ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་བ།
༄༅། །ཉེ་ཆར་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་ས་གནས་སུ་དམ་བསྒྲགས་ཧ་ཅང་བྱས་པ་དང་། ཧོང་ཀོང་ནང་མི་མང་གིས་སྲིད་གཞུང་ལ་ངོ་རྒོལ་རྔམ་སྟོན་ཤུགས་ཆེ་བྱས་རྐྱེན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སེམས་འཚབ་ཧ་ཅང་བྱེད་བཞིན་དུ་རྒྱ་ནག་གཞུང་གིས་དེར་སྣང་བ་ཙམ་ཡང་མ་བཏང་བར། ཕྱི་ལོ་ ༢༠༡༩ ཟླ་ ༧ ནང་རྒྱ་གར་ནས་གསར་འགོད་པ་ཁག་གཅིག་ཆེད་མངགས་མགྲོན་འབོད་བྱས་འདུག གསར་འགོད་པ་ཚོར་ཏཱ་ལའི་བླ་མའི་ཡང་སྲིད་ཀྱི་གནད་དོན་དང་། ཨ་རུ་ནཱ་ཅལ་ས་ཁུལ་གྱི་བདག་དབང་གི་གནད་དོན་ཐད་རྒྱ་གར་གཞུང་གིས་ཐེ་བྱུས་བྱས་ཚེ་འགྲིག་ཐབས་རྩ་བ་ནས་མེད་པའི་སྡིགས་སྐུལ་བྱས་འདུག ལྷག་པར་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ སྐུའི་ཡང་སྲིད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུའི་ཐོབ་ཐང་དེ་རྒྱ་ནག་གཞུང་ཁོ་ནར་མ་གཏོགས་གཞན་སུ་གང་ལའང་མེད་ཚུལ་དང་། གལ་ཏེ་རྒྱ་གར་གཞུང་གིས་མ་འོངས་པར་ཏཱ་ལའི་བླ་མའི་ཡང་སྲིད་ཀྱི་གནད་དོན་ཐད་ཐེ་བྱུས་བྱས་པ་ཡིན་ན་རྒྱ་ནག་གཞུང་གིས་དེར་བཟོད་བསྲན་བྱེད་ཐབས་རྩ་བ་ནས་མེད་པའི་རྣམ་འགྱུར་གསལ་འདོན་བྱས་འདུག
བསམ་ཚོད་ལ་རྒྱ་ནག་གཞུང་གི་སྲིད་བྱུས་དེའི་བློ་སྤོབས་ཀྱི་ཁུངས་དེ་རྒྱ་ནག་གི་དམག་བྱུས་མཁས་པ་སོན་ཙུས་ Sun Tzu ཟེར་བ་དེས་བཏོན་པའི་དམག་གི་འཐབ་བྱུས་གྲགས་ཆེ་བ་གཉིས་ཏེ། ༡ ༽ རང་ཉིད་ཇི་ཙམ་དགྲ་བོའི་ས་ཆའི་ནང་བཙན་འཛུལ་བྱས་པ་དེ་ཚོད་ཀྱིས་རང་གི་དམག་མིའི་ཆིག་སྒྲིལ་གྱི་ནུས་པ་ཤུགས་ཆེ་རུ་འགྲོ་བ་དང་། དེས་ཚུར་རྒོལ་གྱི་ནུས་པ་ཉམ་དམས་སུ་གཏང་ཐུབ་པ། ༢ ༽ ཉེ་འཁོར་དུ་ཡོད་པའི་དགྲ་བོའི་འགོ་གཙོ་ཁག་ཉམ་དམས་སུ་གཏོང་ཆེད་རྟག་ཏུ་སུན་གཙེར་བཟོ་དགོས་པ་དང་། སླུ་ཁྲིད་བྱ་རྒྱུའི་གོ་སྐབས་བཙལ་དགོས་པ་དེ་གཉིས་རེད།
ཐེངས་འདིར་རྒྱ་ནག་གཞུང་གི་ངོས་ནས་རྒྱ་གར་གསར་འགོད་པ་ཚོ་དང་ཐུག་འཕྲད་བྱེད་མཁན་རྒྱ་རིགས་འགོ་གཙོ་རྣམས་ནི། བོད་རང་སྐྱོང་ལྗོངས་ཟེར་བའི་འགན་འཛིན་གཞོན་པ་དང་། ཀྲུང་དབྱང་མི་དམངས་སྲིད་གཞུང་གསར་འགྱུར་ཁང་གི་འགན་འཛིན་ཝང་ནེན་ཤངྒ་ཟེར་བ། རྒྱ་ནག་གཞུང་གི་བསམ་བློའི་བང་མཛོད་གཙོ་གྲས་སུ་ངོས་འཛིན་བྱེད་བཞིན་པ། “ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་” ཟེར་བའི་འགན་འཛིན་ཀྲའོ་ལུ་ Zha Luo ཁོ་པ་དང་། དེ་བཞིན་ཞའོ་ཇེ་ Xiao Jie ཟེར་བ་བཅས་ཡིན་འདུག
སྐབས་དེར་ཏཱ་ལའི་བླ་མའི་ཡང་སྲིད་ཐག་གཅོད་ཞུ་རྒྱུའི་གནད་དོན་ཐད་རྒྱ་ནག་གཞུང་གིས། ལོ་ངོ་ ༢༠༠ ལོ་རྒྱུས་གཞིར་བཟུང་ཐག་གཅོད་ཞུ་བཞིན་ཡོད་ཚུལ་གསར་འགོད་པ་ཚོར་བཤད་པ་མ་ཟད། རྒྱ་ནག་གཞུང་གིས་ངོས་འཛིན་འོག་ད་ལྟའི་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ ཆེན་པོ་མཆོག་ཏཱ་ལའི་བླ་མ་ཆགས་ཐུབ་ཚུལ་དང་། ཏཱ་ལའི་བླ་མའི་ཡང་སྲིད་ཐག་གཅོད་ཞུས་པར་རྒྱ་ནག་གཞུང་ནས་ཆོག་མཆན་ཞུ་དགོས་སྐོར་སོགས་འཁྱོག་བཤད་ཧ་ཅང་བྱས་འདུག “དེ་དག་དངོས་བདེན་རྩ་བ་ནས་མ་རེད།” ཅེས་ང་ཚོས་གོང་གི་འགོ་གཙོ་གསུམ་པོར་གུས་ཞབས་ཀྱི་ལམ་ནས་གདེང་སྤོབས་དང་བཅས་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གིས་བཤད་པ་དེ་ནི་མངོན་སུམ་ལ་སྙོན་ཞིང་བོད་ཀྱི་ལོ་རྒྱུས་དང་། ལྷག་པར་བོད་བརྒྱུད་ནང་བསྟན་གྱི་བྱུང་རབས་ལོ་རྒྱུས་ལ་ཆེད་མངགས་རྩིས་མེད་རྡོག་རོལ་བཏང་བ་ཞིག་རེད།
དེ་ཡང་རྒྱ་ནག་གཞུང་གིས་བཤད་པའི་ལོ་ངོ་ ༢༠༠ ལོ་རྒྱུས་གཞི་རྩར་བཟུང་བ་ཡིན་ན་ཕྱི་ལོ་ ༡༨༡༩ ཙམ་ནང་འཁེལ་བ་རེད། སྐབས་དེར་རྒྱ་ནག་ལ་མཚོན་ན་ཆིང་རྒྱལ་བརྒྱུད་སྐབས་ཡིན། ཆིང་རྒྱལ་པོ་ཇི་ཡ་ཅིང་Jiaqing ཟེར་བའི་རྒྱལ་དུས་སུ་རེད། དེ་ནི་ཕྱི་ལོ་ (༡༧༩༦། ༡༨༢༠ )བར་རེད། འོན་ཀྱང་ཏཱ་ལའི་བླ་མ་ནི་ལོ་ངོ་ ༥༠༠ ལྷག་གི་ལོ་རྒྱུས་ཡོད་པ་ཞིག་རེད། དེ་ཡང་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་ཕྱི་ལོ་ ༡༣༩༡ ལོར་འཁྲུངས་པ་དང་། སྐབས་དེར་རྒྱ་ནག་ནང་ལ་མཚོན་ན་ཆིང་རྒྱལ་བརྒྱུད་ཀྱི་དུས་སྐབས་ (༡༦༤༤།༡༩༡༡) འགོ་མ་འཛུགས་གོང་ནས་ཏཱ་ལའི་བླ་མའི་སྒྲིག་འཛུགས་ཆགས་ཟིན་པ་རེད། དེར་བརྟེན་ཆིང་རྒྱལ་རབས་གོང་མས་༸གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ཐག་གཅོད་ཞུས་ཚུལ་ཟེར་བ་དེར་ལོ་རྒྱུས་ཀྱི་གཞི་རྟེན་གང་ཡང་མེད། མཚམས་འདིར་ང་ཚོས་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ལ་ཡུད་ཙམ་གཟིགས་གལ་ཆེ།
དེ་ཡང་༸རྒྱལ་དབང་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པ་མཆོག་ནི་ཕྱི་ལོ་ ༡༣༩༡ ལོར་འཁྲུངས་པ་དང་། སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་མཆོག་ནི་ཕྱི་ལོ་ ༡༤༧༥ ལོར་འཁྲུངས། གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་ནི་ཕྱི་ལོ་ ༡༥༤༣ ལོར་འཁྲུངས་ཤིང་། ༼སྐབས་དེར་སོག་པོའི་རྒྱལ་པོ་ཨལ་ཏཱན་ཁང་གིས་གུས་བཀུར་གྱི་ཚུལ་དུ་ཏཱ་ལའི་བླ་མ་ཞེས་པའི་མཚན་གནས་ཕུལ།༽ བཞི་པ་ཡོན་ཏན་རྒྱ་མཚོ་མཆོག་སོག་ཡུལ་དུ་ཕྱི་ལོ་ ༡༥༨༩ ལོར་སྐུ་འཁྲུངས་པ་དང་། ༸རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་ (༡༦༡༧།༡༦༨༢) ལ་སོག་པོའི་རྒྱལ་པོ་གོ་ཤྲི་ཁང་གི་དབང་ཤུགས་འོག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དུ་མངའ་གསོལ་ཞུས་ཡོད། ༸རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་ནི་ཕྱི་ལོ་ ༡༦༨༢ ལོར་འཁྲུངས་པ་དང་། ཕྱི་ལོ་ ༡༧༠༨ ལོར་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་འཁྲུངས་ཤིང་། ཕྱི་ལོ་ ༡༧༥༨ ལོར་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་མཆོག་སྐུ་འཁྲུངས་པ་དང་། ཕྱི་ལོ་ ༡༨༠༥ ལོར་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ་མཆོག་འཁྲུངས་ཡོད། དེ་ཡན་གྱི་༸རྒྱལ་བའི་ཡང་སྲིད་རྣམས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་བརྩད་གཅོད་ལམ་ལུགས་ཁོ་ནར་གཞི་བཅོལ་ནས་ཕེབས་ཡོད།
ཕྱི་ལོ་ ༡༧༩༡ ནས་ ༡༧༩༣ བར་བོད་དང་གོར་ཁ་དམག་འཁྲུག་སྐབས། བོད་གཞུང་གིས་མན་ཇུ་གོང་མ་ཆིང་ལོང་ (༡༧༣༦།༡༧༩༥) གི་དམག་རོགས་གཉེར་དགོས་བྱུང་ཡོད། འདི་འདྲའི་དམག་རོགས་ཞུས་པ་ཚར་བཞི་ལ་སོང་། གོར་དམག་བོད་ནས་མཐར་སྐྲོད་རྗེས་མན་ཇུའི་དཔོན་རིགས་རྣམས་ཀྱིས་བོད་གཞུང་གི་འཛིན་སྐྱོང་ཚགས་ཚུད་ཡོང་ཐབས་ལ་བསྙད་པའི་གྲོས་འདེབས་དོན་ཚན་ ༢༩ ཟེར་བ་ལམ་སྟོན་ཚུལ་དུ་གནང་བའི་ནང་དོན་གཅིག་ལ་ཏཱ་ལའི་བླ་མ་དང་། པཎ་ཆེན་བླ་མ་རྣམས་ཀྱི་ཡང་སྲིད་གསེར་བུམ་དཀྲུགས་ཏེ་ཐག་གཅོད་དགོས་པའི་འདུན་གྲོས་བཏོན་ཡོད། སྐབས་དེར་བོད་དང་མན་ཇུ་གོང་མའི་དབར་མཆོད་ཡོན་གྱི་འབྲེལ་བ་ལས་དབང་བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་ཚུལ་དུ་གྲོས་འདེབས་དོན་ཚན་ ༢༩ བཏོན་པ་ཞིག་རྩ་བ་ནས་མིན།
༸རྒྱལ་དབང་སྐུ་ཕྲེང་བཅུ་པའི་སྐབས་ལའང་ཡང་སྲིད་ངེས་རྙེད་ཟིན་སྟབས་དངོས་དོན་དུ་གསེར་བུམ་དཀྲུགས་མེད། སྐུ་ཕྲེང་བཅུ་གཉིས་པར་མཚོན་ན་གསེར་བུམ་མ་དཀྲུག་གོང་ནས་ཡང་སྲིད་ངེས་རྙེད་ཟིན་ཡོད་སྟབས་དངོས་དོན་དུ་གསེར་བུམ་དཀྲུགས་མེད། འོན་ཀྱང༌སྐབས་དེར་མན་ཇུའི་གཡར་ངོ་མ་ལྡོག་པར་གསེར་བུམ་དཀྲུགས་ཚུལ་གསལ་བསྒྲགས་ཙམ་བྱས་པ་རེད། དངོས་སུ་གསེར་བུམ་དཀྲུགས་འདོན་བྱས་པ་༸རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་ཁོ་ན་ལས་བྱུང་མེད། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་དང་བཅུ་བཞི་པ་གསེར་བུམ་དཀྲུགས་འདོན་བྱས་མེད། དེར་བརྟེན་ཏཱ་ལའི་བླ་མའི་ཡང་སྲིད་ཐག་གཅོད་ཞུ་རྒྱུ་དེ་ནི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་བརྩད་གཅོད་ལུགས་གཞིར་བཟུང་ནས་ཕེབས་ཡོད།
ཕྱི་ལོ་ ༡༩༤༠ ལོར་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་གསེར་ཁྲི་མངའ་གསོལ་མཛད་སྒོར་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་མཚུངས་པར་རྒྱ་ནག་གོ་མིང་ཏང་གཞུང་ནས་ཁྲི་སྐྱེས་ལེགས་འབུལ་ཞུ་མའི་སྐུ་ཚབ་ཙམ་བཏང་བ་ལས། རྒྱ་ནག་གཞུང་གི་སྐུ་ཚབ་ནས་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་གཙོ་སྐྱོང་བྱས་པ་དང་། རྒྱ་ནག་གོ་མིང་ཏང་ནས་ཆོག་མཆན་ཞུས་ཚུལ་ཟེར་བ་དེ་འདྲ་དངོས་ཡོད་གནས་ཚུལ་ལ་སྙོན་ནས་མི་བདེན་རྫུན་སྒྲིག་བྱས་པ་ཁོ་ན་ལས་དྲང་བདེན་གྱི་གནས་ཚུལ་ཞིག་རྩ་བ་ནས་མིན་ལ། དེ་རིགས་ནམ་ཡང་བྱུང་མྱོང་མེད།
དེ་ཡང་བོད་རང་སྐྱོང་ལྗོངས་ཟེར་བའི་འགན་འཛིན་གཞོན་པ་དང་། ཀྲུང་དབྱང་མི་དམངས་སྲིད་གཞུང་གསར་འགྱུར་ཁང་གི་འགན་འཛིན་ཝང་ Wang དང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་གི་ཞའོ་ཇེ་ Xiao བཤད་དོན། “ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ངོས་འཛིན་འོག ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་ཏཱ་ལའི་བླ་མའི་ཡང་སྲིད་དུ་བདམས་པ་རེད།” ཟེར་བ་དེ་ནི་གཞན་མགོ་བོ་རྨོངས་སུ་འཇུག་རྒྱུ་དང་། བློ་ཕམ་སྐྱེ་གཞི་ཁོ་ན་ཡིན། གོང་དུ་རྒྱ་ནག་འགོ་གཙོ་གསུམ་པོས་རྒྱ་ནག་གཞུང་གི་ཆོག་མཆན་འོག་གསེར་བུམ་དཀྲུགས་འདོན་གྱི་ལམ་ནས་༸རྒྱལ་བའི་ཡང་སྲིད་ཐག་གཅོད་བྱེད་དགོས་ཚུལ་ཟེར་བ་དེ་དག་གཞི་རྩ་གང་ཡང་མེད་པའི་འཆལ་གཏམ་འབའ་ཞིག་ཏུ་ཟད། ལྷག་པར་རྫུན་གཏམ་བདེན་ཁུལ་གྱི་སྨྱོ་ཧམ་དེ་དག་ནི་རྒྱ་ནག་རང་ཉིད་ཀྱི་ཆབ་སྲིད་ཀྱི་དགོས་མཁོ་ཁོ་ན་བསྒྲུབ་རྒྱུར་དམིགས་ནས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ལམ་ལུགས་ལ་ཆེད་མངགས་མཐོང་ཆུང་ཁྱད་གསོད་དང་རྩིས་མེད་རྡོག་རོལ་ཚབས་ཆེ་བཏང་བ་ཞིག་རེད།
དེ་སྔ་བོད་དང་མན་ཇུ་གོང་མའི་དབར་མཆོད་ཡོན་གྱི་འབྲེལ་བ་ཡོད་པ་དེར་བསྙད་ནས་ད་ཆ་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་དེ་རྒྱ་ཁོངས་རེད་ཟེར་ན། སོག་པོ་དང་བོད་དབར་དེ་སྔ་མཆོད་ཡོན་གྱི་འབྲེལ་བ་དེ་བས་གཏིང་ཟབ་པ་ཡོད། དེ་ལྟར་ན་ད་ཆ་བོད་དེ་བཞིན་སོག་པོའི་མངའ་ཁོངས་ཡིན་ཟེར་ན་རྒྱུ་མཚན་ཆེ་བ་ཡོད་ཡོད་ཆོག རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་སྲོལ་གཏོད་མཁན་སུན་ཀྲུན་ཧྲན་ Sun Yatsen གྱིས་ལོ་རྒྱུས་ཐོག རྒྱ་ནག་ནང་དུ་ཕྱིའི་དབང་ཤུགས་ཐེངས་གཉིས་སླེབས་སྐོར་བཤད་ཡོད། དེ་ཡང་ཁོ་པ་ལྟར་ན། རྒྱ་ནག་ནང་དུ་ཕྱིའི་དབང་སྒྱུར་བྱས་པ་ཐོག་མ་དེ་ནི། ཕྱི་ལོ་ ༡༢༧༡ ནས་ཕྱི་ལོ་ ༡༣༦༨ བར་སོག་པོ་ཡོན་རྒྱལ་རབས་སྐབས་ཡིན་ཞིང་། དེ་རྗེས་ཕྱི་ལོ་ ༡༦༤༤ ནས་ཕྱི་ལོ་ ༡༩༡༡ ལོར་མན་ཇུ་གོང་མས་རྒྱ་ནག་དབང་སྒྱུར་བྱས་པ་དེར་ཟེར་བ་རེད།
དེ་ལྟར་ན་གོང་དུ་རྒྱ་ནག་འགོ་གཙོ་ཝང་ Wang དང་ཞའོ་ཇེ Xiao ཡིས་ “རྒྱ་ནག་” དང་། “ཀྲུང་དབྱང་མི་དམངས་སྲིད་གཞུང་” ཟེར་བ་དང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་བརྩད་གཅོད་ཀྱི་ལམ་ལུགས་དབར་ལོ་རྒྱུས་ཐོག་ནས་འབྲེལ་བ་ཡོད་པ་ཞིག་ཇི་ལྟར་བསྒྲུབ་ཐུབ་རྒྱུ་ཡིན་ནམ། རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ལ་མཚོན་ན་ཕྱི་ལོ་ ༡༩༡༡ ལོར་གསར་འཛུགས་བྱས་པ་ཞིག་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེ་ནི་ཕྱི་ལོ་ ༡༩༤༩ ཟླ་ ༡༠ ནང་གསར་འཛུགས་བྱས་པ་ཞིག་ཡིན།
སྤྱིར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ཐད་བཞེངས་ཕྱོགས་ཇི་ཡིན་བཀའ་སློབ་ཐེངས་མང་ཕེབས་ཟིན་པ་རེད། འདིར་མགོན་པོ་མཆོག་གིས་ཕྱི་ལོ་ ༢༠༡༡ ཟླ་ ༩ ནང་བླ་སྤྲུལ་ཡང་སྲིད་ཐད་བཀའ་སློབ་སྩལ་བ་ཞིག་ལུང་འདྲེན་ཞུས་པ་ཡིན་ན།
“ཇི་ལྟར་གོང་དུ་བརྗོད་ཟིན་པ་བཞིན་སླར་ཡང་ཡང་སྤྲུལ་སྲིད་པ་གཟུང་རྒྱུ་ནི་གོང་མ་རང་ཉིད་ཀྱིས་རང་དབང་གིས་སམ་མཐའ་མར་ཡང་ལས་བསོད་སྨོན་ལམ་གྱི་དབང་གིས་སྐྱེ་བ་བླང་དགོས་པ་ཞིག་ཡིན་སྟབས། དེ་གང་དུ་ཇི་ལྟར་སྐྱེ་བ་དང༌། ཐབས་ཚུལ་ཇི་ལྟ་བུས་ངོས་འཛིན་བྱེད་པ་བཅས་ནི་ཡང་སྲིད་སྐྱེ་བ་འཛིན་མཁན་གྱི་གང་ཟག་ཉིད་ལ་ཐུན་མིན་དུ་དབང་བ་ཞིག་ལས། གཞན་སུས་ཀྱང་བཙན་དབང་དང༌། གནོན་ཤུགས། རང་འདོད་ལྟར་གང་བྱུང་བྱ་ས་མེད་པ་ནི་བདེན་པའི་གནས་ཚུལ་ཡིན། ལྷག་པར་དུ་ཡང་སྤྲུལ་གྱི་རྣམ་གཞག་ལྟ་ཞོག སྐྱེ་བ་སྔ་ཕྱི་ཙམ་ཡང་བསམ་བཞིན་ཁས་ལེན་མི་བྱེད་པའི་ཆབ་སྲིད་དབང་འཛིན་པ་རྣམས་ཀྱིས་བླ་མའི་ཡང་སྤྲུལ་སྤྱི་དང༌། ཁྱད་པར་རྒྱལ་བ་ཡབ་སྲས་ཀྱི་ཡང་སྤྲུལ་ངོས་འཛིན་ལ་དབང་ཤུགས་ཁོ་ནས་ཐེ་བྱུས་བྱེད་པ་ནི་ཆེས་མ་འཚམས་ཤིང༌། སོ་སོའི་ཆབ་སྲིད་ཀྱི་ལྟ་གྲུབ་དང་ཡང་རྒྱབ་འགལ་དུ་སོང་བའི་རྫུན་སྤྱོད་ངན་གཡོ་ངོ་ཚ་བྲལ་བ་ཞིག་ཡིན་པ་ཀུན་གྱི་མཐོང་ཆོས་སུ་གྲུབ་གཤིས། དེ་རིགས་བྱུང་ཚེ་དེ་ལ་བོད་མི་རིགས་དང༌། བོད་བརྒྱུད་ནང་བསྟན་རྗེས་འཇུག་གི་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ནས་ནམ་ཡང་ངོས་ལེན་དང༌། མོས་མཐུན་བྱེད་ཐབས་མེད།
ངོས་རང་རྗེ་དགེ་འདུན་གྲུབ་ཀྱི་དགུང་གྲངས་ཙམ་དུ་སོན་སྐབས་ཆོས་བརྒྱུད་བླ་ཆེན་ཁག་དང༌། བོད་མིས་མཚོན་འབྲེལ་ཡོད་དད་ལྡན་མང་ཚོགས་ལ་གོ་བསྡུར་གྱིས་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་བྱེད་འཆར་ཡིན། གལ་ཏེ་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་དང༌། སྐུ་ཕྲེང་བཅོ་ལྔ་པ་ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ་དེའི་བྱེད་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང༌། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང༌། རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་མ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱེད་དགོས་པ་དང༌། ངོས་ནས་ཀྱང་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་འཇོག་བྱ་རྒྱུ་ཡིན་ཞིང༌། དེ་ལྟར་ཚུལ་མཐུན་རྩད་གཅོད་ངོས་འཛིན་བྱུང་བའི་ཡང་སྤྲུལ་ཞིག་ལས་གཞན་དུ་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པས་མཚོན། སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་དེ་ལ་སུས་ཀྱང་རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་བྱེད་མི་དགོས་པ་ཡིད་འཇགས་དགོས།” ཞེས་བཀའ་སློབ་སྩལ་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་འཚེ་མེད་ཞི་བ་གོང་སྤེལ་གྱི་རླབས་ཆེན་གྱི་མཛད་བཟང་ལ་རྒྱལ་སྤྱིའི་ངོས་འཛིན་ཐོག ཕྱི་ལོ་ ༡༩༨༩ ལོར་འཛམ་གླིང་ནང་ཆེས་སྙན་པར་གྲགས་པ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཀྱང་། རྒྱ་ནག་དམར་པོའི་འགོ་ཁྲིད་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་ “བདུད་” ཡིན་པ་དང་། “འཇིགས་སྐུལ་རིང་ལུགས་པ་”ཡིན་པ། “ཁ་བྲལ་བ་” རེད་ཅེས་དང་། དེ་བཞིན་ “ལུག་ལྤགས་གྱོན་པའི་སྤྱང་ཁྱི་” རེད་ཟེར་བ་སོགས་ཚད་ལས་བརྒལ་བའི་མཚན་དམས་དང་སྒྲོ་སྐུར་ཞུས་དང་ཞུ་མུས་ཡིན།
འོ་ན་རྒྱ་ནག་གཞུང་གིས་སྐྱེས་བུ་བདུད་འདྲ་བ་ཞིག་དང་། རྒྱལ་ཁབ་ཁ་བྲལ་གཏོང་མཁན་ཞིག་གི་ཡང་སྲིད་བརྩད་འཚོལ་བྱ་རྒྱུར་སེམས་ཁུར་ཆེ་མདོག་དང་། རྔམ་སེམས་དེ་ཙམ་བྱེད་དགོས་དོན་གང་ཡིན་ནམ། སྤྱིར་ཡང་སྲིད་གྱི་གནད་དོན་དེ་ནི་ནང་པ་དང་རྒྱ་གར་གདོད་མའི་ཆོས་ལུགས་ཀྱི་ལྟ་གྲུབ་ནས་གསུང་པའི་སྐྱེ་བ་སྔ་ཕྱི་གཞི་རྩར་འཛིན་ནས་འགྲོ་དགོས་པ་ཞིག་རེད། དེར་བརྟེན་སྤྲུལ་སྐུའི་ཡང་སྲིད་སྐོར་སྐད་ཆ་བཤད་པ་ལ་ཆོས་མེད་སྨྲ་བ་རྒྱ་ནག་གུང་བྲན་སྲིད་གཞུང་གིས་དང་ཐོག་སྐྱེ་བ་སྔ་ཕྱི་ཁས་ལེན་བྱེད་དགོས། གཞི་ནས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་སྐོར་ཐེ་བྱུས་བྱས་ན་ཅུང་ཟད་འཚམས་པ་ཞིག་ལ་ཆ་འཛིན་བྱེད་ཆོག
ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བཀའ་བརྒྱ་ཨང་ ༥ ཟེར་བ་ཞིག་བསྒྲགས་ཡོད། བཀའ་བརྒྱ་ཨང་ ༥ ཟེར་བ་དེ་ངེས་པར་དུ་ཕྱིར་བསྡུ་བྱེད་དགོས། རྒྱ་ནག་དམར་པོའི་སྲིད་གཞུང་གིས་དེ་ལྟ་བུའི་ནང་པ་སངས་རྒྱས་པའི་བསྟན་པར་ཚད་ལས་བརྒལ་བའི་དམའ་འབེབས་དང་སྐུར་འདེབས་བྱ་རྒྱུ་མཚམས་འཇོག་བྱེད་དགོས། བྱེད་བབ་དེར་རྒྱ་རིགས་ནང་པས་གཙོས་འཛམ་གླིང་ཁྱོན་གྱི་ནང་པ་ཚོས་བཟོད་བསྲན་བྱེད་ཐུབ་ཐབས་རྩ་བ་ནས་མེད།
དེར་བརྟེན་འཛམ་གླིང་རང་དབང་ལུང་པའི་དབུ་ཁྲིད་ཚོ་དང་། དེ་བཞིན་རང་དབང་དང་དྲང་བདེན། མང་གཙོའི་རིང་ལུགས་ལ་རྒྱབ་སྐྱོར་གནང་མཁན་གྱི་ཟུར་གནས་བློ་ལྡན་ཀུན་གྱིས་བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མའི་ཡང་སྲིད་བརྩད་གཅོད་ཞུ་རྒྱུའི་ཐོབ་ཐང་དེ་ནི་ད་ལྟ་སྐབས་བབ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཁོང་ཉག་གཅིག་ལ་ཡོད་པར་ངོས་འཛིན་ཞུ་ཐོག རྒྱ་ནག་དམར་པོའི་སྲིད་གཞུང་ལ་ནང་པ་སངས་རྒྱས་པའི་བསྟན་པར་རྨ་སྦྱིན་པའི་ལས་ངན་ཚབས་པོ་ཆེ་དེ་ལྟ་བུ་བྱེད་མི་རུང་བ་ཚང་མས་དགེ་བསྐུལ་ངེས་པར་དུ་གནང་རོགས་ཞུ་རྒྱུ་ཡིན། དོན་དངོས་ནི། རྒྱ་ནག་དམར་པོའི་སྲིད་གཞུང་ལ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་ཐག་གཅོད་ཞུ་རྒྱུའི་ཐད་ཆོས་སྲིད་གང་ཐད་ནས་ལོ་རྒྱུས་ཀྱི་དན་རྟགས་ཤིག་རྩ་བ་ནས་མེད།
ཨརྱ་ཚེ་དབང་རྒྱལ་པོ་ལགས་ནི་དྲིལ་བསྒྲགས་དྲུང་ཆེ་ཡིན་ཞིང་། རྩོམ་ཡིག་འདི་ནི་ཁོང་སྒེར་གྱི་བསམ་ཚུལ་ལས་འདི་ག་ལས་ཁུངས་ཀྱི་བསམ་ཚུལ་ཡིན་པའི་ཁྱབ་པ་གང་ཡང་མེད།
གོང་རྩོམ་དེ་བཞིན་ཕྱི་དྲིལ་བོད་ཡིག་ཚན་པས་ཨིན་ཡིག་ནས་བོད་སྒྱུར་ཞུས་པས་ཨིན་རྩོམ་དེར་རྩ་འཛིན་ཡོང་བ་ཞུ།
ཆོས་མེད་སྨྲ་མཁན་ཚོར་ཏཱ་ལའི་བླ་མའི་ཡང་སྲིད་ལ་རྩ་བ་ནས་ཐག་གཅོད་ཀྱི་དབང་ཆ་ཡོད་ཟེར་ན་དགོད་བྲོ་བ་ཞིག་མ་ཡིན་ནམ།
སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །
གོང་ས་ཆེན་པོ་ཤེས་རབ་ཕ་རོལ་ཕྱིན། །
རྒྱ་མི་ཆེན་པོ་སྟོབས་ཀྱི་ཕ་རོལ་ཕྱིན། །
སྤྲུལ་སྐུ་ལམ་ལུགས་མྱང་འདས་ཕ་རོལ་ཕྱིན། །
ང་ཚོའི་བསམ་ཚུལ་ནུས་མེད་གྱི་ནར་ཕྱིན། །
དྲང་མོ་བཤད་ན་སྤྲུལ་སྐུ་ངོས་འཛིན་གྱི་ལམ་ལུགས་འདི་གཏན་ནས་མེད་པ་བྱེད་དགོས་པ་རེད། བོད་ཀྱི་བླ་ཆེན་ཚོའི་སྤྲུལ་སྐུ་ཚོས་ཆོས་དང་ཆབ་སྲིད་གཉིས་ཀར་ཕན་བཏགས་པ་ལས་གནོད་བསྐྱེལ་ཡོད་པ་རེད། འོན་ཀྱང་བོད་མི་ཚོས་དེ་རྟོགས་ག་ལ་ཐུབ། སྤྲུལ་སྐུ་མེད་པ་བཟོ་མ་ཐུབ་ན། ངས་ནི་དམར་ཕྱོགས་པ་ཚོས་ངོས་འཛིན་བྱས་ན་འདྲ། བླ་ཆེན་ཚོས་ངོས་འཛིན་བྱས་ན་འདྲ། ཁྱད་པར་གང་ཡང་མཐོང་གི་མི་འདུག །
ཆོས་ཁས་མི་ལེན་པ་དང་སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན་ཆོས་
དུག་ལ་རྩི་མཁན་ཆོས་མེད་གུང་ཁྲན་དམར་པོའི་བོད་རྒྱུད་ནང་
བསྟན་ཆོས་ལུགས་ཀྱི་བླ་སྤྲུལ་ངོས་འཛིན་གནང་རྒྱུ་དེ་ནི་རི་བོ་
བཟོས་ནས་མ་འབྲང་རྒྱ་མཚོ་ཐུང་ནས་མ་ངོམ་ཟེར་བའི་དཔེ་དེ་
མ་རེད་དམ།
སྤྱིར་སྤྲུལ་སྐུའི་ལམ་ལུགས་ཁུངས་མ་འཆོལ། རྫུན་རྐུབ་ཕུག་ནས་བརྡོལ་ཟིན་པའི་དཔང་རྟགས་འཛམ་གླིང་ཁྱབ་ཟིན་པ་རེད།
ད་དུང་སྤྲུལ་སྐུའི་ལམ་ལུགས་དགོས་ཟེར་ན་རྫུན་གྱི་ལམ་ལུགས་རྒྱུན་སྐྱོང་དགོས་ཟེར་བ་དང་གཅིག་པ་རེད།
བོད་མི་རིགས་བདེན་པ་དང་། རིགས་པའི་རྗེས་སུ་འགྲོ་མཁན་ཞིག་ཡིན་ཟེར་གྱི་ཡོད་རེད།
དེ་ཡིན་ན་ལམ་ལུགས་འདིའི་རྗེས་སུ་ད་དུང་སོང་བསྡད་པ་ཡིན་ན།
རྒྱལ་བའི་བཀའ་དང་འགལ། བོད་མི་རིགས་ཀྱི་སེམས་ཀྱི་རྨ་ཁ་དེ་ནམ་ཡང་སོས་ཐབས་མེད་པ་རེད།
ཆོས་ནི་བླ་ན་མེད་པ། དེའི་དམ་ཚིག་ནི་བླ་ན་མེད་པ། བླ་ན་མེད་པའི་དམ་ཚིག་དེ་འཁྲུགས་ན། སུུས་འགན་ཁུར་དངས་སུ་བླང་འདུག
དད་པའི་རྗེས་འབྲང་དང་རིག་པའི་རྗེས་འབྲང་གཉིས་ལས་བོད་
མི་རིགས་ནི་དད་པའི་རྗེས་འབྲང་ལ་སོང་ནང་བསྟན་ཆོས་ལུགས་ཀྱིས་
རིག་གཞུང་དང་ནམ་ཡང་ཁ་བྲལ་མ་ཐུབ་པའི་མི་རིགས་ཞིག་ཡིན་
པ་དང་ནུབ་ཕྱོགས་མགོ་སེར་ནི་རིག་པའི་རྗེས་འབྲང་ལ་སོང་རིག་པ་
ཡང་དག་གི་ལམ་ནས་གཞི་དངོས་པོའི་གནས་ལུགས་གཏན་ལ་ཕབ་ནས་
འགྲོ་མཁན་ཞིག་ཡིན་པ་བཅས་དད་པའི་རྗེས་འབྲང་དང་རིག་པའི་རྗེས་
འབྲང་གི་ས་མཚམས་དེ་ནས་ཤེས་ཐུབ་བཅས།
༄༅།་ བྱུས་གཏོགས་མེད་པའི་བྱུས་གཏོགས། རྒྱལ་བའི་ཡང་སྲིད་བྱུས་གཏོགས།
ཆོས་མེད་ཀླ་ཀློའི་བྱུས་གཏོགས། ཆོས་ཡོད་ནང་ལ་མི་འགྲོ།
རྒྱལ་བའི་བྱམས་དང་སྙིང་རྗེ། འཛམ་གླིང་ཡོངས་ལ་བསྒྲགས་སོང།
བྱམས་དང་སྙིང་རྗེའི་སྟོབས་ལ། རྒྱ་ནག་དམར་པོ་འཇིགས་ཤག།