འབྲིང་བ་འཇིགས་མེད་ཀྱིས།
༄༅།། དེ་རིང་ཕྱི་ཟླ་ ༨ ཚེས་ ༨ ནི་རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་འཁྲུངས་ཚེས་དང་ཕྱི་ལུགས་དགུང་གྲངས་ ༧༧ ལ་ཕེབས་པའི་ཉིན་མོ་ཁེལ་བ་དང་སྟབས་བསྟུན། ཁོང་གི་རླབས་ཆེ་བའི་མཛད་པ་འཕྲིན་ལས་ཀྱི་ཆ་ཤས་ཏེ། དེ་སྔ་ཁོང་གིས་བོད་ཀྱི་དཔེ་མཛོད་ཁང་དུ་རིག་གཞུང་ཉམས་ཞིབ་པའི་མཛད་འགན་བཞེས་སྐབས་བོད་ཀྱི་ངག་རྒྱུན་ལོ་རྒྱུས་མང་པོ་དང་གནའ་བོའི་གཞས་སྣ། བཀའ་གཏན་ཡིག་རིགས་སོགས་རྩ་ཆེའི་ལོ་རྒྱུས་ཀྱི་རྒྱུ་ཆ་དང་རིག་དངོས་ཤིན་ཏུ་མང་པོ་བསྡུ་རུབ་ཀྱིས་སྲུང་སྐྱོབ་མཛད་པའི་སྐོར་རགས་ཙམ་གླེང་བའི་སྒོ་ནས་བཀའ་དྲིན་རྗེས་དྲན་ཞུ་བར་འདོད།
༸ཁོང་རིན་པོ་ཆེ་ནི་ཕྱི་ལོ་ ༡༩༤༢ ལོར་མདོ་སྨད་ཐེ་བོ་སྟག་མོའི་སྒང་དུ་སྐུ་འཁྲུངས། ༡༩༥༩ ལོར་རྒྱ་གར་ལ་བཙན་བྱོལ་ལ་དུ་ཕེབས། ༡༩༦༨ ནས་ ༡༩༧༧ བར་ཝར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་གསན་བསམ་སློབ་གཉེར་མཛད་དེ་ཨ་ཅརྱའི་ཕྱག་འཁྱེར་བཞེས། ༡༩༧༨ ནས་ལོ་བཅུའི་རིང་བོད་ཀྱི་དཔེ་མཛོད་ཁང་དུ་རིག་གཞུང་ཉམས་ཞིབ་པའི་མཛད་འགན་བཞེས། མཛད་འགན་འདི་བཞེས་པའི་སྐབས་སུ་ ༡༩༧༩ ཟླ་ ༡ ཚེས་ ༡༥ ནས་ ༡༩༨༠ ཟླ་ ༨ ཚེས་ ༣ བར་རྒྱ་གར་བྱང་ཤར་ཀ་རྡོར་སྒང་གསུམ་ཁུལ་དུ་ཆེད་ཕེབས་ཀྱིས་མདོ་དབུས་ཁམས་གསུམ་གྱི་མི་སྣ་བརྒྱ་དང་བཞི་བཅུ་སྐོར་ལ་བཅར་འདྲི་བརྒྱུད་བོད་ཆོལ་ཁ་གསུམ་གྱི་ངག་རྒྱུན་ལོ་རྒྱུས་ཧ་ཅང་མང་པོ་ཞིག་བསྡུ་རུབ་མཛད་ཡོད། དེའི་སྐོར་ཐོ་ཙམ་སྨོས་ན།
དང་པོ། དབུས་གཙང་ཁུལ་གྱི་ངག་རྒྱུན་ལོ་རྒྱུས་སྐོར།
༡ རྩིས་དཔོན་ལུང་ཤར་སྲས་བྱང་ཆུབ་རྡོ་རྗེ་ལ་རྩིས་དཔོན་ལུང་ཤར་སྐོར། ༢ ཕྱག་མཛོད་རྟ་མགྲིན་ཕུན་ཚོགས་ལ་ལྷ་རྩེ་རྫོང་གི་ལོ་རྒྱུས། ༣ ཞིང་ས་ཇོ་ལགས་ཟླ་བ་འཕེལ་རྒྱས་ལ་རྒྱལ་རྩེ་རྫོང་འོག་ཞིང་སའི་ལུང་པའི་ལོ་རྒྱུས་སོགས། ༤ སེར་སྨད་(སེར་བྱེས་)ཕྱག་མཛོད་ཐུབ་བསྟན་ལ་གྲྭ་བཞི་གློག་ཁང་གི་སྐོར། ༥ ཀོང་པོ་བུ་ལགས་ལ་བྱ་ཁྲི་རྫོང་གི་ལོ་རྒྱུས་སོགས། ༦ ས་སྐྱ་པ་ཚེ་བསམ་ལ་ཤབ་ལུང་པའི་སྐོར། ༧ རྭ་སྒྲེང་ཞབས་ཕྱི་ཨ་མདོ་བྱ་ཁྱུང་དགེ་རྡོ་རྗེ་དང་། ༨ རྭ་སྒྲེང་ཞབས་གྲས་རྣམ་གྲོལ་གཉིས་ལ་རྭ་སྒྲེང་རིན་པོ་ཆེའི་སྐོར། ༩ རྨར་ཁམས་པ་ཐོས་བསམ་ལ་རྭ་སྒྲེང་རིན་པོ་ཆེའི་ཡང་སྲིད་ཐོག་མར་ཕེབས་ཕྱོགས་སྐོར། ༡༠ རྭ་སྒྲེང་ཞབས་གྲས་མཆོད་རྟེན་བླ་མ་ཐུབ་བསྟན་གྲགས་པ་ལ་རྭ་སྒྲེང་ཡུལ་འབྲོག་གི་གནས་སྟངས་དང་། རྭ་སྒྲེང་རིན་པོ་ཆེའི་མཛད་རྣམ། བྱང་རིགས་སྡེ་བཞིའི་སྐོར། བྱང་སྤྱིའི་སྐོར་སོགས། ༡༡ ཆ་ཕྲེང་བུ་ལགས་བཀྲ་ཤིས་རྡོ་རྗེ་ལ་བོད་དབུས་ཁུལ་གྱི་སློབ་གྲྭའི་གནས་སྟངས་སོགས། ༡༢ ཚེ་སྨོན་གླིང་པ་དོན་གྲུབ་རྒྱལ་པོ་(ལྷ་མོའི་ཟློས་དགེ་)ལ་སྤྱིར་བཏང་ལྷ་མོའི་འཁྲབ་སྟོན་གྱི་ལོ་རྒྱུས་དང་ཚེ་སྨོན་གླིང་སྐུ་ཕྲེང་ན་རིམ་གྱི་ལོ་རྒྱུས། རྒྱལ་པོ་རྭ་སྒྲེང་དབུ་ཉེས་བྱུང་བའི་སྐོར་སོགས། ༡༣ ཕ་བོང་ཁའི་དགེ་སྐོས་བློ་བཟང་བསམ་གཏན་ལ་སེར་བྱེས་སྔགས་པ་གྲྭ་ཚང་གི་ལོ་རྒྱུས། ༡༤ སྲད་རྒྱུད་དབུ་མཛད་ཚུལ་ཁྲིམས་ལ་སྲད་རྒྱུད་གྲྭ་ཚང་གི་ལོ་རྒྱུས། ༡༥ ཚ་བ་སྤེ་ཐོག་པ་བཀྲ་ཤིས་བདེ་ལེགས་དང་། ༡༦ སྤོ་བ་ཨོ་རྒྱན་ཉི་མ་གཉིས་ལ་སྤོ་ཀཿནམ་སྡེ་བའི་སྐོར་སོགས། ༡༧ སོག་པོ་དགེ་བཤེས་དགུང་ལོ་བརྒྱ་དང་བཅོ་ལྔ་ཙམ་ཡིན་པ་ཚུལ་ཁྲིམས་རྒྱ་མཚོ་ལ་འབྲས་སྒོ་མང་གི་ལོ་རྒྱུས། ༡༨ འབྲས་བློ་གླིང་ཀོང་ཕྱག་མཁྱེན་རབ་བསྟན་འཛིན་ལ་བོད་གཞུང་ནས་བློ་གླིང་ཐོག་དྲག་གནོན་མཛད་རྩིས་གནང་བ་སོགས་ཀྱི་སྐོར། ༡༩ སྡོབ་བཀྲ་ཇོ་ལགས་བཀྲ་ཤིས་རྣམ་རྒྱལ་ལ་སྡོབ་བཀྲའི་སྐོར་སོགས། ༢༠ གཉེར་པ་སྲི་ཐར་ལ་ཡར་འབྲོག་གི་ལོ་རྒྱུས་དང་། སྣ་དཀར་རྩེའི་ལོ་རྒྱུས་སོགས། ༢༡ ར་ཁ་ཤག་ཕྱག་མཛོད་མགོན་པོ་རྒྱལ་མཚན་ལ་མདོ་མཁར་རྫོང་གི་སྐོར་དང་མདོ་མཁར་ཞབས་དྲུང་གི་མཛད་རྣམ། ༢༢ སྟག་ལུང་གཉེར་པ་དབང་འདུས་ནོར་བུ་ལ་བྱང་སྟག་ལུང་གི་ལོ་རྒྱུས་སྐོར། ༢༣ ནག་ཆུ་ཁ་པ་སློབ་དགེ་ངག་དབང་གྲགས་པ་ལ་ཧོར་པའི་ལོ་རྒྱུས་སོགས། ༢༤ ཀུ་མཛེས་ར་བ་ཕུན་ཚོགས་ལ་ཀུ་མཛེས་ར་བའི་ལོ་རྒྱུས། ༢༥ སྟག་ལུང་སྐུ་ངོ་ཉི་མ་བཟང་པོ་ལ་ལྷོ་ཁ་སྟག་ལུང་གི་ལོ་རྒྱུས་སོགས། ༢༦ སྣང་བཟང་པ་བློ་བཟང་རྒྱལ་མཚན་ལ་སྣང་བཟང་གི་ལོ་རྒྱུས། ༢༧ རྒྱལ་རྩེ་པ་སངས་རྒྱལ་པོ་ལ་རྒྱལ་རྩེ་ཁུལ་གྱི་ཆགས་སྟངས་སོགས་ལོ་རྒྱུས་སྣ་ཚོགས། ༢༨ རྒྱལ་རྩེ་ཟླ་བ་ཚེ་རིང་ལ་པཎ་ཆེན་བློ་བཟང་ཆོས་རྒྱན་དང་རྒྱལ་དབང་ལྔ་པའི་སྐབས་ཀྱི་འབྲེལ་བ་སོགས། ༢༩ སྙེ་མོ་ཟངས་རི་བསོད་ནམས་ཚེ་དབང་ལ་སྙེ་མོ་ཡོན་བདག་ཁང་གི་སྐོར་དང་བཀའ་འགྱུར་དཔར་ཤིང་གསར་བཞེངས་སོགས་ཀྱི་སྐོར། ༣༠ ངོར་པ་ཕྱག་མཛོད་ལྷག་པ་དོན་གྲུབ་ལ་ངོར་དགོན་པའི་ལོ་རྒྱུས་སོགས། ༣༡ ཤིང་བཟོ་ཆེན་མོ་གླང་མདུན་རྒྱ་མཚོ་ལ་རྡོ་ཤིང་སྤྱི་པའི་སྒྲིག་གཞིའི་སྐོར་སོགས། ༣༢ ཤངས་པ་པ་དྲུང་རྡོ་རྗེ་ཚེ་རིང་ལ་ཤངས་ལུང་པའིི་ལོ་རྒྱུས་སོགས། ༣༣ ཟེ་དཀར་ཆོས་སྡེ་བློ་བཟང་རྒྱལ་པོ་ལ་ཟེ་དཀར་ཆོས་སྡེའི་ལོ་རྒྱུས་སོགས། ༣༤ འབྲས་བདེ་ཡངས་པ་རྒྱལ་མཚན་དགེ་ལེགས་ལ་བདེ་ཡངས་གྲྭ་ཚང་གི་ལོ་རྒྱུས་སོགས། ༣༥ ས་སྐྱ་རྨ་བྱ་དཔལ་འབྱོར་ལ་རྨ་བྱ་ལུང་པའི་ཆགས་སྟངས་སོགས། ༣༦ གཏིང་སྐྱེས་ཕུན་ཚོགས་དབང་རྒྱལ་དང་། ༣༧ གཏིང་སྐྱེས་རྒྱལ་ཁང་ནང་པ་སྤེན་པ་རྡོ་རྗེ། ༣༨ གཏིང་སྐྱེས་བདེ་དགུ་དཔལ་འབྱོར་གསུམ་ལ་གཏིང་སྐྱེས་ཁུལ་གྱི་ལོ་རྒྱུས་དང་གོར་བོད་དམག་འཁྲུག་སོགས་ཀྱི་སྐོར། ༣༩ ཀོང་པོ་འབུ་གོ་ལ་ཀོང་པོའི་ལོ་རྒྱུས། ༤༠ གྲོ་མོ་པ་སྐུ་ཞབས་དབུ་ཟུར་ལགས་དང་། ༤༡ གྲོ་མོ་པ་ཨོ་རྒྱན་ནམ་མཁས་བཙུན་རྒྱལ་མཚན་གཉིས་ལ་གྲོ་མོ་དགེ་བཤེས་སྐུ་གོང་མའི་ལོ་རྒྱུས་དང་གྲོ་མོའི་སྐོར་སོགས། ༤༢ སྐྱིད་སྦུག་པ་བསོད་ནམས་སྟོབས་རྒྱས་ལ་ཀོང་པོའི་ལྕགས་གླང་དམག་དུས་ཀྱི་སྐོར་དང་སྐྱིད་སྦུག་གི་ལོ་རྒྱུས་སོགས། ༤༣ ལྷ་ས་ཁ་ཆེ་ཧ་ཇིར་ཧ་བིར་ལ་ལྷ་སར་ཁ་ཆེ་དང་པོ་ཆགས་སྟངས་སོགས་ཀྱི་ལོ་རྒྱུས། ༤༤ ཀོ་ཇག་པ་གནས་བརྟན་ལ་ཀོ་ཇག་གི་ལུང་པའི་ཆགས་སྟངས་སོགས། ༤༥ རྩེད་ཐང་པ་ཞལ་ཟུར་སྐུ་ངོ་ཡེ་ཤེས་དབང་འདུས་ལ་རྩེད་ཐང་གི་སྐོར་དང་འདམ་གཞུང་ཚོ་བརྒྱད་ཀྱི་སྐོར་སོགས། ༤༦ སྤེ་ནང་རྫོང་འོག་ཀ་སྡང་དམག་མི་ལྕགས་ངོ་སྟོབས་རྒྱལ་ལ་ཧ་ས་ཁ་པའི་དམག་འཁྲུག་སྐོར་སོགས། ༤༧ འབྲོང་རྩེ་པ་དབང་རྒྱལ་ལ་འབྲོང་རྩེ་དགོན་པའི་ལོ་རྒྱུས་དང་། སེང་ཆེན་བླ་མ་དང་། EC དགེ་སློང་གི་སྐོར་སོགས། ༤༨ ལྕིབ་ལུང་པ་ཐར་གཅོད་ལ་ལྕིབ་ལུང་སྐོར། ༤༩ ས་སྐྱ་ཆོས་འཁོར་ལྷུན་པོའི་བཀྲ་ཤིས་དོན་འགྲུབ་ལ་ཆོས་འཁོར་ལྷུན་པོའི་ལོ་རྒྱུས་སོགས། ༥༠ སྔགས་པ་ཨོ་རྒྱན་ལ་རྒྱལ་རྩེའི་སྔགས་སྤྱིའི་སྐོར་སོགས། ༥༡ རྒྱལ་རྩེ་གཙུག་རྒྱན་ལ་ཞབས་དྲུང་ས་ཧེབ་ཀྱི་སྐོར། ༥༢ ཁྲི་ངག་དབང་ནོར་བུ་རིན་པོ་ཆེ་ལ་ ༡༩༥༩ རྗེས་རྒྱ་དམར་ནས་བོད་ནང་མནར་གཅོད་བཏང་བའི་སྐོར། ༥༣ ཨ་མདོ་ལྕང་ཚ་དགེ་སྦྱིན་པ་ལ་ཀོང་པོ་ཁུལ་གྱི་ལོ་རྒྱུས་སོགས། ༥༤ ཀོང་པོ་ཀེམ་རྫོང་འོག་ཨ་ཐར་འབྱོར་ལྡན་ལ་ཀོང་པོ་ཨ་རྗེའི་རྒྱལ་པོའི་སྐོར་སོགས་ཀོང་པོའི་ལོ་རྒྱུས་སྐོར་བཀའ་འདྲི་བཀའ་ལན་གྱིས་སྒྲ་ཕབ་མཛད།
གཉིས་པ། མདོ་སྟོད་ཁུལ་གྱི་ངག་རྒྱུན་ལོ་རྒྱུས་སྐོར།
༡ ཆབ་མདོ་པ་རྡོར་ཚེ་དང་། ༢ བློ་བཟང་ཉི་མ། ༣ ཁམས་སྤྲུལ་བློ་བཟང་རྣམ་རྒྱལ་གསུམ་ལ་ཆབ་མདོའི་ལོ་རྒྱུས་སྐོར། ༤ རྨར་ཁམས་པ་ཐོས་བསམ་དང་། ༥ རྨར་ཁམས་པ་བླ་མ་བློ་བཟང་གཉིས་ལ་རྨར་ཁམས་ཀྱི་ལོ་རྒྱུས་སྐོར། ༦ ཁམས་རི་བོ་ཆེ་བཀྲ་ཤིས་ཚེ་རྒྱལ་ལ་ཁམས་རི་བོ་ཆེའི་ལོ་རྒྱུས་སོགས། ༧ དར་དགོན་དགེ་ལོ་ལོ་ལ་དར་དགོན་དུ་ས་རྟ་ལོར་རྒྱ་དམག་བྱུང་བའི་སྐོར། ༨ སེར་སྨད་(སེར་བྱེས་)ཕྱག་མཛོད་ཐུབ་བསྟན་ལ་དར་དགོན་དུ་དམག་འཁྲུག་སྐབས་ཀྱི་ལོ་རྒྱུས་དང་། གཞུང་ནས་སྤོམ་མདར་དྲག་གནོན་གནང་བའི་སྐོར། ༩ ཀ་སྡང་དམག་མི་བསོད་ནམས་རྡོ་རྗེ་ལ་འདན་ཆོས་འཁོར་དགོན་དང་ཆབ་མདོའི་གནས་ཚུལ་སྐོར། ༡༠ རྒྱལ་ཐང་པ་དམ་ཆོས་སྐལ་བཟང་དང་། ༡༡ རྒྱལ་ཐང་ཨ་པ་པད་པད་གཉིས་ལ་རྒྱལ་ཐང་གི་ལོ་རྒྱུས། ༡༢ འབའ་པ་ལེགས་བཤད་ལ་འབའ་པའི་ལོ་རྒྱུས། ༡༣ ཚ་བ་ཁམས་པ་བསོད་ནམས་རྡོ་རྗེ་ལ་ཚ་བ་རོང་གི་ལོ་རྒྱུས་སོགས། ༡༤ འབྲས་རྒྱལ་རོང་དར་མདོ་རིན་པོ་ཆེ་ལ་དར་རྩེ་མདོའི་ལོ་རྒྱུས། ༡༥ མི་ཉག་ཡབ་ཆེན་ཨ་འཇའ་སྐལ་བཟང་མགོན་པོ་ལ་མི་ཉག་ས་ཆའི་གནས་སྟངས་ལོ་རྒྱུས་སོགས། ༡༦ སྡེ་དགེ་ཕུ་མ་རིན་རྣམ་དང་། ༡༧ སྡེ་དགེ་སོ་རྩེན་ལ་འཇམ་གཉིས་ལ་སྡེ་དགེའི་ལོ་རྒྱུས། ༡༨ འཇུས་པ་སྐལ་བཟང་དང་། ༡༩ འཇུས་པ་རབ་བརྟན་གཉིས་ལ་འཇུས་པའི་ལོ་རྒྱུས། ༢༠ མི་ཉག་ཡོན་ཏན་ལ་དར་རྩེ་མདོའི་ལྕགས་ལ་རྒྱལ་པོའི་ལོ་རྒྱུས་སོགས། ༢༡ རི་འགུལ་དོན་གྲུབ་རྡོ་རྗེ་ལ་སྡེ་དགེ་བློན་ཚང་གི་ལོ་རྒྱུས་སོགས། ༢༢ མུ་ལི་དགེ་ངག་དབང་བསམ་གཏན་ལ་མུ་ལིའི་ལོ་རྒྱུས། ༢༣ ལི་ཐང་པ་ལོ་ཚེ་ལ་ལི་ཐང་གི་ལོ་རྒྱུས་དང་བོད་ཀྱི་གསང་བའི་སྒྲིག་འཛུགས་དང་པོ་ཆགས་སྟངས་སོགས་ཀྱི་སྐོར། ༢༤ ལི་ཐང་པ་ནོར་བུ་དང་། ༢༥ ཞེ་ངོ་ཨ་ཐར་གཉིས་ལ་གཡོན་རུ་དཔོན་གྱི་ལོ་རྒྱུས་དང་ལི་ཐང་གི་གཞས་སྣ་ཁག ༢༦ ཆ་ཕྲེང་པ་བསྟན་འཛིན་ཚུལ་ཁྲིམས་དང་། ༢༧ ཟོང་རོང་ཐུབ་བསྟན་གཉིས་ལ་གཏམ་བཤད་སྣ་ཚོགས་དང་ཆ་ཕྲེང་གི་ལོ་རྒྱུས་སོགས། ༢༨ བྱ་རྒོད་གནས་ར་དགེ་ལེགས་ལ་བྱ་རྒོད་ཚང་གི་ལོ་རྒྱུས་སོགས། ༢༩ རྨར་ཁམས་པ་གྲོང་སྟོད་སྐུ་ངོ་བསྟན་པ་འཕྲིན་ལས་ལ་རྨར་ཁམས་ཀྱི་གཞུང་གི་དམག་སྒར་སྐོར་སོགས། ༣༠ ཆབ་མདོ་པ་ཞིག་ལ་ཆབ་མདོའི་སྐོར་དང་མདོ་སྨད་ས་དབང་སྐོར། ༣༡ ཚ་བ་རོང་པ་སྨན་ཁུངས་པ་རབ་བརྟན་ལ་ཚ་བ་སྨན་ཁུངས་ཀྱི་ལོ་རྒྱུས་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཚ་བ་སྨན་ཁུངས་ལ་ཕེབས་པའི་སྐོར་སོགས། ༣༢ ཉག་རོང་ཐང་སྐྱ་ཚུལ་ཁྲིམས་ལ་ཉག་སྐད་མགོན་པོ་རྣམ་རྒྱལ་གྱི་སྐོར་སོགས། ༣༣ དཀར་མཛེས་ཕུན་ཚོགས་རྒྱ་མཚོ་ལ་དཀར་མཛེས་སྐོར་གྱི་ལོ་རྒྱུས་དང་པཎ་ཆེན་སྐུ་གོང་མའི་སྐོར་སོགས། ༣༤ སྤོ་རོང་པ་པདྨ་ཚེ་རིང་ལ་སྤོ་རོང་དང་ལྕགས་ལའི་ལོ་རྒྱུས་སོགས་བཀའ་འདྲི་བཀའ་ལན་གྱིས་སྒྲ་ཕབ་མཛད།
གསུམ་པ། མདོ་སྨད་ཁུལ་གྱི་ངག་རྒྱུན་ལོ་རྒྱུས་སྐོར།
༡ རྭ་སྒྲེང་ཞབས་ཕྱི་ཨ་མདོ་བྱ་ཁྱུང་དགེ་རྡོ་རྗེ་ལ་བྱ་ཁྱུང་གི་སྐོར། ༢ མཁར་སྒང་བྱམས་པ་རྒྱ་མཚོ་ལ་ཨ་མདོ་མཁར་སྒང་གི་སྐོར། ༣ ཨ་མདོ་མགོན་པོ་ལ་ཝན་ཡེ་རྫོང་གི་སྐོར་དང་རྒྱ་བོད་ས་མཚམས་སྐོར་སོགས། ༤ ཀུན་ཛེ་ར་པ་རྒྱ་མཚོ་ལ་རྒྱ་བོད་ས་མཚམས་སྐོར་སོགས། ༥ ཧོར་ཚང་བཀྲ་ཤིས་རྒྱ་མཚོ་དང་། ༦ ཧོར་ཚང་བསོད་ནམས་རྒྱལ་གཉིས་ལ་ཧོར་ཚང་གི་ལོ་རྒྱུས་སོགས། ༧ སྟོང་འཁོར་(ཟི་ལིང་)རིན་པོ་ཆེ་ལ་སྟོང་འཁོར་དགོན་པའི་ལོ་རྒྱུས། ༨ ཨ་མདོ་ཀ་རིང་སྟོད་པ་ཆོས་གྲགས་ལ་ཀ་རིང་གི་ལོ་རྒྱུས་སོགས། ༩ ཅོ་ནེ་དམར་སྨྱུང་བ་དགེ་བཤེས་དཀོན་མཆོག་ཚུལ་ཁྲིམས་ལ་དམར་སྨྱུང་གི་ལོ་རྒྱུས་དང་རྒྱ་བོད་ས་མཚམས་སྐོར། ༡༠ ཀིརྟིའི་ཕྱག་མཛོད་འཇམ་དབྱངས་བསོད་ནམས་དང་། ༡༡ ཀིརྟིའི་གཉེར་ཟུར་སེངྒེ་གཉིས་ལ་མཛོད་དགེ་ཤོག་བཅུ་གཉིས་དང་རྨེའུ་རྒྱལ་པོའི་སྐོར་སོགས། ༡༢ ཨ་མདོ་ལྕང་ཚ་དགེ་སྦྱིན་པ་ལ་ལྕང་ཚའི་སྐོར་སོགས། ༡༣ རོང་པོ་རྒྱ་ལྷ་ལ་རོང་པོའི་ལོ་རྒྱུས་སོགས། ༡༤ མདོ་སྨད་པ་ཞིག་ལ་ཨ་མདོ་ཚེ་བརྟན་ཁུལ་གྱི་ལོ་རྒྱུས། ༡༥ སྒར་པ་བསོད་ནམས་དར་རྒྱས་ལ་སྒར་པའི་ལོ་རྒྱུས་དང་རོང་པོ་དཔོན་ཚང་གི་ལོ་རྒྱུས་སོགས། ༡༦ དགོན་ལུང་ཡར་འཕེལ་ལ་དགོན་ལུང་ཚོ་དྲུག་གི་སྐོར་སོགས། ༡༧ རེབ་གོང་མར་ནང་གཟི་ལྡན་དབང་ཕྱུག་ལ་རེབ་གོང་གི་ལོ་རྒྱུས་སྐོར་དང་། རྒྱ་བོད་ས་མཚམས་སྐོར་སོགས། ༡༨ སྨང་ར་བྱམས་པའམ་ཆོས་མཛད་ལ་ཨ་མདོ་སྨང་རའི་སྐོར།(མང་ར།) ༡༩ དགོན་ལུང་པ་རྒྱ་མཚོ་ལ་༸གོང་ས་བཅུ་གསུམ་པའི་ཡང་སྲིད་སྐུ་འབུམ་དུ་གདན་ཞུས་སྐོར་དང་དགོན་ལུང་གི་ལོ་རྒྱུས་སོགས། ༢༠ ཚྭ་འདམ་པ་ཤེས་རབ་བཀྲ་ཤིས་ལ་མཚོ་སྔོན་ཚྭ་འདམ་གྱི་ལོ་རྒྱུས། ༢༡ ཤར་པ་དམ་ཁོ་ལ་རྒྱ་བོད་ས་མཚམས་དང་ཤར་པའི་ལོ་རྒྱུས་སོགས། ༢༢ ཨ་མདོ་རྫོང་ངུ་ནག་རྡོ་ལ་རྫོང་གྲས་རྗོང་གི་ལོ་རྒྱུས། ༢༣ རྒན་གྱ་སྦྱིན་པ་ལ་རྒན་གྱའི་ལོ་རྒྱུས་སྐོར་དང་བཀྲ་ཤིས་འཁྱིལ་གྱི་ལོ་རྒྱུས་སོགས་བཀའ་འདྲི་བཀའ་ལན་གྱིས་སྒྲ་ཕབ་མཛད།
(གོང་སྨོས་རྣམས་༸ཁོང་རིན་པོ་ཆེའི་རྣམ་ཐར་ས་བོན་དུ་ཆོལ་ཁུངས་དབྱེར་མེད་བཅར་འདྲིའི་ཟླ་ཚེས་ཀྱི་གོ་རིམ་ལྟར་མཐར་ཆགས་སུ་འཁོད་པ་འདིར་ཆོལ་ཁུངས་སོ་སོར་བསྒྲིགས་པ་ལགས་ནའང་། ས་གནས་དེ་དག་ལ་ཕྲན་རྒྱུས་མངའ་ཆུང་བས་ཆོལ་ཁུངས་འཁྲུགས་པ་རེ་ཟུང་ཡོད་སྲིད་པས་རྒྱུས་ཡོད་དག་གིས་ནོར་བ་ཡོ་བསྲང་གནང་བར་ཞུ།)
བཞི་པ། མཁས་དབང་དགེ་འདུན་ཆོས་འཕེལ་སྐོར་གྱི་ངག་རྒྱུན་ལོ་རྒྱུས།
༡ དགེ་སློང་རིག་འཛིན་དབང་པོ། ༢ ཨ་མདོ་སྣང་ར་དགེ་འདུན་བཟོད་པ། ༣ ཨ་མདོ་རབ་འབྱོར། ༤ འབྲས་ལྗོངས་མངའ་སྡེའི་བློན་ཆེན་ཀ་རྗེ་ལྷུན་འགྲུབ་རྡོ་རྗེ། ༥ ཨ་མདོ་རྫོང་ངུ་ནག་རྡོ། ༦ བཀྲས་ལྷུན་དཀའ་ཆེན་ལྷག་རྡོར། ༧ རེབ་གོང་གཟི་ལྡན་དབང་ཕྱུག་སོགས་ལ་ (དེའི་ཐོག་རྡ་རམ་ས་ལ་ནས་བཀྲས་མཐོང་རཀ་ར་རིན་པོ་ཆེ་དང་། སྐུ་ངོ་བཀྲ་ཤིས་དཔལ་ར་པ། སྣར་སྐྱིད་ངག་དབང་དོན་འགྲུབ། ཅོ་ནེ་མཆེད་པ་ཨ་ལགས་འཇམ་དཔལ་བཅས་ལའང་དེ་བཞིན་) མཁས་དབང་དགེ་འདུན་ཆོས་འཕེལ་སྐོར་བཀའ་འདྲི་བཀའ་ལན་གྱིས་སྒྲ་ཕབ་མཛད།
ལྔ་པ། བོད་ཀྱི་སྲོལ་རྒྱུན་ལག་ཤེས་དང་གླུ་གར་སོགས་ཀྱི་སྐོར།
༡ མ་བྱན་ཀུན་དགའ་ལ་བོད་ཟས་ཀྱི་སྐོར་སོགས། ༢ ཕ་བོང་ཁའི་དགེ་སྐོས་བློ་བཟང་བསམ་གཏན་ལ་བོད་སྤོས་ཀྱི་ལག་རྒྱུན་སོགས། ༣ ར་ཁ་ཤག་ལྷ་ལྕམ་འཆི་མེད་དཔལ་སྒྲོན་ལ་ལྷ་ལྕམ་གྱི་ན་བཟའ་དང་ཕྲུ་གུ་སྐྱེས་སྟོན་དང་གཡོས་སྟོན་སོགས་ཀྱི་སྐོར། ༤ རྩེ་གདོང་ཟངས་བཟོ་ཆེན་མོ་རིན་ཆེན་འབྱུང་ལྡན་ལ་གསེར་གྱི་བཙོ་འདོན་སྟངས་སོགས་ཀྱི་ལག་ཤེས་སྐོར། ༥ ཀུ་མཛེས་ར་པ་ཕུན་ཚོགས་ལ་བོད་ཀྱི་གནའ་སྔ་མོའི་ཚོང་དང་འབྲེལ་བའི་གནས་སྟངས་སོགས། ༦ རྒྱལ་རྩེ་སྒོབ་བཞི་ཨ་མ་ཤེས་རབ་ལ་བལ་ཚོས་རྒྱག་སྟངས་སྐོར་གྱི་ལག་ཤེས། རྒྱལ་རྩེ་ཁུལ་གྱི་གླུ་གཞས་ཞབས་བྲོ་སོགས་ཀྱི་སྐོར། ༧ གཏིང་སྐྱེས་གཟར་བ་ཚེ་རིང་རྡོ་རྗེ་ལ་མེ་སྦད། རྒྱག་སྦད། གྱོག་སྦད། མདུང་སྦད་སོགས་ཀྱི་སྐོར་(སྦད་ནི་སྦེ་གའི་དོན་ཡིན་ནམ་མ་ཤེས།)བཀའ་འདྲི་བཀའ་ལན་གྱིས་སྒྲ་ཕབ་མཛད།
དེ་དང་ཆབས་ཅིག ༡ བླ་མ་མཎི་པ་ཟླ་བ་ལས་སྣང་ས་དང་པདྨ་འོད་འབར་གྱི་རྣམ་ཐར། ༢ སྒང་ཐོག་ཨན་ཆུང་གྲྭ་ལྷུན་གྲུབ་ལགས་དང་། ༣ ཨ་ནེ་རིག་འཛིན་གཉིས་ལས་ལ་ཕྱིའི་རྗེ་བཙུན་མི་ལའི་གསུང་མགུར་ཐུན་མོང་མ་ཡིན་པ་སོགས་ཀྱི་སྐོར། ༤ ཀིརྟིའི་མི་རྩ་ཕུན་ཚོགས་བཀྲ་ཤིས་ལས་མདོ་སྨད་ཁུལ་གྱི་གླུ་གཞས་དང་། ཨ་མདོའི་ཤོ་བཤད་སྐོར། ༥ རྨ་བྱ་སྐུ་ངོ་ཚེ་དབང་འགྱུར་མེད་དང་། ༦ ལྕམ་སྐུ་བསོད་ནམས་དཔལ་སྒྲོན་གཉིས་ལས་སྟོད་གཞས་སྣ་ཚོགས། ༧ ས་ཆོས་ཀོང་ཕྱག་ལས་སྒོར་གཞས་འགའི་སྐོར། ༨ རྭ་སྒྲེང་ཞབས་གྲས་མཆོད་རྟེན་བླ་མ་ཐུབ་བསྟན་གྲགས་པ་ལས་རྭ་སྒྲེང་རིན་པོ་ཆེའི་གསུང་རྟ་གླིང་གྲོ། ཨ་ཁུ་སྟོན་པའི་རྣམ་ཐར་ལེ་ཚན་འགའ་ཤས། ༩ རྨར་ཁམས་པ་ཐོས་བསམ་ལས་རྨར་ཁམས་ཀྱི་བྲོ་དང་གླུ་གཞས། ༡༠ ཨ་མ་བཀྲ་ཤིས་མཚོ་མོ་ལས་སྤོ་བོའི་གླུ་གཞས་བྲོ་བཅས། ༡༡ མདོ་སྨད་པ་ཞིག་ལས་མདོ་སྨད་ཁུལ་གྱི་གླུ་དང་གར་སོགས། ༡༢ གཙང་ཀམ་པ་ངམ་རིང་སྲི་ཐར་དང་། ༡༣ མཆོག་དཔའ། ༡༤ དབྱངས་ཅན། ༡༥ སྒྲོན་དཀར་བཞི་ལས་གཞས་ཆེན་རྣམས། ༡༦ ཉི་མ་དགྲ་འདུལ་ལས་སྣང་བཟང་གི་གཞས་སྣ་འགའ། ༡༧ པེ་སེ་ཟླ་བ་དང་། ༡༨ རྨར་ཁམས་རྒྱལ་མཁར་རྡོ་རྗེ་ལས་རྨར་ཁམས་ཀྱི་གཞས་འགའ། ༡༩ སྤོ་རོང་པ་པདྨ་ཚེ་དབང་གཉིས་ལས་ཆང་སའི་སྐབས་ཀྱི་བཤད་པ་སྣ་ཚོགས། ༢༠ གཙང་ཀམ་པ་སྲི་ཐར་ལས་བཤད་པ་སྣ་ཚོགས། ༢༡ ཕ་རི་བྷ་ཟི་ཚེ་དབང་བསམ་འགྲུབ་ལ་ལྷ་ཕྲོལ་གྱི་བཤད་པ་དང་མདའ་དར་གྱི་བཤད་པ་སོགས། ༢༢ གྲོ་མོ་པ་ཀརྨ་སྟོབས་རྒྱལ་ལས་འབྲས་དཀར་གྱི་བཤད་པ། ༢༣ ཚ་རོང་པ་རྡོ་རྗེ་ཕུན་ཚོགས་ལས་དབྱངས་འགའ་ཤས་བཅས་སྒྲ་ཕབ་མཛད།
མདོར་ན་ཀ་རྡོར་སྒང་གསུམ་ཁུལ་བཞུགས་ངག་རྒྱུན་ལོ་རྒྱུས་ལ་མཁས་པའི་མི་གྲངས་ ༡༤༠ སྐོར་ལ་བཅར་འདྲི་བརྒྱུད་ལོ་རྒྱུས་འདྲ་མིན་གྲངས་ ༩༧༠ དང་། གནའ་བོའི་གླུ་གཞས་གྲངས་ ༢༤༩ སྐད་འཁོར་ནང་སྒྲ་ཕབ་མཛད། (བསྡོམས་འབོར་འདི་ནི། སྐབས་དེར་ཁོང་གིས་བོད་ཀྱི་དཔེ་མཛོད་ཁང་ལ་ཕུལ་བའི་ལས་བསྡོམས་སྙན་ཞུའི་ནང་འཁོད་པ་ལྟར་ཡིན།)
དྲུག་པ། ཕྱག་དཔེ་དང་བཀའ་གཏན་རི་མོ་སོགས་ཀྱི་སྐོར།
སྐབས་དེར་ཕྱག་དཔེ་དང་། བཀའ་གཏན་ཡིག་རིགས། ཚགས་ཤོག ས་ཁྲ། སྐུ་པར། རི་མོ་དང་ཐང་ག་སོགས་ལོ་རྒྱུས་ཀྱི་རྒྱུ་ཆ་དང་རིག་དངོས་ཤིན་ཏུ་མང་པོ་ཞིག་འཚོལ་བསྡུ་མཛད་ཡོད་པའི་བསྡོམས་གྲངས་ཙམ་བཀོད་ན། ཆོས་དང་རིག་གཞུང་སྐོར་གྱི་ཕྱག་དཔེ་བྲིས་མ་དང་དཔར་མ་བསྡོམས་ ༡༩༠། སྔོན་གྱི་བཀའ་གཏན་ཡིག་རིགས་ ༡༠༦། བོད་དང་བོད་མིའི་སྐོར་གྱི་ཚགས་ཤོག་འདྲ་མིན་ ༣༤༣། ས་ཁྲ་ ༡༠། བོད་ཀྱི་ཡུལ་དགོན་དང་གཞུང་གི་ཞི་དྲག་ལས་བྱེད་སོགས་ཀྱི་སྐུ་པར་ ༥༠༣། དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཐོར་བུ་སྣ་ཚོགས་དང་། ཁོང་གི་ཕྱག་བྲིས་རི་མོ་དང་ཐང་ག་སོགས་གྲངས་ ༥༠༣ བཅས་འཚོལ་བསྡུ་ཕྱག་སོན་བྱུང་ཡོད། (བསྡོམས་གྲངས་འདི་དག་ནི། སྐབས་དེར་ཁོང་གིས་བོད་ཀྱི་དཔེ་མཛོད་ཁང་ལ་ཕུལ་བའི་ལས་བསྡོམས་སྙན་ཞུའི་ནང་འཁོད་པ་ལྟར་ཡིན།)
དེ་ལྟར་བོད་ཆོལ་ཁ་གསུམ་གྱི་ངག་རྒྱུན་ལོ་རྒྱུས་སྣ་ཚོགས་དང་། གནའ་བོའི་གླུ་གཞས། སྲོལ་རྒྱུན་ལག་ཤེས་སྐོར། ཕྱག་དཔེ་དང་བཀའ་གཏན་ཡིག་རིགས། ས་ཁྲ་དང་སྐུ་པར་སོགས་རྩ་ཆེའི་ལོ་རྒྱུས་དང་། ལོ་རྒྱུས་ཀྱི་རིག་དངོས་ཤིན་ཏུ་མང་པོ་ཞིག་འཚོལ་བསྡུ་ཕྱག་སོན་བྱུང་བ་དེ་ཐམས་ཅད་བོད་ཀྱི་དཔེ་མཛོད་ཁང་དུ་ཉར་ཚགས་གནང་ཡོད་པ་དང་། དེས་ནི་བོད་གངས་ཅན་ལྗོངས་ཀྱི་ཆོས་སྲིད་རིག་གནས་ལོ་རྒྱུས་དང་བཅས་པ་ཆགས་འཇིག་གི་མཚམས་སུ་སླེབས་པའི་སྐབས་འདིར་བོད་ཀྱི་ངག་རྒྱུན་ལོ་རྒྱུས་སྣ་ཚོགས་ཀྱིས་མཚོན་ལོ་རྒྱུས་ཀྱི་དཔྱད་གཞིའི་རྒྱ་ཆ་ཤིན་ཏུ་མང་པོ་ཞིག་ཤུལ་བཞག་དང་སྲུང་སྐྱོབ་མཛད་ཐུབ་ཡོད།
ངག་རྒྱུན་ལོ་རྒྱུས་དེ་དག་ལས་མཁས་དབང་དགེ་འདུན་ཆོས་འཕེལ་སྐོར་སྐབས་དེར་རྗེ་ཉིད་ནས་ཕྱོགས་བསྡོམས་རྩོམ་སྒྲིག་མཛད་པ་དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཅེས་བྱ་བའི་ཕྱག་དེབ་ཕྱི་ལོ་ ༡༩༨༣ ལོར་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་སྐྲུན་གནང་བ་དེས་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་སྔར་བས་ཇེ་གསལ་དང་། ཇེ་ཟབ། ཇེ་ཚང་། ཇེ་གྲགས་སུ་བཏང་བ་དང་ཆབས་ཅིག རབ་བྱེད་དེ་ཉིད་དགེ་འདུན་ཆོས་འཕེལ་སྐོར་ལ་ཞིབ་འཇུག་གནང་མཁན་རྒྱལ་ཁབ་ཕྱི་ནང་གི་མཁས་པ་རྣམས་ཀྱི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཏུ་གྱུར་ཏེ་མཚན་སྙན་རྒྱས། ཕྱི་ལོ་ ༢༠༠༣ ལོར་ཁོང་གིས་དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ་ཞེས་བྱ་བ་རྩོམ་སྒྲིག་གིས་རབ་བྱེད་སྔ་མ་དེ་ལ་ཁ་སྣོན་གང་མང་དང་བཅས་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་གནང་ཡོད།
མདོར་ན། ཁོང་གིས་ཀ་རྡོར་སྒང་གསུམ་ཁུལ་ནས་འཚོལ་བསྡུ་མཛད་པའི་བོད་མདོ་དབུས་ཁམས་གསུམ་གྱི་ངག་རྒྱུན་ལོ་རྒྱུས་སྣ་ཚོགས་དང་། བཀའ་གཏན་ཡིག་རིགས་སོགས་ལོ་རྒྱུས་ཀྱི་ཤུལ་བཞག་འབོར་ཆེན་རྙེད་དཀའ་བ་དེ་དག་ནི་ད་ཆ་དཔྱད་གཞིའི་རིན་ཐང་གཞལ་དུ་མེད་པའི་བོད་ཀྱི་ལོ་རྒྱུས་ཀྱི་རིན་ཆེན་ནོར་བུའི་གཏེར་མཛོད་ཆེན་པོ་ཞིག་ཏུ་གྱུར་ཡོད་པས། བོད་ཀྱི་ལོ་རྒྱུས་ཀྱི་ཕྱོགས་ལ་བཀའ་དྲིན་བླ་མེད་དུ་ཆེ་གནང་མཛད་པའི་ཚུལ་འདི་ལ་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་དམིགས་བསལ་གྱིས་བཀའ་དྲིན་རྗེས་དྲན་ཞུ་བ་ལགས་སོ།།
འབྲིང་བ་འཇིགས་མེད་ཀྱིས། ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༨ ལ།
ཐུགས་རྗེ་ཆེ། བཀའ་དྲིན་ཆེ། ཀིརྟི་སྐྱབས་མགོན་མཆོག་གིས་བོད་ཀྱི་ངག་རྒྱུན་ལོ་རྒྱུས་མང་པོ་དང་གནའ་བོའི་གཞས་སྣ། བཀའ་གཏན་ཡིག་རིགས་སོགས་རྩ་ཆེའི་ལོ་རྒྱུས་ཀྱི་རྒྱུ་ཆ་དང་རིག་དངོས་ཤིན་ཏུ་མང་པོ་བསྡུ་རུབ་ཀྱིས་སྲུང་སྐྱོབ་མཛད་པའི་སྐོར་དེ་སྔ་གོ་མྱོང་། དེ་རིང་ཐོ་གཞུང་འདི་མཇལ་བས་ཧ་ལས་བྱུང་།
རྒན་འཇིགས་མེད་ལགས་སུ་འདྲི་རྒྱུར། གོང་གསལ་དག་ལས་དཔར་སྐྲུན་ཟིན་པ་ག་ཚད་ཡོད་དམ། རྣམ་པ་ཚོས་དཔེ་མཛོད་དང་མཉམ་འབྲེལ་གྱིས་འདི་ཚང་མ་དཔར་སྐྲུན་ཡོང་ཐབས་ཤིག་ཐུགས་ཀློང་རྒྱ་མཚོར་མངའ་བ་མཁྱེན་ཞུ།
སྲིན་པོ་རྫ་རྒན་ལགས། སྔར་དཔར་སྐྲུན་ཟིན་པ་དགེ་ཆོས་ཀྱི་ལོ་རྒྱུས་སྐོར་དེ་མ་གཏོགས་ཕལ་ཆེར་ཡོད་ས་མ་རེད། འདི་ཐམས་ཅད་དཔེ་མཛོད་ཁང་གིས་བདག་ཉར་གནང་ཡོད་པས་གཞན་གྱིས་བྱེད་ཐུབ་པ་དཀའ་ནའང་བལྟ་ཆོག བཀའ་དྲིན་ཆེ།