གསལ་ལེ་རྒྱལ།
གཅིག
ང་ལ་ཕ་མ་གཉིས་ཀས་ཀྱང་ཁ་རྡུང་དང་ལག་རྡུང་གཏོང་རྒྱུ་མཚམས་མི་ཆད་པ་དེ་ངའི་ཁ་དང་ལག་པ་འདུག་མ་ཐུབ་པས་ཡིན། སྡེ་མི་གཞན་གྱིས་ག་ལ་གཅེས་ཏེ་ཕུ་བོ་དང་ཨ་ཅེ་སོགས་ཀྱིས་ཀྱང་ང་རིག་མི་ཉན། ང་ལ་འཇིག་རྟེན་འདིར་སེམས་གཏད་ས་ཞིག་ཡོད་པ་ནི་ངག་མི་འཕྲོད་པའི་བདག་གི་ནུ་མོ་སྒྲོལ་མ་དང་དངོས་སུ་མཐོང་མ་མྱོང་པའི་ལྷ་མོ་སྟེ་རྗེ་བཙུན་སྒྲོལ་མའང་ཨ་མ་སྒྲོལ་མ་གཉིས་ཡིན།
མཚམས་ལན་རེར་ཨ་མས་ངོ་གནག་ནས་”ལས་ངན་པོ་འདི་སུས་ཀྱང་རིག་མི་ཉན་པ་འདི་ཅི་ཡིན་ནམ་”ཟེར་ལ། དེ་ནི་ངས་མི་ཚེ་འདིར་ཐོས་པའི་སྐད་ཆ་སྙན་ཤོས་དེ་ཡིན། སྐད་ཆ་དེ་གོ་ཐེངས་རེར་ངའི་སེམས་པ་ཧ་ཅང་སྐྱིད་ལ། དགོང་མོ་དེར་ངའི་གཉིད་ཀྱང་ཧ་ཅང་སྐྱིད། དེ་དུས་ནུ་མོས་ངའི་གདོང་ལ་བལྟས་ཏེ་འཛུམ་མདངས་དང་བཅས་ཧ་ཅང་དགའ་བའི་རྣམ་འགྱུར་སྟོན། ངས་མི་ཚེ་འདིར་མི་ཞིག་གི་འཛུམ་མདངས་མཐོང་བ་ནི་ངའི་ནུ་མོའི་འཛུམ་མདངས་ཁོ་ན་ཡིན། མིས་མི་ལ་འཛུམས་མདངས་སྟོན་བཞིན་པ་མཐོང་མྱོང་ནའང་ང་ལ་མི་སུས་ཀྱང་འཛུམ་མདངས་སྟོན་མ་མྱོང་། ངའི་ནུ་མོས་ངག་མི་འཕྲོད་ནའང་ང་ལ་མིག་ཆུ་འདོན་རོགས་བྱས་མྱོང་བ་མ་ཟད་མོས་ངའི་མིག་ཆུ་ཕྱིས་བར་གྲངས་ཀ་མེད། མི་ཚེ་འདིར་ངའི་མི་ཆུ་ཕྱིས་མྱོང་མཁན་དེའང་ངའི་ནུ་མོ་ཁོ་ན་ཡིན། སྐབས་དེ་དག་ལ་ངའི་སེམས་སུ་རྗེ་བཙུན་སྒྲོལ་མས་ནམ་མཁའ་ནས་ང་ལ་བལྟས་ཡོད་པའི་ཡིད་ཆེས་བྱེད་ཀྱིན་ཡོད་ལ། “ཨ་མ་སྒྲོལ་མ། ཐུགས་རྗེ་ཆེ་”ཞེས་ངས་སེམས་ནས་ཡང་ཡང་བཟློས་མྱོང་། ངས་ལྷ་སྐད་གོ་མ་མྱོང་ལ་རྗེ་བཙུན་སྒྲོལ་མས་མྱི་སྐད་གོ་མིན་ཡང་ངས་མི་ཤེས། མཚམས་ལན་རེར་ངའི་སེམས་སུ་རང་གི་ནུ་མོ་འདི་རྗེ་བཙུན་སྒྲོལ་མ་དངོས་མིན་ནམ་བསམ་ནས་མོའི་གདོང་ལ་ཡང་ཡང་བལྟས་མྱོང་།
ངའི་མིག་ཟུང་ལས་ནུ་མོས་ངའི་སྡུག་བསྔལ་དང་གསང་བ་མང་པོ་མཐོང་ཐུབ། མི་ཚེ་འདིར་ངའི་སེམས་པ་ཧ་ཅང་སྐྱིད་པའི་གོ་སྐབས་ཤིག་བྱུང་མ་མྱོང་མོད། ངའི་སེམས་པ་ཧ་ཅང་ཧ་ཅང་སྡུག་པའི་དུས་སུ་ཨ་མ་སྒྲོལ་མ་ངའི་ཐག་ཉེ་ཐག་ཉེ་ན་ཡོད་ལ་ངའི་ནུ་མོའང་ངའི་ཐག་ཉེ་ན་ཡོད། ངའི་སེམས་ཅུང་ཙམ་སྐྱིད་པའི་དུས་སུ་ཨ་མ་སྒྲོལ་མས་ཀྱང་ང་རང་ཁུ་སིམ་མེར་བཞག་ནས་ང་ལ་ལྷིང་འཇགས་ཀྱི་ཁོར་ཡུག་བསྐྲུན་ལ་ངའི་ནུ་མོས་ཀྱང་དེ་བཞིན་བྱེད། ཐུབ་ཚོད་དང་བཙན་དབང་གི་སྡུག་བསྔལ་ཆེ་ས་ན་ངའི་ནུ་མོའི་དཔུང་རོགས་ཡོད་ལ་ཨ་མ་སྒྲོལ་མའི་མགོན་སྐྱབས་ཀྱང་ཡོད།
གཉིས།
“དོན་འགྲུབ་ཁ་ཤོས་རང་གི་ཨ་ཕ་བསད་སོང་”ཞེས་མི་ཚང་མ་ཧ་ལས་ཤིང་ཧང་སངས་པར་གྱུར། ཡིན་ནའང་ངས་ནི་མི་ཚང་མ་དེ་ལ་ཧང་སངས་དགོས་དོན་ཅི་ཡིན་མ་ཤེས།
ན་ནིང་སྟོན་ཁར་དོན་འགྲུབ་ཁ་ཤོས་རང་གི་ནུ་མོར་གཉོག་པ་རེད་ཟེར། གཉོག་ནི་ཁོ་ཚོའི་སྐད་ལ་མང་པོ་གཅར་བའི་དོན་རེད། ཁོས་རང་གི་ནུ་མོར་གཅར་བ་དེར་ང་རང་ཧང་སངས་སོང་། དེ་དུས་དོན་འགྲུབ་ཁ་ཤོ་ལོ་བཅུ་དགུ་དང་ང་ལོ་དགུ་ཡིན། སྐད་ཆ་དེ་གོ་ནས་ང་ཁོའི་སྟེང་ལ་སེམས་གཏིང་ནས་ཁོང་ཁྲོ་ལངས་ནའང་ང་ལ་རང་གི་ནུ་མོ་མ་གཏོགས་དཔུང་རོགས་མེད་ལ། ཨ་མ་སྒྲོལ་མ་ནི་ཚུར་རྒོལ་གྱི་མགོན་སྐྱབས་བྱས་པ་ལས་ཕར་རྒོལ་གྱི་དཔུང་རོགས་ནམ་ཡང་བྱས་མྱོང་མེད་ལ་བྱ་འདོད་ཀྱང་མེད། དེ་བས་ངས་དོན་འགྲུབ་ཁ་ཤོར་ཅི་ཡང་བྱེད་མ་ཐུབ། ངོ་མ། རང་གི་ནུ་མོར་གཅར་སྲོལ་ག་ལ་ཡོད། ང་དེ་ལ་ཧང་སངས་སོང་།
ངས་དོན་འགྲུབ་ཁ་ཤོའི་ནུ་མོའང་ངོ་ཤེས་ཀྱིན་ཡོད། དབྱར་ཁའི་ཉིན་མོ་ཞིག་ལ་ང་ཚོ་ན་ནག་ལྡང་ཁུག་ནས་བེའུ་རྫི་བྱས་མྱོང་། མོས་དོན་མེད་ལ་ངའི་ཕྱོགས་སུ་ཁ་ཆུ་ཞིག་བཏབས་ནས་བུད་སོང་ཡང་ང་མོའི་སྟེང་ལ་ཁོང་ཁྲོ་ལངས་མ་མྱོང། མོ་ངའི་ནུ་མོ་དང་འདྲ་བའི་བུ་མོ་ཆུང་ཆུང་ཞིག་རེད།
གསུམ།
དོན་འགྲུབ་ཀྱི་ཡ་སྣའི་འོག་ཏག་ཏག་ན་ཁ་ཤོ་ཞིག་ཡོད་ལ། ཁ་ཤོ་དེ་ཡོད་པའི་རྐྱེན་གྱིས་ཁོས་སྐད་ཆ་བཤད་སྐབས་ཧྥ་དང་ཧྥུ་ཡི་སྒྲ་མང་པོ་གྲགས་ནས་སྐད་ཆ་ཅི་ཞིག་བཤད་ཀྱང་གསལ་བོར་གོ་མི་ཐུབ། གང་ལྟར་ཁ་ཤོ་དེ་ཁོང་གི་ཨ་ཕས་ཁོ་ལ་གཅར་ནས་བཟོས་པ་རེད། ཁོའི་ཨ་མས་བཤད་ན་དེ་ནི་ཨ་ཕས་ལག་ཚོད་མ་ཐུག་པ་ལས་ཆེད་དུ་བྱས་པ་མ་རེད་ཟེར། ཡག་བཤད་དང་བཙོག་བཤད་ཅི་བྱས་ཀྱང་དོན་འགྲུབ་ཀྱི་ཡ་ཁ་ཤོ་དོན་ཁོའི་ཨ་ཕའི་ལག་རྗེས་རེད། མི་གཞན་པས་ཁོ་ལ་་ཁ་ཤོ་་ཞེས་སྡིགས་ན་ཁོས་ཅི་ཡང་མི་ཟེར་མོད། ཁོང་གི་ཨ་ཕས་་ཁ་ཤོ་་ཞེས་སྡིགས་ན་ཁོའི་གདོང་པ་དམར་པོར་འགྱུར་ངེས་ཡིན།
དོན་འགྲུབ་ཁ་ཤོ་དང་ངེད་གཉིས་ལ་མི་འདྲ་ས་ཞིག་ཡོད་པ་ནི་ཁོང་གིས་ཨ་མ་སྒྲོལ་མར་སྐྱབས་མི་རེ་བ་དེ་རེད། དེ་ཡང་དྲང་མོར་བཤད་ན་ཁོའི་ཨ་མས་ཁོ་ལ་ཧ་ཅང་གཅེས་པས་ཁོས་ཨ་མ་གཞན་ལ་སྐྱབས་རེ་དགོས་དོན་ཡང་མེད། དོན་འགྲུབ་ཁ་ཤོ་ནི་བུ་ངར་ཞིག་ཡིན་པས་མི་ཚང་མས་དངོས་སུ་ཐུག་ན་དོན་ཁོ་ཞེས་འབོད་ལ་མི་མཐོང་ས་ནས་དོན་ཁ་ཞེས་འབོད། དོན་ཁོ་བཙོན་ཁང་ལ་ཁྲིད་སོང་ཞེས་བའི་སྐད་ཆ་དེ་གོ་ནས་ངས་ཁོ་སྙིང་རྗེ་སོང།
ཨ་ཕས་་”ཚད་རེད། དོན་ཁ་དམྱལ་བ་ནས་སྐྱེས་རྒྱུ་བོ” ཟེར། ངས་མགོ་སྒུར་ནས་ཨ་མ་སྒྲོལ་མར་དོན་ཁོ་དམྱལ་བར་མི་ལྷུང་བའི་གསོལ་བ་དང་བཙོན་ཁང་ནས་དཀའ་སྡུག་མི་མྱང་བའི་སྨོན་ལམ་བཏབས། ངའི་མགོ་ལ་སུ་ཞིག་གིས་བྱིལ་བྱིལ་བྱེད་བཞིན་འདུག ངས་སེམས་སུ་ཨ་ཕ་དང་ཨ་མ་གང་རུང་ཞིག་ཡིན་ན་ཅི་མ་རུང་བསམ་ནས་མགོ་དགྱེ་བ་ན་ནུ་མོས་ངའི་མགོ་ལ་བྱིལ་བྱིལ་བྱེད་བཞིན་འཛུམ་གྱི་ལེར་ངའི་གདོང་ལ་བལྟས་ནས་བསྡད་འདུག ངས་ཀྱང་མོའི་གདོང་ལ་བལྟས། རྒྱུ་མཚན་ཅི་ཡིན་ངས་ཀྱང་མི་ཤེས། ངས་ནུ་མོའི་གདོང་ལ་བལྟས་ཀྱིན་བལྟས་ཀྱིན་ངའི་སེམས་ལ་དགོན་པ་ནས་མཇལ་མྱོང་བའི་སྒྲོལ་མའི་ཐང་ཀ་དེ་ཤར་སོང་། ངའི་མིག་ནས་རང་དབང་མེད་པར་མཆི་མ་ཤོར། ངའི་ནུ་མོས་ངག་མི་འཕྲོད་ནའང་ངའི་མགོ་ལ་བྱིལ་བྱིལ་བྱེད་བཞིན་ངའི་མིག་ཆུ་ལག་པས་ཕྱིས། དགོན་པའི་ནང་གི་ཐང་ཀ་དེ་ངའི་མིག་ལམ་ནས་ཇེ་གསལ་ཇེ་གསལ་དུ་གྱུར། ང་མུ་མཐུད་དུ་ངུས།
ཨ་ཕས་”ད་འེབ་ཆེན་བྱས་ནས་སྡོད། མ་གཅར་ནའང་ངུ་རྒྱུ་ཡོང་ངམ་”ཟེར། དེ་དང་མཐུད་ནས་ཨ་མས་ཀྱང་ “ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག ལས་ངན་པོ་འདིར་ཉིན་གཅིག་ལ་མ་གཅར་ནའང་འདུག་མི་བཟོད། གཅོར་”ཟེར། དེ་ནས་ནུ་མོའང་ང་ལ་འཐམ་ནས་ངུས་སོང་། ངའི་ནུ་མོའི་མིག་ཆུ་ཐིགས་པ་རེ་རེ་ངའི་སྐྲ་ལོའི་ནང་དུ་དྲོད་ལམ་མེར་ལྷུང་བཞིན་པ་ངས་ཚོར་གྱིན་འདུག
བཞི།
ཐབ་མེ་སྔ་ས་ནས་དལ་ཟིན་ལ་རླུང་འཚུབ་ཅིག་གིས་མཆོད་མེའང་བསད་ཟིན། ཨ་ཕ་དང་ཨ་མ། ཕུ་བོ་དང་ཨ་ཅེ། ཡོད་ཚད་ནག་ཡོར་སེ་འདུག ངས་རྨི་ལམ་ཞིག་རྨིས་བཞིན་པ་འདྲ་ལ། རང་གིས་རྨི་ལམ་ཞིག་ཆེད་དུ་སྒྲིག་བཞིན་པའང་འདྲ། མཚམས་ལན་རེར་ནུ་མོའི་གམ་དུ་ཡོད་པ་འདྲ་ལ། མཚམས་མཚམས་ལ་རྗེ་བཙུན་སྒྲོལ་མའི་མདུན་དུ་ཡོད་པ་འདྲ།
ངག་མི་འཕྲོད་པའི་བདག་གི་ནུ་མོ་དང་ཁ་མི་གྲགས་པའི་ཨ་མ་སྒྲོལ་མའི་བརྩེ་སེམས་དྲོད་མོ་ཡིད་ཆེས་དང་བདེ་སྐྱིད་ཀྱི་རྒྱབ་རྟེན་བྱས་པའི་བདག་གི་སེམས་པ་དམར་པོ། ཚིག་བརྗོད་ཀྱིས་མ་འགྲེལ་པའི་དད་པ་དང་བརྩེ་སེམས་ཀྱི་རྒྱབ་རི་མཐོན་པོ་དེ་ཡིན། སྡུག་བསྔལ་གྱིས་ཅི་ཙམ་མནན་ན་ང་ལ་དེ་ཙམ་གྱིས་གཅེས་ཤིང་སྐྱོང་པའི་ཨ་མ་སྒྲོལ་མ་དང་བདག་གི་ནུ་མོ། རི་བོ་ཡིན། གཙང་བོ་ཡིན། རྒྱ་མཚོ་ཡིན།
ལྔ་བ།
ངས་ཁུ་སིམ་སེར་ཉིན་ཐོ་འབྲི་བཞིན་ཡོད། ཨ་ཕ་གཉིད་ཟིན། ཨ་མའང་གཉིད་ཟིན། ངའི་ཁོར་ཡུག་འདི་དེ་རིང་ལྷིང་འཇགས་རེད། ཁ་ཆེ་ལུང་བ་ཞིག་ལ་དམག་འཁྲུག་བརྒྱབས་ནས་བུད་མེད་མང་པོ་ཡུགས་ས་དང་བྱིས་པ་མང་པོ་དྭ་ཕྲུག་དུ་གྱུར་ཏེ་ངུ་སྐད་ཀྱིས་གནམ་ས་བཀང་འདུག་ཟེར། དེའང་ཆེན་པོས་ཆུང་བར་ཐུབ་ཚོད་བྱས་པ་རེད། ང་རང་སེམས་པ་ཧ་ཅང་སྐྱོ། རེད་དེ། ཨ་མ་སྒྲོལ་མ་ཡང་དེ་རིང་ཐག་རིང་ཞིག་ལ་ཕེབས་སོང་བ་འདྲ། ངའི་ནུ་མོའང་གཉིད་ཟིན། ངས་ཁུ་སིམ་མེར་་ཉིན་ཐོ་འབྲི་བཞིན་ཡོད།
༡༢/༠༨/༢༠༡༩ ལ་ཕ་རེ་སི་ནས།
ཟླ་བ་མང་པོའི་རྗེས་ལ་གཞི་ནས་བརྩམས་སྒྲུང་ཞིག་བཀླགས་ཐུབ་བྱུང་།
དམིགས་བསལ་ཅང་མེད་ཁུ
“མི་གཞན་པས་ཁོ་ལ་་ཁ་ཤོ་་ཞེས་སྡིགས་ན་ཁོས་ཅི་ཡང་མི་ཟེར་མོད། ཁོང་གི་ཨ་ཕས་་ཁ་ཤོ་་ཞེས་སྡིགས་ན་ཁོའི་གདོང་པ་དམར་པོར་འགྱུར་ངེས་ཡིན།”
“དོན་འགྲུབ་ཁ་ཤོ་ནི་བུ་ངར་ཞིག་ཡིན་པས་མི་ཚང་མས་དངོས་སུ་ཐུག་ན་དོན་ཁོ་ཞེས་འབོད་ལ་མི་མཐོང་ས་ནས་དོན་ཁ་ཞེས་འབོད།” ད་གང་བདེན་ནམ།
སྒྲུང་རྩོམ་འདི་ཞིབ་ཚགས་པོས་བཀླགས་པ་ཡིན། ངས་གོ་བ་ལེན་སྟངས་ནོར་མེད་ན། འདི་ནི་སྒྲུང་ཐུང་ཞིག་རེད་དེ། འདིས། མིའི་སེམས་ཁམས་ཀྱི་གནས་སྟངས་དང་། སྤྱི་ཚོགས་ཀྱི་གནས་སྟངས། ཁོར་ཡུག་གི་གནས་སྟངས་འབྲི་སྟངས་ཀྱི་ཁོང་གསེང་ན། མྱུལ་མི་ཚར་བའི་ཁོར་ཡུག་མང་པོ་ཞིག་དང་། སྨྲེང་སྐྱོ་མང་པོ་ཞིག་འཕྱུར་འདུག གཅིག་བྱས་ན། ང་ནོར་ཡོད་སྲིད་པ་རེད།
ཁ་རྡ་དྲ་བ་འདི་ནས་མྱི་སྐད་མ་གོ་ནས་ཡུན་རིང་ཡིན། འ་འ་འ་དགེ་བ་ཟིག་རེད་དེ་རིང་ད་མྱི
སྐད་ཟིག་གོ་དང་ཐལ།
བྲིས་ནོ་ཡག་གི་ཡ་ཐུགས་རྗེ་ཆེ།