི་བྲང་ཤ་བཞིན་ལག་པས་རེག་ཆོག་ཆོག་ཅིག་མིན་ཏེ། རེག་ཀྱང་འཇམ་ཤ་དོད་པའི་རང་བཞིན་ཅན་ཞིག་དེ་བས་མིན། ང་ཚོས་བྱུང་འདས་ཀྱི་ལོ་རྒྱུས་ཤིག་འཚོལ་དགོས་ན། དངོས་དོན་དང་མཐུན་པའི་བདེན་དོན་འཚོལ་དགོས་པ་ཡང་ཚན་རིག་དང་མཐུན་པའི་ལོ་རྒྱུས་སྨྲ་བ་ཚོའི་རྩ་དོན་གྱི་སྒྲོམ་གཞི་ཉག་གཅིག་དེ་ཡིན།
དེར་བརྟེན་ང་ཚོས་ལྟ་ན་མཐོང་མི་ནུས་པ་དང་རེག་ན་ཐུག་མི་ཐུབ་པའི་ལོ་རྒྱུས་ཀྱི་གནས་ལུགས་མང་པོ་ཞིག རྒན་རབས་པ་ཚོའི་སྙན་ནས་སྙན་དུ་རྒྱུད་པའི་བཤད་རྒྱུན་ལ་ཉན་པ་དང༌། མཁས་པ་ཚོའི་སྙུག་འོག་ནས་ཐོན་པའི་དེབ་ཐེར་གྱི་གླེགས་བམ་ཀློག་རྒྱུ་ལ་བརྟེན་པ་ལས་ཐབས་གཞན་མེད་ལ། དེ་དག་གི་རྩ་འཛིན་བྱེད་ས་གཙོ་བོ་ཡང་མེས་པོའི་བང་སོ་དང་ཤུལ་བཞག་ཉག་གཅིག་དེ་ཡིན། དེས་ན་དོན་དངོས་ཀྱི་ལོ་རྒྱུས་གསོན་པོའི་ཁ་ཕྱོགས་འཚོལ་དགོས་ན་གཞི་འཛིན་ས་ཉག་གཅིག་དེ་མེས་པོའི་བང་སོ་རང་ཡིན།
དམ་པའི་ཆོས་ཀྱི་ལུགས་ལ་མཁས་པ་ཚོས། སྔོན་བྱོན་དམ་པའི་རྣམ་ཐར། །རྗེས་འཇུག་གདུལ་བྱའི་ཉམས་ལེན། །ཅེས་དང༌། འཇིག་རྟེན་སྲིད་པའི་ལུགས་སུའང༌། ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན་ནག་ཁུང་གི་སྤྲེའུ་དང་འདྲ། ཆོ་འབྲང་མ་ཤེས་ན་གཡུ་འབྲུག་ཟོལ་མ་དང་འདྲ། ཡབ་མེས་ཀྱི་ཡིག་ཚང་མི་ཤེས་ན་མོན་ཕྲུག་ཡལ་བོར་དང་འདྲ། ཞེས་དང༌། སྐྱེས་པའི་མི་ལ་གྲགས་པའི་གཏམ་དགོས། །བྱས་པའི་ཆོས་ལ་གྲུབ་པའི་མཐའ་དགོས། །ཞེས་འབྱུང་བ་ལྟར། ལུགས་གཉིས་གང་གི་དབང་དུ་བྱས་ཀྱང་བྱུང་འདས་ཀྱི་ལོ་རྒྱུས་ལ་རྒྱང་མིག་ཅེར་ནས་ལྟད་མོ་བལྟ་བ་ཙམ་མ་ཡིན་པར། ཡིག་ཐོག་ནས་མ་འོངས་པའི་བུ་རབས་ཚ་བརྒྱུད་ཚོའི་མིག་ཡིད་རྣ་བའི་དགའ་སྟོན་དུ་བསྐྲུན་རྒྱུ་དེ། ཉམ་ཆུང་ཐོས་པ་ཅན་གྱི་སྨྱུག་ཐོགས་པ་ཞིག་གི་ངོས་ནས་མི་རབས་རྗེས་མ་ཚོར་བཞག་པའི་ལེགས་སྐྱེས་དྲག་ཤོས་ཤིག་ཀྱང་རེད་སྙམ།
རྒྱུ་མཚན་དེ་དག་གཞི་ལ་བཅོལ་ཏེ་བྱེས་འབྱོར་ཝཱཎ་མཐོ་སློབ་ཀྱི་ཨ་ཅརྱ་བསྟན་འཛིན་དགེ་རྒྱས་ལགས་ཀྱིས་རང་གི་སྐྱེས་ཡུལ་<>དེབ་ཕྲེང་དང་པོ་འདི་བཞིན་རྩོམ་སྒྲིག་གནང་འདུག
དེབ་ཐེར་འདིའི་ལེའུ་དང་པོའི་ནང་བོད་སྤྱིའི་ལོ་རྒྱུས་རགས་ཙམ་གླེང་བ་ནས་རྒྱ་སྟོན་ལྡིང་དགུའི་ལོ་རྒྱུས་ཀྱི་བསྟོད་དབྱངས་བར་དོན་ཚན་བདུན་དུ་ཕྱེས་ནས་བསྒྲིགས་འདུག ལེའུ་གཉིས་པའི་ནང་རྒྱ་སྟོན་ལྡིང་དགུའི་ཁོངས་སུ་ཡོད་པའི་དགོན་སྡེ་རི་ཁྲོད་བཅུ་བཞི་ཙམ་གྱི་ལོ་རྒྱུས་ངོ་སྤྲོད་དང༌། ལེའུ་གསུམ་པའི་ནང་རྒྱ་སྟོན་ལྔིང་དགུའི་ཁོངས་ཀྱི་གནད་ཡོད་མི་སྣ་གལ་ཆེ་ཁག་གཅིག་གི་ལོ་རྒྱུས་སྙིང་དོན་རེ་འབུར་དུ་བཏོན་ནས་བཀོད་དེ་ལོ་རྒྱུས་དེབ་ཐེར་འདི་ཉིད་མཇུག་རྫོགས་པར་བྱས་འདུག
ཁོ་བོའི་མིག་སྔར་མཐོང་ཆོས་སུ་གྲུབ་པའི་དེབ་ཐེར་འདི་ཉིད་རྩོམ་པ་པོ་དང་དགེ་སློབ་ཀྱི་འབྲེལ་བའི་ཐོག་ནས་ཞིབ་ནན་གྱིས་ཞུས་དག་ཐེངས་གཅིག་བྱས་ཁུལ་གྱི་མཐོང་སྣང་གང་ཞིག་བྱུང་བ་ནི། དེབ་ཐེར་འདི་ཉིད་གནའ་བོའི་བོད་ཀྱི་བརྡ་སྙིང་དང༌། གཏེར་སྙིང༌། དགོངས་གཏེར་དང༌། ཟབ་གཏེར་ལྟ་བུའི་གདུལ་བྱ་ཕལ་བའི་བློ་གྲོས་ཀྱི་རྭ་བ་ལས་འགངས་པ་དང༌། བཀའ་མདོ་རྒྱུད་ཀྱི་ལུང་ལས་མིང་དང་དབྱིབས་འདྲ་བ་གང་རག་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་ལུང་བསྟན་དུ་སྒྲོག་པ། ས་མཆོད་མཆོད་དང་རྡོ་འབུར་འབུར་ཡོད་ཚད་གནས་རི་དང་རང་བྱོན་དུ་ངོ་སྤྲོད་པ་ལྟ་བུའི་དད་པ་དང་དོ་སྣང་གིས་ཕྱུག་པའི་ལས་དག་གི་གདུལ་བྱ་སྐལ་ལྡན་ལས་འཕྲོ་ཅན་རྣམས་རྗེས་སུ་བཟུང་བའི་ཚིག་སྒྲོས་དེ་དག་གིས་མ་བཅོས་པར། བསྐལ་བ་དུས་ཀྱི་མཐའ་མའི་གདུལ་བྱ་ཕལ་བ་བདག་དང་བདག་འདྲ་བའི་ཆུ་བུར་མིག་གིས་མཐོང་དུ་ཡོད་པ་དང༌། དར་ལུང་རྣ་བས་ཐོས་སུ་རུང་བའི་ཀུན་རྫོབ་སྣང་ཕྱོགས་ཀྱི་བྱ་སྤྱོད་དངོས་ལ་གཞི་འཛིན་པས། དུས་རབས་ཀྱི་བསམ་སྤྱོད་དང་འཚམས་པ། ད་ལྟའི་སྤྱི་ཚོགས་ཁོར་ཡུག་འདིའི་ནང་མགོ་མ་མཐོང་གོང་ནས་ལུས་འབྲེལ་བཤད་རྒྱག་པར་བྲེལ་མཁན་དང༌། ཆོས་དང་ལུང་པའི་ཕྱོགས་དང་ཞེན་གྱི་དུག་རླངས་གིས་ཡོངས་སུ་ཁྱབ་པའི་གླེགས་བམ་འཐུག་པོ་རེ་གཉིས་སྤེལ་ཏེ་སྤྱི་ཚོགས་ཐུག་པ་ལྟར་དཀྲུགས་ནས་རང་ཉིད་མཛད་རྗེས་ཅན་དང་མཁས་པ་ཡིན་སྣང་འཆར་མཁན། གང་ཡང་མ་བསླབས་ཅི་ཡང་མི་ཤེསབཞིན་དུ་གནའ་རབས་མཁས་པའི་ཕྱག་རྗེས་དང་དེང་རབས་མཁས་པའི་འབྲེལ་བརྗོད་གང་ཐོས་ཤ་ཡིན་སྤུ་ཡིན་གྱིས་ཡར་བཤུས་མར་འཕྲིའི་ཡིག་འཁྱོག་རེ་གཉིས་ཨུ་ཚུགས་ཀྱིས་བྲིས་པའི་དེབ་ཆུང་རེ་གཉིས་བསགས་ཏེ་རྩོམ་པ་པོ་དང་མཁས་པའི་གྲལ་གསེབ་འཚང་མཁན། ཁུངས་ལུང་རྒྱུ་མཚན་དང་གནས་ལུགས་བདེན་དོན་བརྩད་ལོངས་མེད་པར་ཤ་ཁྱི་གླ་བ་དང་འཕྲོད་པ་ལྟར་རྒྱུག་རྐྱང་དང༌། ཕག་པ་བཙོག་ཟས་དང་འཕྲད་པ་ལྟར་ཟ་རྐྱང་བྱས་ཏེ། དགག་བཞག་སྤང་གསུམ་གྱི་ཕོ་སྒྲོབ་ལུང་པར་མི་ཤོངས་བའི་འུབས་ཤོབ་ཡིག་འཁྱོགས་ཤོག་ལྡེབ་འགའ་རེ་བྲིས་པའི་མཇུག་འབྲས་རང་གཞན་གཉིས་ཀ་འདུག་བཟོད་མི་བདེ་བ་བྱེད་མཁན། གཟིགས་པགས་གོན་པའི་བོང་བུ་དང༌། ལུག་པགས་གོན་པའི་སྤྱང་རྒན་འདྲ་བའི་མྱི་མཐའ་མྱི་ལུད་དེའི་གྲས་ཀྱི་ཁ་རྗེས་ལག་རྗེས་དང་མི་འདྲ་བར། གང་ཞིག་བྲིས་པའི་ཚིག་གི་བརྗོད་པ་རེ་རེ་ཚུན་ཆད་ནས་གཞི་འཛིན་སའི་ལོ་རྒྱུས་ཀྱི་ཁུངས་ཡོད་པ་དང༌། བདེན་རྫུན་དཔྱད་གཞིའི་ཡིག་ཆ་ཡོད་པ། སྙན་ནས་སྙན་དུ་བརྒྱུད་པའི་ངག་སྒྲོས་དང༌། ལག་ནས་ལག་རུ་རྒྱུད་པའི་དེབ་ཐེར་གྱི་གླེགས་བམ་བར་གང་ཞིག་འཐད་མིན་དཔྱད་པའི་དབྱེ་སྒོ་གསལ་བ། ཁུངས་ལུང་གསལ་པོ་ལྡན་པའི་དཔྱད་གཞི་མེད་རིགས་ལ་དཔའ་ཐལ་བའི་འབྲེལ་བརྗོད་ཀྱི་རྒྱས་བཤད་མེད་པ། གཞན་གྱི་བྲིས་པའི་ཕྱག་རྗེས་ལ་རང་གི་ངོ་སོ་ཁྱེར་བའི་མིང་བྱང་བསྒྱུར་ཐབས་ཀྱི་ངན་ཇུས་མི་གདིངས་པར་ཁུངས་གང་ཞིག་བགྲངས་པ་དེའི་རྩོམ་པ་པོ་དང་ཡོང་ཁུངས་བཅས་པ་ཞིབ་འགོད་བྱས་པ། ལྟ་གྲུབ་དང་ཆོས་བརྒྱུད་ཀྱི་ཕྱོགས་མ་འཐེན་པ། ལུང་ཚན་དང་ཆོལ་ཁའི་ཞེན་མ་བཟུང་བ། རྒྱལ་ཁབ་ཕྱི་ནང་གང་ས་ནས་དཔྱད་གཞི་གལ་ཆེ་དུ་མ་ལོ་མང་རིང་འཚོལ་སྒྲུག་གིས་དཔྱད་གཞིའི་རྒྱུ་ཆ་ཕྱུག་པ། འབྲེལ་ཡོད་ལོ་རྒྱུས་མཁས་ཅན་ཁག་ལ་བཀའ་སློབ་ལམ་སྟོན་དང་སྤྱན་འབུལ་སྤྱན་བསྟར་ཡང་ཡང་བྱས་པ་བཅས། མདོར་ན་དེབ་ཐེར་འདི་ཉིད་རྩོམ་སྒྲིག་གནང་བའི་ཁྱད་ཆོས་མངོན་གསལ་ཅན་དུ་མ་ལྡན་པས། དེབ་ཐེར་འདི་བཞིན་བོད་སྤྱི་དང་ཡང་སྒོས་མདོ་ཁམས་རྒྱ་སྟོན་ལྡིང་དགུའི་བྱུང་འདས་ཀྱི་ལོ་རྒྱུས་གསལ་བའི་མེ་ལོང་དང༌། ད་ལྟའི་གནས་བབ་མཚོན་པའི་དཔང་པོ། འབྱུང་འགྱུར་བུ་རབས་ཚ་རྒྱུད་ཚོའི་ཕ་མེས་དང་ཡང་མེས་ཀྱི་མི་རིགས་ཤེས་རྩ་དང༌། རྟ་རིགས་འགྲམ་པ་འཚོལ་སའི་ཡིག་རྒན་མེད་ཐབས་མེད་པའི་མེས་པོའི་ཤུལ་བཞག་གི་ནོར་བུ་རྩ་ཆེ་ཤོས་ཤིག་ཏུ་འགྱུར་རྒྱུ་ཡང་ཐེ་ཚོམ་མི་དགོས་པ་སེམས།
གོ་སྐབས་འདི་དམ་དུ་བཟུང་ནས་ཆེས་འབད་སྐུལ་བྱེད་འདོད་པ་ཞིག་ནི། རང་རེ་བོད་གངས་ཅན་པའི་བྱུང་འདས་ཀྱི་ལོ་རྒྱུས་ཆ་ལག་ཡོངས་སུ་ཚང་བ་ཞིག་དགོས་ན། མདོ་དབུས་སྐོར་གསུམ་གྱི་གྲུབ་ཆ་ཚང་བའི་ལོ་རྒྱུས་ཀྱི་རྒྱུ་ཆ་ཆུང་ཆུང་ཚུན་ཆད་ལ་འབད་འབུངས་གནང་དགོས་པ་བཤད་ག་ལ་དགོས། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་ནི་བོད་ཀྱི་བཙན་པོ་རིམ་བྱོན་དང༌། ཆོས་རྒྱུད་ཁག་གི་གདན་ས་ཕལ་མོ་ཆེ་གནས་པའི་གཞི་ཡིན་སྟབས་ལོ་རྒྱུས་ཀྱི་ཡིག་ཆ་ཤིན་ཏུ་མང༌། མདོ་སྨད་ཨ་མདོའི་ཕྱོགས་སུ་ཡང་ཉེ་རབས་ཀྱི་མཁས་གྲུབ་སྐྱེས་ཆེན་ཟམ་མ་ཆད་པར་བྱོན་པའི་དྲིན་ལས་རྣམ་ཐར་ལོ་རྒྱུས་ཀྱི་ཡིག་ཆ་ཉུང་ཉུང་མིན། མདོ་ཁམས་སྟོད་འདིར་བྲག་དགོན་པས་མདོ་སྨད་ཆོས་འབྱུང་ལས་གསུངས་པ་ལྟར། ས་ཁྱོན་ཁ་གཡེར་ལ་རྒྱ་ཆེ་བ། ཆོས་ལུགས་ལྟ་གྲུབ་དང་དགོན་སྡེ་གྲྭ་ཚང་ཆེས་མང་བ། ལུང་ཚན་སྡེ་དཔོན་དང་མི་གྲངས་ཆེས་མང་བའི་རང་བཞིན་ལྡན་ཡང༌། ཁམས་གསུམ་དང༌། ཆུ་བཞི། མདོ་ལྔ། སྒང་དྲུག རོང་བརྒྱད། ཤོད་བཅུའི་བདག་ཉིད་ཅན་གྱི་ཁམས་ཀྱི་མདུད་པ་ཆེན་པོ་བཞིའི་ཁྱབ་ཁོངས་སྤྱི་དང་བྱེ་བྲག་གི་ལོ་རྒྱུས་ཡིག་ཆ་ནི་ཤིན་ཏུའང་ཉུང་ཉུང་ཡིན་པས། ཕྱི་རབས་ཀྱི་བུ་རབས་ཚ་རྒྱུད་ཚོའི་ཆེད་དུ་ཁུངས་སོ་སོ་ནས་རང་དོན་རང་གཅེས་ཀྱིས་རང་གི་ཕ་རབས་མེས་པོའི་ལོ་རྒྱུས་ཤོག་ལྡེབ་རེ་གཉིས་ལས་ཕབ་མ་ཐུབ་ཀྱང་ངེས་པར་དུ་འབད་པ་ཆེན་པོས་ཕབ་གནང་མཛད་རྒྱུ་དེ་དུས་ལ་བབ་པ་མ་ཟད་ཕྱིས་དྲགས་པའི་ཚོད་དུ་སླེབས་པ་འདི་མཁྱེན་ནས་ཅིས་ཀྱང་འབད་འབུངས་མཛད་རྒྱུའི་འབད་སྐུལ་ཞུ་རྒྱུ་ཡིན།
མཐའ་དོན་རྩོམ་པ་པོ་ལ་ལེགས་གསོལ་དང་དེབ་ཐེར་འདིས་བོད་སྤྱི་དང༌། ཡང་སྒོས་རྒྱ་སྟོན་ལྔིང་དགུའི་བུ་རབས་ཚ་རྒྱུད་ཚོར་བྱུང་འདས་ལ་ལྟ་བའི་མིག་དང༌། འབྱུང་འགྱུར་རང་རིགས་ངེས་པའི་དྲན་ཤེས་ཀྱི་གྲོགས་དོན་དུ་གྱུར་ཐོག གཞོན་སྐྱེས་ལོ་རྒྱུས་སྨྲ་བ་ཚོའི་བྱུང་འདས་དཔྱོད་པའི་གཞིར་ཕན་པའི་སྨོན་འདུན་དང་ྋགོང་ས་ཕྱག་ན་པདྨོའི་ཐུགས་ཀྱི་བཞེད་པ་ལྷུན་གྱིས་གྲུབ་ཅིང༌། ཡོངས་རྫོགས་བོད་ལྗོངས་རང་དབང་བདེན་པའི་འོད་སྣང་མྱུར་བ་ཉིད་དུ་འཆར་བའི་སྨོན་འདུན་ཞུ།
ཁ་བཤད་ཆུ་བུར་སྟོང་གིས་མི་མཚོན་པའི།།
ལག་ལེན་གསེར་འོད་འཕྲོ་བའི་དེབ་ཐེར་འདི།།
ད་ལྟའི་གཞོན་སྐྱེས་མཁས་པའི་དཔྱད་གཞི་དང༌།།
འབྱུང་འགྱུར་བུ་ཚ་ཀུན་གྱི་མིག་ཟུང་དངོས།།
དགེ་མིང་ཟུར་ཙམ་འདྲེན་པ་བེ་རི་འཇིགས་མེད་ཀྱིས། རྡ་ས་གངས་སྐྱིད་རང་ཤག་ཏུ་ ༢༠༡༠ ཟླ་ ༦ ཚེས་ ༡༧ ཉིན་བྲིས།
ཁམས་གསུམ་དང༌། ཆུ་བཞི། མདོ་ལྔ། སྒང་དྲུག རོང་བརྒྱད། ཤོད་བཅུའི་བདག་ཉིད་ཅན་གྱི་ཁམས་ཀྱི་མདུད་པ་ཆེན་པོ་བཞིའི་ཁྱབ་ཁོངས་ཞེས་པའི་ཚིག་རྣམས་གོ་ཁག་སེའེ་འདུག
༢༠༡༠/༠༦/༡༩ ཉིན་འདོན་སྤེལ་བྱས། མ་སུ་རིའི་སློབ་གྲྭ་ནས་ཕྱིར་འབུད་གཏང་བའི་སློབ་ཕྲུག་དེ་དག་སྐྱབས་ཐབས་ཀྱི་ལས་འགུལ་ནང་ཞུགས་འདོད་ཡོད་ཚེ་ཁ་པར་ཨང་གྲངས་འདིའི་ལམ་ནས་འབྲེལ་བ་གནང་རོགས། 0-9805634232
དུས་བབ་ལས།
རྒྱལ་མཚམས་བོད་རིགས་བྱིས་པའི་གསར་འགྱུར་འོག་གི་བོད་ནས་གྲོས་བྱོལ་ཆབ་སྲིད་ཉེས་ཕོགས་དང་། བཙན་བྱོལ་དུ་ཚུལ་འཆལ་ཉེས་ཕོགས་གཉིས་བརྩེགས་ཡོད་པ་དེ་དག་ཕྱི་རྒྱལ་ཡུལ་ཁག་ཏུ་བྱིས་སྐྱོབ་ཚོགས་པ་དང་། ཆབ་སྲིད་ཉེས་སྐྱོབ་སོགས་ཀྱི་བརྒྱུད་ནས་ལེན་ཐབས་ཡོད་ཚེ། e-mail: kardorime@gmail.com,དང་། ༠༠ ༣༦ ༣༠ ༩༠ ༣༩ ༧༨༨ ཁ་པར་ཨང་གྲངས་ཐོག དོ་བདག་སོ་སོས་སམ། ནང་མི་སྤུན་མཆེད། བར་མི་སུ་རུང་ནས་འབྲེལ་བ་གནང་ནས་ཤིན་ཏུ་དགོས་ངེས་ཅན་ལ་གནམ་གྲུའི་འགྲོ་སོང་ཡང་། ཡོ་རོབ་བོད་ཀྱི་ཐེབ་རྩ་དང་རིས་མེད་བསྟན་འཛིན་བཤད་སྒྲུབ་གླིང་གི་མིང་ཅན་ཆོས་ཚོགས་གང་རུང་ནས་ཐབས་འཚོལ་ཞུ་རྒྱུ་བཅས། ཐེབ་རྩའི་ཚོགས་གཙོ་དང་ཆོས་ཚོགས་འགན་འཛིན་གཅིག་ལྕོགས་པ་ཀརྨ་རྡོ་རྗེས་ལོ་ཟླ་ཚེས་ ༢༠༡༠་༠༦་༢༠ ལ།
ཤེས་འཇོན་གྱི་རལ་གྲི་རྣོ་ངང་ལྡན་པའི་ཝཱཎ་མཐོ་སློབ་ཀྱི་ཨ་ཅཱརྱ་བསྟན་འཛིན་དགེ་རྒྱས་ལགས་ཀྱིས་རྩོམ་སྒྲིག་གནང་བའི་(མདོ་ཁམས་རྒྱ་སྟོན་ལྡིང་དགུའི་ལོ་རྒྱུས་རིག་གནས་)དེབ་ཕྲེང་དང་པོ།
TASHI DELEK
གྲོགས་པོ་བས྄ྟན་འཛིན་དགེ་ར྄ྒྱས་མཆོག་ནས་རང་གི་ལུང་པའི་དགོན་ས྄ྡེ་ཁག་གི་ལོ་ར྄ྒྱུས་ར྄ྩོམ་ས྄ྒྲིག་གནང་བར་ཡི་རང་བས྄ྔགས་བར྄ྗོད་དང་མི་རིང་བར་ཕྱག་དེབ་དེ་བཞིན་མཇལ་བས྄ྐལ་ཐོབ་ར྄ྒྱུའི་རེ་ས྄ྨོན་བཅས།
དྲ་དཔོན་ལགས།
ངས་ས྄ྔོན་མ་ནས་མཆན་བུ་འདེབས་ཀྱི་ཡོད། དེ་རིང་དག་མཆན་མི་ཐོབ་པའི་ར྄ྒྱུ་མཚན་གང་ཡིན་ནམས།