སངས་རྒྱས་རྡོ་རྗེ།
[གསལ་བཤད།] ཀརྨ་བསྟན་སྐྱོང་དབང་པོའི་རྟོགས་བརྗོད་འདིའི་མ་དཔེ། བོད་རིགས་བལ་ཡུལ་ཆབ་འོག་ཏུ་ཡོད་པ་ཞིག་ནས་ཐོབ་པ་མ་ཚང་བ་དང་། ལྷ་ས་ནོར་བུ་གླིང་ཁར་ཡོད་པ་དང་། ཁམས་ཕྱོགས་ན་ཡོད་པ་གཉི་ག་ཚང་བ་སྟེ། ལག་བྲིས་དབུ་མེད་གསུམ་གྱི་པར་བཤུས་མཐོང་བ་ལས། ཁམས་ཕྱོགས་ན་ཡོད་པའི་དབུ་ཡིག་ལ། སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཀརྨ་བསྟན་སྐྱོང་དབང་པོར་ཕུལ་བའི་རྟོགས་བརྗོད་ཕྱོགས་ལས་རྣམ་པར་རྒྱལ་བའི་གཏམ་གཞོམ་མེད་ནཱ་དའི་རྔ་དབྱངས་ཞེས་བྱ་བ་བཞུགས། ཞེས་པ་འདུག་ཅིང་། མགོར་ཡང་། བི་ཛ་ཡནྟུ། ཞེས་རྒྱ་སྐད་ཀྱི་ཤིས་བརྗོད་ཡོད་པ་ལ། མཛད་བྱང་གི་སྐབས་སུའང་། དེ་ལྟར་བཀྲ་ཤིས་གྲངས་ཀྱིས་འཁྱུད་པའི་ཚིགས་སུ་བཅད་པ་འདི་ནི་གྲུབ་པའི་བསྟི་གནས་རྒྱལ་བུ་སྟེང་འགྲོའི་བཀྲ་ཤིས་སྒོ་མང་ཞེས་བྱ་བའི་ཁང་བརྩེགས་སུ་དགེ་སྦྱོང་རྒན་པོ་སངས་རྒྱས་རྡོ་རྗེས་སྦྱར་བའོ། །ཞེས་ཚིག་ཁ་ཤས་ཐེ་བ་གདའ། གཞུང་རང་ནི་དག་སྦྱོར་གྱི་ཁྱད་པར་འགའ་རེ་ལས་གཞན་གཅིག་པ་རེད། འདིར་ནི་ལྷ་ས་ནོར་བུ་གླིང་ཁར་ཡོད་པའི་མ་དཔེ་ཉིད་གཞི་ལ་བཞག་པ་ཡིན་ནོ། །ཞེས་འོས་སྦྱོར་བ་སྐྱོ་བྲག་དགའ་དབང་གིས་སོ། །
(༡ན) ༄༅། །སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་ཀརྨ་བསྟན་སྐྱོང་དབང་པོའི་རྟོགས་པ་བརྗོད་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་གཏམ་གཞོམ་མེད་ནཱ་དའི་རྔ་དབྱངས་བཞུགས་སོ།།
(༡བ) ༄༅། །སྟོབས་བཅུའི་སྟོབས་ཀྱིས་བདུད་སྡེ་ཚར་བཅས་ནས།།
མི་འཇིགས་རྣམ་བཞིའི་བྱམས་བརྩེས་རྗེས་འཛིན་པས།།
སྲིད་ཞིའི་དབུགས་འབྱིན་ཆེན་པོ་ཉི་མའི་གཉེན།།
འཇིག་རྟེན་གསུམ་གྱི་བླ་ན་བརྗིད་དེར་འདུད།།
མཁྱེན་པ་རབ་ཀྱི་མངོན་མཐོ་འཇམ་པའི་དཔལ།།
ཐོགས་མེད་སྤོབས་པའི་དབང་པོ་མི་གཡོ་མགོན།།
ངག་གི་འདོད་པའི་དཔྱིད་འཇོ་དབྱངས་ལྡན་མ།།
རྣམ་གསུམ་ཡོངས་འདུའི་ལྗོན་པས་དགེ་ལེགས་སྩོལ།།
གྲོལ་རིགས་མཛོད་འདུས་འོད་ཀྱི་རྦ་རླབས་ཅན།།
སྡེ་བཞི་འབྲས་བུའི་ཆ་ཤས་ཡོངས་གང་ཟླ།།
བསྔགས་འོས་བསྔགས་པར་རབ་བྱེད་རི་དྭགས་ཀྱིས།།
རྣམ་བཀྲ་སྙན་ངག་ཆེན་པོའི་སྣང་བ་ཤར།།
ལྷ་ཀླུ་མི་དང་མི་མིན་མིའམ་ཅི།།
ཀུན་ལས་བསོད་ནམས་སྟོབས་ཀྱིས་ཕུལ་བྱུང་བ།།
རྒྱལ་སྲིད་རིན་ཆེན་བདུན་གྱིས་མདུན་བལྟས་ནས།།
ས་ཆེན་སྐྱོང་བའི་རྟོགས་པ་འདིར་བརྗོད་དོ།།
ཛམྦུ་ཏྲི་ཤའི་མིང་གིས་སྒྲ་མཐོ་བའི།།
དབུས་འགྱུར་མི་ཕྱེད་རྡོ་རྗེའི་གདན་ལས་འདིར།།
ནོར་སྦྱིན་དབང་པོའི་ཕྱོགས་སུ་དཔག་བྱའི་ཚད།།
གྲངས་མངས་གྲངས་ཀྱིས་གཞལ་བའི་ཚུར་རོལ་ན།།
སྟོན་པ་ཞི་བར་གཞོལ་ནས་བཅུ་ཕྲག་བཅུའི།།
ལོ་འདས་པ་ན་འཁོར་བ་དུག་གི་མཚོ།།
སྐམས་དེར་དགེ་ལེགས་སཱ་ལའི་ཚལ་འབྱུང་ཞེས།།
གཉིས་མེད་གསུང་བས་ལུང་བསྟན་བོད་ཀྱི་ཡུལ།།
དགེ་བཅུའི་དཔལ་ཀུན་འཛིན་ལ་མི་ལྷོད་པའི།།
ས་ཡི་ལྷ་མོ་བརྟན་(༢ན) མ་མཛེས་སྡུག་ཕུལ།།
ལང་ཚོ་དར་ལ་བབ་པའི་མཛའ་བོར་ནི།།
འོས་པ་དབུས་གཙང་དག་པའི་ཞིང་འདི་འོས།།
ལྷ་ཡི་དཔལ་འབྱོར་དང་བཅས་ལྷ་ཡུལ་གྱི།།
སྣང་ཆ་མ་ཉམས་ས་ལ་སྣང་བ་ལྟའི།།
ལྗོངས་དང་གྲོང་ཁྱེར་གྲོལ་རྡལ་ཡུལ་འཁོར་སོགས།།
བཀོད་ལེགས་བྱེད་པོའི་འཕྲུལ་གྱིས་བཀོད་པ་བཞིན།།
དེ་ལས་ཉི་འོག་གཙང་གི་རྒྱལ་ཁམས་ཞེས།།
གྲགས་པའི་རུ་མཚོན་གནམ་དུ་འཕྱར་བའི་རྩེས།།
རེག་པས་མཆོད་སྦྱིན་བརྒྱ་པའི་སེམས་ཀྱང་འདིར།།
ཤོར་རམ་མཐོ་རིས་ས་གཞིར་འཕོས་ལ་རག །
རྟ་མཆོག་ཁ་ལས་བཻ་ཌཱུར་བྱེ་མའི་རྒྱུན།།
འདྲེན་བཞིན་འབབ་པ་པཀྵུའི་ཀླུང་ཆེན་ངོགས།།
ཕྱོགས་བཅུའི་ཆུ་ཕྲན་ཀུན་དང་ལྷན་ཅིག་ཏུ།།
ཕུན་ཚོགས་འདོད་དགུ་ཐམས་ཅད་འདུ་བའི་མདུད།།
བཀྲ་ཤིས་རྟགས་དང་ལེགས་པའི་མཚན་བཟང་པོས།།
ཕྱོགས་ཀྱི་འཁོར་ལོ་ཁྱབ་པའི་ལྟེ་བ་ལ།།
གཞོམ་གཞིག་དང་བྲལ་པདྨ་རཱ་གའི་བྲག །
ཉིན་བྱེད་ཁུ་བས་བྱུག་ལྟར་དམར་འོད་འཚེར།།
རྡོ་རྗེ་ལྟར་བརྟན་རིན་ཆེན་ལྷུན་པོའི་སྟེང་།།
རྣམ་པར་རྒྱལ་བྱེད་ནོར་བུའི་ཁང་བཟང་མདོག །
ཟླ་བ་འབུམ་ཕྲག་གིས་ཀྱང་མི་བསྒྲུན་པའི།།
དཀར་བས་མཚན་ཡང་ཉིན་མོའི་བརྟུལ་ཞུགས་འཛིན།།
རྣམ་མང་ནོར་བུའི་ཕ་གུ་མཐོར་བརྩེགས་པའི།།
རྩེ་མོར་ཀརྐེ་ཏ་ཡི་མདའ་ཡབ་ལ།།
བརྟེན་པའི་གསེར་གྱི་རྒྱལ་མཚན་མཐོ་རིས་སུ།།
བསྙེགས་འདྲའི་ཟེར་གྱིས་ཕྱོགས་(༢བ) བཅུའི་མུན་པ་ཕྲོགས།།
ཛམྦུ་ནཱ་དའི་ཁམས་ལས་གྲུབ་པ་ཡི།།
ཁྱོན་ཡངས་ནམ་མཁའི་རྗེས་འགྲོ་རྒྱ་ཕུབས་ཀྱིས།།
རྣམ་པ་ཀུན་ཏུ་ཉི་མའི་དཀྱིལ་འཁོར་ལ།།
ཕམ་པ་སྟེར་བའི་མཆོད་སྦྱིན་ཕྱག་རྒྱ་བཅིངས།།
བྱུ་རུའི་ཀ་བ་བྱེ་བས་བཏེག་པའི་ཐོག །
འཕར་མ་བརྩེགས་པའི་ནང་དུ་སྲིད་གསུམ་གྱི།།
བདེ་ལེགས་དངོས་པོ་ཐམས་ཅད་ཤོང་བའི་འཕྲུལ།།
འདི་སྟེ་འཇིག་རྟེན་བྱེད་པོའི་དྲན་བྱ་ཉིད།།
རབ་ཏུ་དྭངས་གསལ་སྒོ་དང་སྒེའུ་ཆུང་།།
སྐར་ཁུང་དྲ་བ་ཅན་དང་ནོར་བུའི་སྐས།།
རྣམ་མང་ཏིང་ངེ་འཛིན་གྱི་འཕྲུལ་བཞིན་དུ།།
ཤེས་པར་ལྡན་པའི་འདྲེན་བྱེད་དཔལ་དུ་སྣང་།།
ལྷ་ཀླུ་མི་ཡི་རིན་ཆེན་སྣ་ཚོགས་ཁམས།།
སྣ་ཚོགས་ལས་པའི་སྒྱུ་འཕྲུལ་འདུ་བྱེད་ཀྱིས།།
སྲས་བཅས་རྒྱལ་སྐུའི་སྣང་བརྙན་སྣ་ཚོགས་པར།།
སྤྲུལ་པའི་རྟེན་བཟང་བསོད་ནམས་མགྲོན་དུ་གཉེར།།
གཏེར་བདག་བརྒྱད་ལྡན་དབང་ཕྱུག་དབྱིག་གི་མཛོད།།
འོད་ཡངས་ཚ་བོར་ཞུམ་པ་སྦྱིན་བཟོད་པའི།།
ནོར་ཅན་དཔལ་གྱི་བང་མཛོད་ཆེན་པོ་འདིས།།
མཐོ་རིས་འབྱོར་པའང་བུས་པའི་རྩེད་འཇོར་བཏང་།།
བཀྲ་ཤིས་དཔལ་གྱི་ཆབ་སྒོ་ཡངས་པའི་ངོགས།།
ཁྲིམས་ཀྱི་རྔ་སྒྲ་འབྲུག་སྟོང་དུས་གཅིག་ཏུ།།
ལྡིར་འདྲ་ཐོས་པའི་མོད་ལ་སྐྱེ་བོ་རྣམས།།
འཇིགས་ཏེ་སྙིང་རྩ་འདར་བའི་དཀའ་ཐུབ་བསྟེན།།
བསམ་དོན་གྲུབ་པའི་རྩེ་མཐོ་ལྷུན་པོ་དང་།།
ལྕོག་ལྕགས་གསེར་གྱི་རི་བདུན་དུ་འཁྲུལ་ནས།།
སྲིད་པའི་རྒྱུ་སྐར་ཐམས་ཅད་ཟླ་ཤེལ་གྱི།།
(༣ན) ཁང་པའི་ཟོལ་གྱིས་ཁོར་ཡུག་བསྐོར་བ་སྙམ།།
དཀར་ནག་རྒྱ་ཧོར་བལ་བོད་སོགས་ཡུལ་གྲུའི།།
སྣ་ཚོགས་ཟོང་གི་འདུ་འགོད་ལ་ཆས་རྣམས།།
ཆང་གིས་མྱོས་པའི་གོམས་སྟབས་འཁྱོར་ན་ཡང་།།
ཁྲིམས་ཀྱི་འཁར་བ་ལ་བརྟེན་སེམས་མི་ཁྲོ།།
བྲག་དམར་ངོས་ལ་བརྟེན་པའི་ཆོས་ཀྱི་སྡེ།།
སྤྱོད་ལམ་ཞི་བས་དགྲ་བཅོམ་ལྟར་དུལ་ཡང་།།
རེས་འགའ་རབ་གཏུམ་རྡོ་རྗེ་ཁྲོ་བོའི་སྐུར།།
བཞེངས་ཚེ་དྲག་པོའི་ང་རོ་དབྱངས་སུ་འཚེར།།
བཀྲ་ཤིས་དཔལ་གྱི་རྒྱུ་སྐར་ཕྲེང་བ་རྣམས།།
ལྷུན་པོའི་ངོགས་སུ་སྤུངས་འདྲ་ཀློག་པའི་གྲྭ།།
སྔོ་ལྗང་ནགས་ཀླུང་ཡངས་པར་ཀོ་ཀི་ལའི།།
སྦྲང་རྩིའི་དབྱངས་བཞིན་ལུང་རིགས་གད་རྒྱངས་མཐོ།།
གྲུབ་རིག་འཛིན་པའི་བཀའ་ཡི་ཕྱག་བརྙན་པ།།
མཐུ་ཆེན་སྒྱུ་འཕྲུལ་སྟོབས་ཀྱིས་རྒྱལ་སྲིད་ལ།།
གནོད་པ་སྲུང་བའི་མེལ་ཚེ་བེ་ཧ་ར།།
ཡུམ་བློན་སྤྲུལ་སྡེའི་དབུས་ན་གར་གྱིས་རོལ།།
སྣ་ཚོགས་ལྷ་ཡིས་བཀོད་པའི་སྐྱིད་མོས་ཚལ།།
མྱ་ངན་མེད་པའི་རྐང་ཐུང་ཕྲེང་བ་ཅན།།
ཨ་མྲའི་འཁྲི་ཤིང་འབྲས་བུས་དུད་པ་ལ།།
འདབ་ལྡན་འཁོར་ཞིང་ལྡིང་བའི་གར་བརྒྱས་རྩེན།།
རྙོག་བྲལ་དངུལ་གྱི་མེ་ལོང་ཕྱིས་འདྲ་བའི།།
ཁྲུས་ཀྱི་རྫིང་བུ་ཤེལ་གྱི་རྐང་རྟེན་ཅན།།
པདྨ་འབར་བའི་ཚལ་དུ་གླུ་ལེན་པ།།
སྦྲང་རྩི་འཐུང་བ་རྣམས་ཀྱི་བརྟུལ་ཞུགས་སོ།།
ཕྱོགས་མཚམས་མཁའ་ལྟར་རྒྱ་ཆེའི་ཡུལ་སོ་སོར།།
གཅིག་པུ་དུ་(༣བ) མར་འཆར་བ་ཆུ་ཟླ་བཞིན།།
ཕོ་བྲང་དམ་པའི་སྣང་ཆ་འཕོས་འདྲ་བའི།།
ཉེ་བའི་ཕོ་བྲང་རྒྱུ་སྐར་ཕྲེང་བ་ཤར།།
བཀའ་ཁྲིམས་ཐུར་མ་བརྒྱ་པའི་གདུགས་དཀར་པོ།།
གཡས་སུ་བསྐོར་བའི་གྲིབ་མས་ས་ཆེན་པོ།།
ཁྱབ་ལ་མཚར་ཅི་ཚངས་པའི་འཇིག་རྟེན་ཀྱང་།།
མྱུར་དུ་གནོན་པའི་ངང་ཚུལ་ལ་ལྟོས་ཤིག །
བསོད་ནམས་གསེར་འགྱུར་བཟང་པོའི་རྩིས།།
རྩོད་དུས་ངན་པའི་ལྕགས་ཁམས་ཀྱང་།།
གསེར་འོད་འབར་བའི་རྫོགས་ལྡན་དུ།།
བསྒྱུར་འདི་ཨེ་མ་སྐལ་བ་བཟང་།།
མེད་བཞིན་སྣང་བ་སྲིད་པའི་ཚུལ།།
ངོ་མཚར་རི་མོ་རྣམ་བཀྲ་ཡང་།།
དམ་པའི་གཟིགས་ངོར་མཉམ་པ་ཉིད།།
བདེ་བ་ཆེན་པོར་འབྱམས་ཀླས་སོ། །
ཞེས་བྱ་བ་ནི་ཕྱོགས་ལས་རྣམ་པར་རྒྱལ་བའི་གཏམ་གཞོམ་མེད་ནཱའི་རྔ་དབྱངས་ལས་ཐོག་མར་དགེ་བའི་རབ་ཏུ་བྱེད་པའོ།། །།
རྒྱལ་རྣམས་ཐུགས་རྗེའི་སྤྱན་རས་དྲི་མ་མེད།།
གཟིགས་པ་ལྷུང་བའི་སྣོད་དུ་གདུལ་དཀའི་ཞིང་།།
འོས་པར་དགོངས་ནས་སྙིགས་དུས་སྐྱེས་མཆོག་རྣམས།།
སྟོབས་ཀྱི་རྒྱལ་པོའི་རྣམ་པར་སྤྲུལ་ཞེས་ཐོས།།
དེ་ཡང་ཤཱཀྱའི་བསྟན་པ་གསལ་ནུས་པའི།།
སྟོབས་ལྡན་ས་ཡི་བདག་པོ་སྣ་ཚོགས་གཟུགས།།
བྱང་ཕྱོགས་གངས་ཅན་ཤེལ་གྱི་མེ་ལོང་དུ།།
འཆར་ཞེས་ཐུབ་པས་བསྙོན་བྲལ་ལུང་དུ་བསྟན།།
ལྷ་ལྡན་ཡུལ་ཞེས་དགའ་བའི་སྐྱེད་མོས་ཚལ།།
མཛེས་བྱེད་པདྨོའི་གཙོ་(༤ན) བོ་མི་ཡི་ལྷས།།
ཕན་བདེའི་དཔལ་གྱི་འབྱུང་གནས་ཐུབ་བསྟན་མཚོ།།
ལྷག་བསམ་ཀེ་ཏ་ཀས་བགྲུངས་གསར་པ་བསྐྲུན།།
དེ་རྒྱས་བྱེད་པའི་རྒྱལ་པོ་འཇམ་པའི་དབྱངས།།
མི་ཡི་སྲིད་འཛིན་ཁྲི་སྲོང་ལྡེའུ་བཙན་ཞེས།།
སྙན་པར་གྲགས་པའི་གདུགས་དཀར་སྲིད་རྩེར་ཡང་།།
ལྡིང་བའི་གྲིབ་ལ་སྣུམ་པོས་ས་གཞི་ཁྱབ།།
སླད་ཀྱི་མངའ་བདག་དབང་ཕྱུག་ཁྲི་རལ་པ།།
འཐུག་པོར་འཁྱིལ་བའི་ནགས་སུ་བྷོ་ཊ་པའི།།
བདེ་སྐྱིད་ལྷ་ཡི་ཆུ་བོ་འཁོར་བའི་རླབས།།
དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ལྟར་ཟབ།།
དེ་སོགས་ཆ་ཤས་རེས་ཀྱང་སྲིད་པའི་ཁམས།།
དཀར་པོར་བགྱིས་པའི་རེ་ཁཱ་གསལ་འདིས་ན།།
མཁྱེན་བརྩེ་ནུས་སྟོབས་ལེགས་བྱས་དབང་ཕྱུག་གི །
རབ་འབྱམས་སྣང་བ་འགྱེད་ལ་སུ་ཡིས་བསྒྲུན།།
སྔོན་བྱུང་སངས་རྒྱས་སྨོན་ལམ་བསམ་མི་ཁྱབ།།
ཁྱད་འཕགས་རྒྱལ་པོའི་བསྟན་པ་ལྔ་བརྒྱ་པར།།
གཞོལ་ཚེ་ཡེ་ཤེས་སྟོབས་ཞེས་ས་སྐྱོང་བས།།
རྫོགས་ལྡན་གསར་པ་སྦྱིན་པའི་དགེ་མཚན་བཞིན།།
རྒྱལ་བསྟན་གསེར་གྱི་མཆོད་སྡོང་བླ་ན་མེད།།
སྙིགས་མ་ལྔ་བདོས་དྲི་མར་བྱས་འདི་སླར།།
སྟོབས་འབྱོར་རྣམ་དཔྱོད་གསལ་བའི་ཆུ་གཙང་གིས།།
བྱི་དོར་མཛད་ལ་བསམ་བཞིན་བྱོན་ཏམ་ཅི།།
དཔལ་ལྡན་གཉགས་ཀྱི་གདུང་རབས་དྲི་བྲལ་ཁམས།།
ཆོ་འབྲང་མཆོག་གི་མངལ་དུ་སྨིན་པ་དེ།།
གངས་ཅན་སྐྱེ་བོའི་བསོད་ནམས་(༤བ) གཟུགས་ཅན་བཞིན།།
ལེགས་པའི་སྐྱེ་མཆེད་གསལ་ཞིང་རྫོགས་པ་འཁྲུངས།།
མཚན་དཔེའི་དཔལ་གྱི་རྗེས་འགྲོ་སྐུའི་ལྷུན་པོ།།
གཟི་བྱིན་འོད་དུ་འབར་བས་ཟིལ་གནོན་པའི།།
ཉི་ཟླ་སྣང་བའི་པ་ཏྲ་ཅན་ཟུང་ཡང་།།
སྐྱེངས་ཏེ་ལྷ་ཡི་རྫིང་དུ་གབ་པ་སྙམ།།
དཔའ་བོའི་རིགས་འཁྲུངས་དཔའ་བོའི་ཁོ་ལག་རྫོགས།།
རྒྱུ་རྩལ་ཀུན་ལ་མཁས་པས་སྲེད་མེད་བུའི།།
འགྲན་ཟླར་འོས་དེ་རྒྱལ་པོ་རྒྱལ་རིགས་ཀྱི།།
སྤྱི་བོར་མངོན་དབང་བསྐུར་བའི་དགེ་མཚན་ཐོབ།།
མིག་སྨན་གོས་སུ་གྱོན་པའི་ཕྲ་མེན་མས།།
ངུར་པ་ཟུང་དུ་མི་གནས་དུས་སྤྲུལ་པ།།
འོད་ཕྲེང་སྤྲོ་བའི་རིན་ཆེན་རྣ་རྒྱན་གྱིས།།
ཉིན་མོའི་སྣང་བ་མཆོག་ལས་མཆོག་ཏུ་བསྒྱུར།།
ཏ་ཧུང་བེར་དང་ལེབ་རྒན་ལ་ཐོད་ཀྱི།།
མཚམས་སྤྲིན་འཐུག་པོས་འཁྱུད་ལ་རྗེས་ཆགས་པས།།
དབྱིག་གི་དོ་ཤལ་རིང་པོ་བརྒྱ་བྱིན་གྱི།།
གཞུ་འདྲས་ཁྱོད་སྐུའི་རི་བོ་མཆོག་ལ་འཁྲིལ།།
འཇིགས་བྲལ་སེང་གེས་བཏེག་པའི་ཁྲི་འཕང་ལ།།
རིན་ཆེན་མྱུ་གུ་བཀྲམ་པའི་སྟན་བཟང་པོ།།
རྣམ་པར་གནོན་པའི་སྟང་སྟབས་བསྒྱིངས་པ་འདིས།།
ཚངས་པའི་རྒྱལ་པོའི་དྲེགས་ལྡན་ཅིག་ཅར་བཅིལ།།
འཇམ་མགོན་ཐུགས་ལ་གནས་པས་བློ་གྲོས་རྒྱས།།
དབྱངས་ཅན་མགུལ་དུ་ཆགས་པས་སྨྲ་དབང་ཕྱུག །
རྒྱ་ཆེན་རིག་གནས་མཁྱེན་པའི་མཐུ་གྲུབ་པ།།
འདི་སྟེ་དགེ་བའི་དབང་པོ་སླར་བྱོན་ཏམ།།
ཕུན་ཚོགས་དཔལ་གྱི་འབྱོར་(༥ན) པ་རྒྱ་ཆེ་བར།།
གྲགས་པའི་མུ་ཁྱུད་ས་ལ་འཕོས་པ་ལྟའི།།
སྐབས་གསུམ་དཔལ་ལ་མི་ཡིས་ལོངས་སྤྱོད་པའི།།
ངོ་མཚར་ཕྲེང་བ་ས་གཞིའི་རྒྱན་དུ་ངོམ།།
རིན་ཆེན་ཅོད་པན་འོད་འཕྲོ་གདུགས་དཀར་གཡོ།།
ལྷུན་སྟུག་ཁྲིར་འཁོད་ནོར་བུའི་རྔ་ཡབ་གཡོབ།།
མཐིང་འོད་རལ་གྲིའི་ཕྱག་མཚན་འཛིན་པ་ཁྱོད།།
རྒྱལ་ཕྲན་ཀུན་གྱི་བླ་ན་བརྗིད་ཅིང་འགྱིངས།།
རྒྱལ་སྲིད་རིན་ཆེན་བདུན་དང་ཉེ་བ་བདུན།།
རྫས་ཀྱི་རིན་ཆེན་སྣ་བདུན་བསོད་ནམས་ལས།།
ལྷུན་གྱིས་གྲུབ་པའི་མཐུ་འདིས་ས་ཀུན་ལ།།
དབང་བསྒྱུར་ཆོས་ཀྱི་རྒྱལ་པོ་བསྔགས་པར་འོས།།
གཙང་དྭངས་ཟླ་ཤེལ་གསར་པའི་ཨཱ་དརྴར།།
བི་ཤྭའི་པིར་གྱིས་བྲིས་པའི་སྒྱུ་འཕྲུལ་གཟུགས།།
མཐོང་བའི་མིག་ལ་བདུད་རྩིའི་ཆར་འབེབས་ལྟའི།།
བཙུན་མོ་རིན་ཆེན་བདེ་སོགས་ལྷ་མོ་བཞིན།།
བསོད་ནམས་མཐུ་ལ་འགྲན་པ་ཚན་པོ་ཆེའི།།
སྟོབས་ལྡན་གྱད་ཀྱི་མྱུ་གུས་ལྷའི་བཞིན་མཚར།།
ཕྲོགས་པའི་ཐུབ་ཆོད་མཚུངས་ཟླ་མེད་སྟོན་མཁན།།
རྒྱལ་སྲས་ཡིད་ཀྱི་ཟླ་ཚེས་ཡིད་དུ་འོང་།།
ལྷ་ཡི་བླ་མའི་བློ་དང་ཁྱབ་འཇུག་གི །
དཔའ་རྟུལ་ཟུང་དུ་ལྡན་པའི་ཐབས་མཁས་ཀྱིས།།
བྱ་བ་དྲུག་ལ་འདྲིས་པས་རྒྱལ་པོའི་སྲིད།།
བླ་ནས་བླར་འདེགས་ནུས་པའི་བློན་པོ་ཆེ།།
རང་རང་རིགས་དང་མཐུན་པའི་ཟེའུ་ཁས།།
གཙུག་ཏོར་བརྒྱན་པའི་རྒྱལ་ཕྲན་སའི་(༥བ) ཐིག་ལེ།།
རྣམ་མང་ལྷ་ཡི་འབྱོར་པས་དཔྱིད་འཇོ་བ།།
ཇི་སྙེད་ཉེ་བའི་དབང་པོའི་བརྟུལ་ཞུགས་འཛིན།།
བཞིན་མཛེས་པདྨའི་འདབ་བརྒྱ་གྲོལ་བའི་མདངས།།
རྣ་རྒྱན་ནོར་བུའི་འོད་དང་འདྲེས་པ་དེས།།
སྣ་ཚོགས་གོས་ཀྱི་གཞའ་རིས་ལ་འཁུ་བའི།།
དྲུང་འཁོར་ལྷ་ཡི་སྤུན་ཚོགས་གྲངས་སུ་མང་།།
ཤེས་པ་རབ་ལྡན་བློ་ཡི་མཛའ་ན་མོ།།
རིག་གནས་སྨྲ་བའི་དབང་མོས་རྗེས་བཟུང་བས།།
རྣམ་མང་ལུགས་ཀྱི་རྗེས་འགྲོ་ཐོགས་མེད་དུ།།
འདོན་འདྲི་འཛིན་མཁས་མདུན་ན་འདོན་ལ་སྤ།།
ཡན་ལག་བཞི་ལྡན་སྨན་པ་རྒྱལ་པོ་ལ།།
འོས་ཤིང་ཉེར་མཁོ་གཞན་ཕན་ངང་ཚུལ་གྱིས།།
ནད་སེལ་སྨན་གྱི་ཆོ་ག་དར་དྲག་པ།།
བླ་ཡི་སྨན་པ་ཆེན་པོ་སྐྱེ་དགུའི་གཉེན།།
གཟའ་སྐར་སྦྱོར་བྱེད་ཚེས་ཀྱི་རི་མོ་མཁན།།
བཟང་ངན་ལྟས་ཀྱི་མེལ་ཚེས་འཇིག་རྟེན་ལ།།
བླང་དོར་ལུང་དུ་སྟོན་མཁས་བླའི་རྩིས་པ།།
སྲིད་གྲུབ་ཟློས་པའི་གར་མཁན་མཆོག་ཏུ་གྲུབ།།
གསོལ་གཟིམས་མཆོད་གསུམ་དཔའ་སྒེག་འཇིགས་རུང་ཉམས།།
མཇལ་ཡིག་མཛོད་གསུམ་རྒོད་གཤེ་རྔམ་བག་ངོམ།།
ཐབ་འདྲེན་གདན་གསུམ་སྙིང་རྗེ་ཞི་ངོ་མཚར།།
མཛོ་རྟ་དྲེའུ་ཁྱི་ལས་ཚན་བཅུ་དང་གསུམ།།
སྐྱེས་བུ་དུ་མའི་ཐུ་བོ་བཀྲབས་པའི་མི།།
དཔའ་བརྟུལ་སྙིང་སྟོབས་ཆེན་པོས་སྲེད་མེད་བུའི།།
ཁེངས་པ་ཐུང་ངུར་བྱེད་རྣམས་འཕོང་རྐྱེན་པས།།
རྒྱལ་(༦ན) པོའི་ཞོ་ཤས་འཚོ་བ་གྲངས་མཐའ་ཡས།།
ཡུལ་གྲུའི་མནའ་བོ་ཁྲོམ་གྱི་རུ་ས་དང་།།
བཟོ་རིགས་བཅོ་བརྒྱད་རྣམ་བཀྲའི་རི་མོ་འབུམ།།
དཔྱོད་ལྡན་ཡིད་ཀྱི་ངོས་ལ་ལེགས་བྲིས་པའི།།
སྔོན་མེད་ཡ་མཚན་ཚར་དུ་དངར་ལ་ལྟོས།།
འཆི་མེད་དབང་པོའི་བཞོན་པ་མཁའི་གླང་ཆེན།།
བདུད་རྩིའི་ཁུར་ལྕིས་ནོན་ལས་རྔུལ་ཐིགས་ཆར།།
དུས་སུ་བབས་པས་ནོར་འཛིན་དཔལ་མོའི་ལུས།།
ཕུན་ཚོགས་འབྲུ་བཅུད་རྒྱན་གྱིས་ལེགས་པར་སྤུད།།
རྣམ་མང་རིན་ཆེན་གོས་རྒྱན་བཟའ་བཏུང་སོགས།།
སྲིད་འདིར་ངེས་པར་སྲིད་པའི་དཔལ་ཐམས་ཅད།།
སྟོབས་ཀྱི་རྒྱལ་པོའི་མཐུ་ལས་མདུན་ས་འདིར།།
མ་བོས་པར་འདུས་རང་དབང་ལོངས་སུ་སྤྱོོད།།
རབ་སྨིན་མྱོས་བྱེད་རྣམ་པ་བརྒྱད་ཀྱི་ཆང་།།
རབ་མངས་འཐུངས་པའི་དཔའ་བོ་བརྟུལ་ཞུགས་ཅན།།
རབ་འབར་མཚོན་ཆ་བསྲེལ་རྣམས་སྒྱུ་རྩལ་གྱིས།།
རབ་ཏུ་སྙེམས་པའི་རྩེད་འཇོ་ཉམས་སུ་བསྟར།།
རལ་གྲིས་འཐབ་དང་ལྕགས་ཀྱོས་སྒྱུར་བའི་ཐབས།།
གནས་ལྔའི་གནས་ལ་བྱང་བའི་སྐྱེས་ཕྲན་རྣམས།།
ལང་ཚོ་གསར་པས་བག་མའི་དགའ་སྟོན་ལ།།
པད་མཚོར་ངང་མོ་འདུ་བ་བཞིན་དུ་སྤྲོ།།
མཐོ་རིས་གྲོང་ཁྱེར་ས་ལ་འཕོས་པའི་ཤུལ།།
བསྙོགས་ནས་ལྷ་ཡི་བུ་མོ་ལུས་ཕྲ་མ།།
ལང་ཚོས་ཁེངས་རྣམས་མི་ཡི་འཇིག་རྟེན་འདིར།།
ཡིད་སྲུབ་ཆོ་ག་རྫོགས་པའི་སྣོད་དུ་(༦བ) འོངས།།
ཡོངས་རྫོགས་བཞིན་གྱི་དཀྱིལ་འཁོར་གསལ་མཐོང་བས།།
ཐུབ་པ་རྣམས་ཀྱང་བསམ་གཏན་ལས་སློང་ན།།
མདའ་ལྔའི་དབང་གྱུར་སྐྱེ་བོ་ལྟ་ཅི་ཞེས།།
ཆ་ཙམ་སྒྲིབ་ཕྱིར་མུ་ཏིག་འཁོར་ལོས་མཛེས།།
དཔལ་གྱི་འབྲས་བུ་སྨིན་འདྲའི་ནུ་རྒྱས་ཟུང་།།
རང་བཞིན་ཉིད་ཀྱིས་གཞན་ཡིད་འཛིན་བཟོད་ན།།
རིན་ཆེན་དོ་ཤལ་གོས་ཀྱིས་ལང་ཚོའི་མདངས།།
སྒྲིབ་འདི་ཅི་ཞེས་གཉིས་སྐྱེས་གཏམ་དུ་གླེང་།།
མཐིང་འོད་ཨུཏྤལ་འདབ་འདྲའི་ཟུར་མིག་མདའ།།
སྨིན་ལེགས་གཞུ་ལས་དྲངས་འདི་གར་བསྣུན་པ།།
དེ་ནི་ལུས་མེད་ལུས་ཀྱི་རྣམ་འཕྲུལ་གྱིས།།
འདོད་པའི་མུན་སྟུགས་ནགས་སུ་འཕེན་པར་ཟད།།
དྲན་པའི་སྙེ་མས་བསྒྱུར་བའི་གར་གྱི་རོས།།
མཚམས་སྦྱར་དགའ་བའི་དགའ་སྟོན་ལ་གཞོལ་མཐར།།
ལེགས་བྱས་ལྟོ་བར་སྨིན་པའི་མངལ་མཚོ་ལས།།
ཟླ་ཚེས་བཞིན་དུ་ཁྱེའུ་བཙས་ཤིང་འཕེལ།།
ཉེར་འཚེའི་གདུང་བ་ཀུན་ལས་རྣམ་གྲོལ་ཞེས།།
གཏམ་སྙན་ཕྱོགས་ཀྱི་མགྲོན་ལ་འཆད་པ་བཞིན།།
ག་མ་ཀས་བཅིངས་གླུ་ཡི་འགྱུར་མང་པོས།།
རྣ་བ་བདུད་རྩིས་འགེངས་འདི་བསྐལ་པ་བཟང་།།
བདེ་སྐྱིད་དགའ་སྤྲོ་ལེགས་པའི་དཔལ།།
དཔལ་ལྡན་ས་དབང་མཆོག་གི་འཕྲུལ།།
འཕྲུལ་དགའི་ལྷ་བཞིན་འབད་མེད་དུ།།
དུ་མའི་ཕུན་ཚོགས་འདི་ངོ་མཚར།།
སྡེ་བཞི་འབྲས་བུར་སྨིན་པའི་སྡེས།།
(༧ན) རབ་དུད་ཡོངས་འདུའི་ཤིང་གི་རབ།།
དཔལ་གྱི་འབྱུང་ཁུངས་དམ་པའི་དཔལ།།
མཐོ་རིས་གཉིས་པ་ས་འདིར་མཐོ།།
ཞེས་བྱ་བ་ནི་ཕྱོགས་ལས་རྣམ་པར་རྒྱལ་བའི་གཏམ་གཞོམ་མེད་ནཱ་དའི་རྔ་དབྱངས་ལས་བར་དུ་དགེ་བའི་རབ་ཏུ་བྱེད་པའོ།། །།
རྟོགས་བརྗོད་རྩོམ་ཡག་པོ་ཞིག་འདུག བཀའ་དྲིན་ཆེ།
ཀར་བསྟན་སྐྱོང་བའི་གངས་ཅན་གཙང་པའི་ཕོ་རྒོད་རེད།
ཕྱི་ཡི་དགྲ་བོ་ནང་དུ་འདྲེན་ཏེ་ནང་གི་བུ་བརྒྱུད་ཐམས་ཅད་ཚར་བཅད་དེ་གཞུང་བཙུགས་པ་དགའ་ལྡན་ཕོ་བྲང་པ་ལྟ་བུ་མ་ཡིན་པར། ནང་གི་བུ་བརྒྱུད་ལ་གོ་བཀོན་ཀླད་པ་དཀྲུགས་ཏེ་ཤེས་ལྗོན་གཉིས་ལྡན་གྱིས་བོད་ཆོས་ལྡན་གྱི་ཞིང་དུ་དཀར་འབྱམས་ཡུག་གཅིག་གིས་གཞུང་འཛུགས་པོ་ཁོང་ནི་འཕགས་ཡུལ་གྱི་ཆོས་རྒྱལ་ཆེན་པོ་ཨ་ཤོ་ཀ་གཉིས་པ་ལྟ་བུ་ལགས་པས། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་སྐྱེ་དང་ཚེ་རབས་ཀུན་ཏུ་ཡིད་ལམ་དུ་འཇོག་དགོས་པ་གལ་ཆེའོ།