ཁྲོ་གཏུམ།
—— གྲོགས་མགལ་དུམ་གྱི་གཉེན་སྒྲིག་གི་ཉིན་མོར་ཞུགས་ཏེ་སྙན་ངག་ཅིག་ཕུལ།
ཉིན་མོ་དེའི་ཉི་འོད་ཀྱི་མཛའ་བརྩེ་སིད་ཎེ་མཚོ་ངོགས་བརྒྱུད་དེ་འཕྲོས།
བརྩེ་དུང་གིས་ལས་དབང་དེད།
ལས་དབང་གིས་བརྩེ་དུང་འཇུས།
རྟེན་འབྲེལ་གྱི་ཆོ་ག་རིམ་བཞིན་གཉེན་སྟོན་གྱི་སྟེགས་བུར་ཕེབས།
སྐུ་མགྲོན་གྱི་ཕྱག་རྡེབ་རོལ་མོས་མཛེས་སྡུག་གི་ཉིན་མོ་བསུས་ཏེ།
གཉེན་གཡང་འགུག་པའི་གསེབ་ཀྱི་ན་གཞོན་ཕོ་མོ་ཟུང་ལ།
པར་ཆས་ཀྱི་ཟེར་མ་འཕྲོས་པས་མཛེས་སྡུག་རབ་ཏུ་འབར།
གདན་ལ་འཁོད་པའི་ཁྱོ་ཤུག་ཟུང་།
དེ་རིང་ནས།
ཡང་ན་ད་ལོ་ནས།
འོ་ན་ནམ་ཡང་།
དམ་བཅའ་གཅིག་སེམས་ལ་བྲག་རིས་སུ་བཀོད།
བརྩེ་བའི་མེ་ཏོག་སེར་ཆེན་ཕན་ཚུན་གྱི་སེམས་པའི་དྲོ་ས་རུ་བཏབ།
གཉེན་སྟོན་གྱི་གར་སྟེགས་སུ་དགོད་པའི་ཁྱོད་གཉིས་ཀྱི་མཛུམ་མདངས་ནི།
ཡང་ན་མཛུམ་མདངས་དེའི་གསེབ་ལ་ལྷུང་བའི་ཁྱོད་གཉིས་ཀྱི་སེམས་པ་ཟུང་།
འོ་ན་སེམས་དམར་པོའི་རྩ་ལམ་ལ་བཏབ་པའི་སྙིང་གཏམ་གྱི་ས་བོན།
ལྟ་ན་སྡུག་པའི་གཉེན་སྟོན་གྱི་མཁའ་དབྱིངས་སུ་བསྐྱོད།
མག་པ་འཚར་ས་སྨད་མདོ་སྨད་ཨ་མདོ།
བག་མ་འཚར་ས་སྟོད་ཉི་མ་ལྷ་ས།
སྟོད་ནས་སྨད་ལ་རི་ཆུ་སྟོང་ཕྲག་གི་བར་ཐག་ཡོད་ཀྱང་།
བོད་དང་ཨོ་གླིང་བར་དེ་བས་དེ་བས་ཀྱང་རིང་།
ལས་དབང་གི་གོ་སྒྲིག་རང་ས་ནས་བལྟས་ན་སའི་གོ་ལའི་དཀྱིལ་ཐིག་བརྒལ་ས།
ཨོ་གླིང་རྒྱལ་ཁབ་ཆེན་མོའི་སིད་ཎེ་ཡི་རང་དབང་མཛེས་ལྗོངས་སུ།
བོད་དྲི་ཐུལ་བའི་རང་མོས་གཉེན་སྒྲིག་ཅིག
བོད་ཀྱི་གཞས་དང་ཞབས་བྲོའི་ཁྲོད་དུ་མཛེས།
ཁྱོད་ཀྱི་སྙན་ངག་གི་རྩ་ལམ་སྔར་ལས་དྲོས་དགོས།
ཚིག་གི་འཕར་རྩལ་དེ་ཡང་སྔར་ལས་རྣོ་བར་ཤོག
༢༠༡༩ ཟླ་ ༧ ཚེས་ ༢༡ དགོང་མོ།
༄༅། ཁྲོ་གཏུམ་ལགས་ནས་་་ལས་ཀྱི་བརྩེ་གཞས་སྙན་པོ་ཞིག་བྲིས་འདུག་པ་་་ང་རང་བཅོས་
མིན་དགའ་། ཁྱེད་དང་ང་གཉིས་ཀྱི་ལས་ཀྱི་བརྩེ་བ་ཕལ་ཆེར་གཅིག་མཚུངས་རེད་འདུག།